བཅིངས་འགྲོལ་དམག་ཐའེ་ཝན་གླིང་ཕྲན་ལ་ཉེ་བར་བཅར་ནས་ལྟ་ཞིབ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-08



     ཟླ་8པའི་ཚེས་5ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས་འཆར་གཞི་ལྟར་ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་དང་། ལྷོ་ནུབ། ཤར་རྒྱུད་ཀྱི་མཚོ་ཐོག་དང་མཁའ་དབྱིངས་བཅས་སུ་དངོས་འཐབ་ཅན་གྱི་མཉམ་འབྲེལ་དམག་སྦྱོང་མུ་མཐུད་བྱས་ཏེ་འཐབ་ཁུལ་གྱི་དཔུང་སྡེའི་མཉམ་འབྲེལ་དམག་འཐབ་ནུས་པར་ཞིབ་བཤེར་དང་དམག་འཐབ་ནུས་པ་ཆེ་རུ་བཏང་།

     ཤར་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་སྲུང་སྐྱེལ་དམག་གྲུ་10ལྷག་ཙམ་གྱིས་ཐའེ་ཝན་གླིང་ཕྲན་གྱི་ཉེ་འཁོར་མཚོ་ཁོངས་སུ་མཉམ་འབྲེལ་ཐོག་བཀག་སྡོམ་ཚོད་འཛིན་བྱས་ནས་ཉིན་མཚན་བསྟུད་མར་སྐམ་སར་རྡུང་རྡེག་གཏོང་བ་དང་། ཕྱོགས་བསྡུས་རྒོལ་འགོག མཉམ་འབྲེལ་ཆུར་འཛུལ་སོགས་དངོས་འཐབ་ཅན་གྱི་དངོས་སྦྱོང་སྒྲིག་འཛུགས་བྱས་ནས་དམག་གྲུའི་དམག་འཐབ་ནུས་པ་གཙོ་བོ་ཆེ་རུ་བཏང་། འཕུར་མདའ་སྲུང་སྐྱེལ་དམག་གྲུ་དང་། འཕུར་མདའ་འདྲེན་གྲུ། འཕྲུལ་སྒུལ་དང་མཚོ་འགྲམ་གྱི་མེ་ཤུགས་འཕུར་མདའི་སྡེ་ཚན་མང་པོ་བཅས་ཀྱིས་མཚོ་ཐོག་གི་དམིགས་འབེན་གལ་ཆེན་ལ་མདེལ་ཤུགས་ཀྱིས་རྗེས་འདེད་བྱས་ནས་ཚོད་བགམ་འཕྲལ་རྒོལ་བྱེད་སྒོ་སྤེལ།

 



ཟླ་8པའི་ཚེས་5ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གིས་ཐའེ་ཝན་གླིང་ཕྲན་གྱི་ཉེ་འཁོར་མཚོ་ཁོངས་སུ་མུ་མཐུད་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་ཡོད། འདི་ནི་དམག་གྲུ་ཞིག་གི་དམག་དཔོན་གྱིས་རྒྱང་གཟིགས་ལྟ་ཞིབ་བྱེད་བཞིན་ཡོད་པའི་རྣམ་པ་རེད། 



 

ཟླ་8པའི་ཚེས་5ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གིས་ཐའེ་ཝན་གླིང་ཕྲན་གྱི་ཉེ་འཁོར་མཚོ་ཁོངས་སུ་མུ་མཐུད་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་ཡོད། འདི་ནི་ང་ཚོའི་དམག་གྲུ་ནས་བླངས་པའི་ཐའེ་ཝན་དམག་གྲུའི་ཉེ་འཁོར་གྱི་རྣམ་པ་རེད།


     ཤར་རྒྱུད་འཐབ་ཁུལ་གྱི་མཁའ་དམག་མང་པོ་ཞིག་གིས་རྒོལ་འཇོམས་གནམ་གྲུ་དང་། མདེལ་དབྱུག་གནམ་གྲུ། ཉེན་ཟོན་སྔོན་ཟོན་གནམ་གྲུ། གློག་རྡུལ་མྱུལ་ཞིབ་གནམ་གྲུ་སོགས་དམག་འཐབ་གནམ་གྲུ་སྣ་མང་ཐའེ་ཝན་གླིང་ཕྲན་གྱི་མཐའ་འཁོར་དུ་བསྐྱོད་དེ་མྱུལ་ཞིབ་དང་ཉེན་ཟོན་ཉེན་བརྡ་གཏོང་བ་དང་། མཁའ་དབྱིངས་སུ་དམག་འཐབ་བྱེད་པ། རོགས་སྐྱོར་འགེབས་སྲུང་བྱེད་པ། མཁའ་དབྱིངས་སུ་རྡུང་རྡེག་གཏོང་བ་སོགས་དངོས་འཐབ་ཅན་གྱི་དམག་སྦྱོང་གི་ལས་འགན་བསྒྲུབས་ཡོད། ཤར་རྒྱུད་དམག་ཁུལ་གྱི་སྐམ་དམག་གི་རྒྱང་རིང་མེ་ཤུགས་དང་། མེ་ཤུགས་འཕུར་མདའི་དམག་དཔུང་གི་རྒྱུན་ལྡན་འཕུར་མདེལ་ལས་འགན་རུ་ཁག་མུ་མཐུད་དུ་དམག་གྲབས་ཀྱི་རྣམ་པར་གནས་པ་དང་། ལས་འགན་ཁག་གི་དཔུང་སྡེས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱས་ནས་ཐོལ་བྱུང་གནས་ཚུལ་མཐའ་དག་ལ་དུས་དང་རྣམ་པ་ཀུན་ཏུ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1