སང་ལོར་རང་རྒྱལ་ཉིད་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་སུ་སླེབས་རྒྱུ་ཡིན་ཞིང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་འགོ་རྩོམ་རྒྱུ་ཡིན་པ་རེད། ལོ་རྒྱུས་ཀྱི་འདྲེས་མཚམས་གལ་ཆེན་འདིར་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་འཚོགས་པ་ནི་གོ་སྐབས་འགངས་ཆེ་ལ་དོན་སྙིང་གལ་ཆེན་ལྡན། ཐེངས་འདིར་ངས་རང་འགུལ་གྱིས་གཏམ་བཤད་རྒྱུའི་རེ་འདུན་བཏོན་པ་ཡིན་ལ། དམིགས་ཡུལ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་བརྡ་རྟགས་གསལ་པོ་ཞིག་སྟོན་རྒྱུ་སྟེ། “ཞིང་གསུམ་”ལས་དོན་ནི་འཐབ་ལམ་གསར་པའི་ཐོག་སྔར་བཞིན་ཧ་ཅང་གལ་ཆེ་ཞིང་། སྐད་ཅིག་ཙམ་ལའང་ལྷོད་གཡེང་གཏོང་མི་རུང་བར། ངེས་པར་དུ་དམ་འཛིན་དང་ནན་འཛིན་བྱེད་དགོས། གཤམ་དུ་ངས་བསམ་འཆར་འགའ་བརྗོད་རྒྱུ་ཡིན།
གཅིག། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་“ཞིང་གསུམ་”ལས་དོན་དམ་པ་དོན་གཉེར་གྱིས་ལེགས་པོར་བསྒྲུབ་དགོས།
ངས་རྟག་པར་བཤད་རྒྱུ་སྟེ། འགོ་ཁྲིད་ལས་བྱེད་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་བསམ་བློ་གཏོང་དགོས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་སྒོ་དང་། དབུལ་བྲལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་བའི་གནས་བབ་འོག་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་ཛ་དྲག་ཏུ་བཏང་བའི་དམིགས་བསལ་གྱི་དུས་སྐབས་སུ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་ནི་ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་འགངས་ཆེན་ཞིག་རེད།
——ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་བལྟས་ཚེ། མི་རིགས་ངེས་པར་དུ་བསྐྱར་དར་དང་། གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས། རང་རྒྱལ་འདི་ཉིད་གནའ་སྔ་མོ་ནས་བཟུང་ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་རྩ་བ་ཚུགས་པ་དང་། ལོ་རྒྱུས་ཡུན་རིང་དང་འོད་ཟེར་རབ་ཏུ་འཕྲོ་བའི་སོ་ནམ་ཤེས་དཔལ་གསར་དུ་བསྐྲུན་ནས་དུས་ཡུན་རིང་པོར་འཛམ་གླིང་གི་སྔོན་གྲལ་དུ་ཚུད་ཡོད། རྒྱལ་རབས་རིམ་བྱུང་ལ་ཅི་དགར་བལྟས་ཚེ། ཞིང་ལས་དར་རྒྱས་དང་ཞིང་པ་ཞོད་འཇགས་ཡིན་ན། གཞི་ནས་རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་བརླིང་ཡོང་ཐུབ། ཞིང་ལས་ཉམས་རྒུད་དང་ཞིང་པ་བརྟན་པོ་མིན་ན། རྒྱལ་ཁབ་ཁ་ཐོར་དང་སྤྱི་ཚོགས་ཟིང་ཆ་ཆེ། ཉེ་རབས་སུ་སླེབས་པ་ན་བཙན་དབང་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱས་པ་དང་། ནང་རྩོད་ཕྱི་འཁྲུག་གི་རྐྱེན་གྱིས་གྲོང་གསེབ་ལུང་སྟོང་དུ་གྱུར་པ་དང་། མི་དམངས་འཚོ་ཐབས་བྲལ་བར་གྱུར། ང་ཚོའི་ཏང་དབུ་བརྙེས་རྗེས། ཀྲུང་གོའི་གསར་བརྗེའི་རྩ་བའི་གནད་དོན་ནི་ཞིང་པའི་གནད་དོན་ཡིན་པ་སྒོ་ཀུན་ནས་ངོས་འཛིན་བྱུང་ཞིང་། རྒྱ་ཆེའི་ཞིང་པར་བདེ་སྐྱིད་དོན་གཉེར་བྱ་རྒྱུ་དེ་འགན་འཁྲི་གལ་ཆེན་དུ་བརྩིས་པ་དང་། ཞིང་པ་རྣམས་ཆབ་སྲིད་ཀྱི་གཉའ་གནོན་དང་དཔལ་འབྱོར་གྱི་བཤུ་གཞོག་འོག་ནས་བཅིངས་འགྲོལ་གཏོང་རྒྱུར་གཞོལ་བ་རེད། དེ་སྔ་གསར་བརྗེ་ཆེན་པོའི་དུས་སྐབས་སུ་བློ་མཐུན་མའོ་ཙེ་ཏུང་གིས་བསྟན་དོན། “ཞིང་པ་ནི་ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་ཆེས་རྒྱ་ཆེ་ཞིང་ཆེས་བློ་དཀར་བའི་མནའ་མཐུན་དམག་དཔུང་ཡིན་”ཞེས་པ་དང་། “ཞིང་པའི་གནད་དོན་ནི་སྔར་བཞིན་རྒྱལ་དམངས་གསར་བརྗེའི་སྲོག་ཤིང་གི་གནད་དོན་ཡིན།” 1936ལོར། ཁོང་གིས་ཡན་ཨན་དུ་ཨ་མེ་རི་ཁའི་རྩོམ་པ་པོ་སི་ནུའོ་དང་མཇལ་འཕྲད་གནང་སྐབས་གསུང་རྒྱུར། “སུ་ཡིས་ཞིང་པའི་ཡིད་ཆེས་ཐོབ་ན། དེ་ཡིས་ཀྲུང་གོ་ཐོབ་པ་ཡིན་ལ། སུ་ཡིས་ས་ཞིང་གི་གནད་དོན་ཐག་གཅོད་བྱས་ན། དེ་ཡིས་ཞིང་པའི་ཡིད་ཆེས་ཐོབ་པ་ཡིན།” དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་ཞིང་པ་རྣམས་ཁྲིད་དེ་ཡུལ་གྱི་གཤེད་མ་གཏོར་ཞིང་ས་ཞིང་བགོས་བ་དང་། དཀའ་སྤྱད་ཚད་མེད་ཀྱི་དྲག་པོའི་འཐབ་རྩོད་བརྒྱུད་ནས་ཞིང་པ་དུང་ཕྱུར་ཁྲི་ཕྲག་ཡར་ལངས་ནས་བཅིངས་འགྲོལ་ཐོབ་པ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་ཞིང་པ་རྩ་འཛུགས་བྱས་ནས་རི་ཀླུང་བསྐྱར་གསོ་དང་ཐོན་སྐྱེད་འཕེལ་རྒྱས་བཏང་ཞིང་དཀའ་སྤྱད་ཀྱིས་འཚོལ་ཞིབ་བྱས། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ང་ཚོའི་ཏང་གིས་ཞིང་པའི་འགོ་ཁྲིད་ནས་སྔོན་ལ་སྒྱུར་བཅོས་སྒོ་འབྱེད་ཀྱི་འགོ་བརྩམས་པ་དང་། ཞིང་སྡེ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ཞིང་། ཞིང་སྡེ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བས། ལྟོ་གོས་མི་འདང་བ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་“ཞིང་གསུམ་”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ལས་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་རྒྱུན་འཁྱོངས་བྱས་ཤིང་། དབུལ་བྲལ་འགག་སྒྲོལ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭར་བརྩིས་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་སྔར་ན་མེད་པ་དང་། ཤུགས་ཚད་ཆེས་ཆེ་བ། ཕན་ཁེ་ཐོབ་པའི་མི་འབོར་ཆེས་མང་བ་བཅས་ཀྱི་དབུལ་བྲལ་འགག་སྒྲོལ་དམག་འཐབ་རྩ་འཛུགས་བྱེད་པར་སྐུལ་འདེད་བཏང་ཞིང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འགོ་བརྩམས་ནས་ལག་བསྟར་བྱས་པ་དང་། ཞིང་ལས་དང་ཞིང་སྡེར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་འཕེལ་རིམ་ཆེན་པོ་ཞིག་ཏུ་སླེབས་པ་དང་། འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་ངོ་6ལ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་བརྟན་འཇགས་བྱུང་ཡོད། ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་2010ལོ་དང་བསྡུར་ན་ལྡབ་གཅིག་འཕར་བ་ལས་མང་ཞིང་། ཞིང་སྡེའི་དམངས་འཚོ་མངོན་གསལ་གྱིས་ལེགས་སུ་ཕྱིན་པ་དང་། གྲོང་གསེབ་ཀྱི་རྣམ་པ་གསར་པ་གསར་རྐྱང་དུ་གྱུར་པ་རེད། དབུལ་ཕོངས་ས་ཁུལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ལོ་ངོ་སྟོང་ཕྲག་ལྷག་ལ་མགོ་ན་བའི་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པར་བྱས་རྗེས་གལ་ཆེན་བཞག་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་གཏོད་པར་རྨང་གཞི་བརྟན་པོ་བཏིང་། གྲུབ་འབྲས་འདི་དག་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ཏེ། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་ཡོད་པ་རེད།
“ཞིང་ལས་ནི་གནམ་འོག་གི་གཞི་མ་ཡིན་ལ། དེ་ལས་གལ་ཆེ་བའི་དོན་ནི་མ་མཆིས་སོ། །” “ཞིང་ལས་གནད་དུ་འཛིན་པ་ནི་རྒྱལ་ཁབ་ཀྱི་རྩ་གནད་ཡིན།” ལོ་རྒྱུས་དང་དོན་དངོས་ཚང་མས་ང་ཚོར་བསྟན་དོན། ཞིང་ལས་ནི་རྒྱལ་ཁབ་ཀྱི་རྟེན་གཞི་ཡིན་ལ། རྩ་བ་བརྟན་ན་གཞི་ནས་རྒྱལ་ཁབ་བདེ། ང་ཚོས་ལོ་རྒྱུས་ཆེན་མོའི་ལྟ་བས་ཞིང་ལས་དང་། ཞིང་སྡེ། ཞིང་པའི་གནད་དོན་བཅས་ལ་རྩིས་མཐོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། “ཞིང་གསུམ་”གནད་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས་ན་གཞི་ནས་ང་ཚོའི་ཏང་འདི་དང་། རྒྱལ་ཁབ་འདི། མི་རིགས་འདི་བཅས་ལ་རྒྱུས་ལོན་སྔར་ལས་ལེགས་པོ་བྱེད་ཐུབ། ངེས་པར་དུ་མཐོང་དགོས་པ་ཞིག་ནི། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཆེས་དཀའ་ཚེགས་ཆེ་བ་དང་ཆེས་ལྗིད་རྫོབ་ཆེ་བའི་ལས་འགན་ནི་སྔར་བཞིན་ཞིང་སྡེ་རུ་ཡོད་ལ། ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་རྨང་གཞི་ནི་སྔར་བཞིན་ཞིང་སྡེ་རུ་གནས་ཡོད།
ང་ཚོའི་“ཞིང་གསུམ་”ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་རུང་། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་དང་ས་ཁོངས་བར་གྱི་འཕེལ་རྒྱས་དང་སྡོད་དམངས་ཀྱི་ཡོང་འབབ་ཧེ་བག་སྔར་བཞིན་ཅུང་ཆེ་ཞིང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དོ་མི་མཉམ་པ་དང་ཞིང་སྡེ་འཕེལ་རྒྱས་གང་ལེགས་མ་བྱུང་བ་ནི་སྔར་བཞིན་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་གཅིག་བསྡུས་ཀྱི་མཚོན་ཚུལ་ཡིན། དེ་ཡང་ད་ལྟ་ནས་2035ལོའི་བར་ཏེ། ལོ་ལྔའི་འཆར་འགོད་ཀྱི་དུས་སྐབས་3ཡི་རིང་ལ་དམ་འཛིན་བྱེད་དགོས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ནས་2035ལོའི་བར་དང་། དུས་རབས་འདིའི་དུས་དཀྱིལ་གྱི་དམིགས་འབེན་ལས་འགན་ལ་ཚན་རིག་དང་མཐུན་པར་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གོ་དོན་གྱི་ཁྱབ་བྱ་དང་ཁྱབ་བྱེད་གསལ་པོར་རྟོགས་པར་བྱས་ནས་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ཚན་རིག་དང་མཐུན་པར་འདོན་དགོས། མིག་སྔར། ཐོག་མར་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་འཆར་འགོད་གཏན་འབེབས་ཡག་པོ་བྱེད་དགོས།
——འཛམ་གླིང་ཐོག་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ལས་བལྟས་ན། ཞིང་ལས་ཀྱི་གཞི་རྩའི་ཁྱོན་ཆེན་བརྟན་བརླིང་དང་། “ཞིང་གསུམ་”རྨང་གཞི་ཡག་པོ་སྲུང་བ་ནི་འཕོ་འགྱུར་ལ་ཁ་གཏད་འཇལ་བ་དང་རྣམ་པ་གསར་པ་གཏོད་པའི་“གྲུ་གནོན་རྡོ་”ཡིན། མི་འབོར་དུང་ཕྱུར་14ཡོད་པའི་ང་ཚོའི་རྒྱལ་ཁབ་ཆེན་པོ་འདི་ལྟ་བུར་མཚོན་ནས་བཤད་ན། “ཞིང་གསུམ་”ལེགས་ཕྱོགས་སུ་འཕེལ་ན་ཁྱོན་ཡོངས་ལ་རང་དབང་ཡོད། མིག་སྔར། རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་བ་དང་། བརྟན་པོ་མིན་པ་དང་གཏན་འཁེལ་མིན་པའི་རང་བཞིན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་ལྡོག་རྒྱུན་བྱུང་ཞིང་། འཛམ་གླིང་ཉིད་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་སུ་སླེབས། དེར་ང་ཚོར་ངོས་འཛིན་ཟབ་མོ་ཡོད་དགོས་པ་དང་། རྒྱུན་སྲིང་དམག་འཁྲུག་རྒྱག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས།
རང་ཉིད་ཀྱི་དོན་དག་ཡག་པོ་བསྒྲུབ་དགོས་པ་ངས་ཡང་དང་བསྐྱར་དུ་ནན་བཤད་བྱེད་བཞིན་ཡོད་ལ། དེའི་ནང་ཧ་ཅང་གལ་ཆེ་བའི་ལས་འགན་ཞིག་ནི་ཐོག་མཐའ་བར་གསུམ་དུ་རང་ངོས་ནས་ཞིང་ལས་ཐོན་སྐྱེད་དམ་འཛིན་ལ་གཞི་འཛུགས་པ་དང་། རྒྱལ་ནང་གི་ཐོན་སྐྱེད་བརྟན་པོ་དང་འདོན་སྤྲོད་འགན་སྲུང་གི་གཏན་འཁེལ་རང་བཞིན་གྱིས་ཕྱིའི་ཁོར་ཡུག་གི་གཏན་འཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས་པ་དེ་ཡིན།
ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་ཞིང་ལས་ཀྱི་ཕྱོགས་འདི་བརྟན་པོ་བྱེད་དགོས་པ་མ་ཟད། ཞིང་སྡེའི་ཕྱོགས་འདི་ཡང་བརྟན་པོ་ཡོང་བ་བྱེད་དགོས། དཔལ་འབྱོར་ལ་གཡོ་འགུལ་བྱུང་ཙ་ན་ཆེས་ཐོག་མར་ཤུགས་རྐྱེན་ཐེབས་པ་ནི་གླ་རྒྱག་ཞིང་པ་ཡིན། 2008ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གློ་བུར་དུ་བྱུང་བས་གླ་རྒྱག་ཞིང་པ་ཁྲི་2000ལྷག་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་། ད་ལོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་དང་རྒྱལ་སྤྱིའི་དཔལ་འབྱོར་མར་ཆག་པའི་ཤུགས་རྐྱེན་ཐེབས་པས་བར་སྐབས་ཤིག་ལ་གླ་རྒྱག་ཞིང་པ་ཁྲི་3000ལྷག་ཕ་ཡུལ་དུ་ལུས་པ་དང་ཕ་ཡུལ་ལ་ལོག་པ་རེད། གནས་ཚུལ་འདིའི་འདྲའི་འོག་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་མཐའ་འཁྱོངས་ཐུབ་ཅིང་། ཟིང་ཆ་མ་བྱུང་བའི་འགག་རྩ་ནི་ཞིང་པར་ཕ་ཡུལ་དུ་ད་དུང་ས་ཞིང་དང་ཁང་པ་ཡོད་ལ། ཕྱིར་ལོག་ན་ཞིང་འདེབས་རྒྱུ་དང་། ཟ་མ་ཟ་རྒྱུ། ལས་ཀ་བསྒྲུབ་རྒྱུ་བཅས་ཡོད་པས། ཕྱིར་ལོག་མ་ཐུབ་ནའང་བློ་བདེ་བའི་དབང་གིས་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་དུས་ཡུན་རིང་པོའི་གོ་རིམ་ཞིག་ཡིན་པས། ཞིང་པ་ཉིད་གྲོང་ཁྱེར་དུ་ཡོངས་སུ་གཞིས་མ་ཆགས་གོང་ཁོ་ཚོའི་ཞིང་སྡེའི་གཞུག་ལམ་བྲེལ་འཚུབ་ཀྱིས་གཅོད་མི་རུང་ཞིང་། ཞིང་པ་ཉིད་གྲོང་ཁྱེར་དང་གྲོང་གསེབ་བར་མདུན་སྐྱོད་བྱེད་ཆོག་ལ་ཕྱིར་ལོག་ཀྱང་ཆོག་པར་བྱེད་དགོས། འདི་ནི་ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འགྲོ་ལམ་གྱི་ཁྱད་ཆོས་ཡིན་ལ། ང་ཚོས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་བསམ་བློ་གཏོང་ས་དང་དམིགས་བསལ་གྱི་དགེ་མཚན་ཡིན།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་ནི་ང་ཚོས་འཛམ་གླིང་གི་འཕོ་འགྱུར་ཆེན་པོར་ཁ་གཏད་འཇལ་བའི་འཐབ་ཇུས་ཀྱི་ཐབས་བཀོད་ཡིན་པ་མ་ཟད། ང་ཚོས་རྒྱལ་ནང་གི་འཕེལ་རྒྱས་དུས་རིམ་གྱི་འགྱུར་ལྡོག་དང་བསྟུན་པ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པའི་སྔོན་ཇུས་ཡིན། འཐབ་ཇུས་ཀྱི་གཞི་རྩ་དེ་ནང་མཁོ་རྒྱ་སྐྱེད་པའི་ཐོག་འཇོག་པ་དང་། ཞིང་སྡེར་བར་སྟོང་རྒྱ་ཆེར་ལྡན་ལ། མདུན་ལམ་ཆེན་པོ་ལྡན། ཞིང་པ་དུང་ཕྱུར་ཁ་ཤས་དུས་མཉམ་དུ་ཕྱོགས་ཡོངས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པ་དེས་འཛད་སྤྱོད་དང་དངུལ་འཇོག་གི་དགོས་མཁོ་འབོར་ཆེན་གྲོལ་གཏོང་བྱས་ཐུབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་རེས་འཁོར་ནི་རྒྱལ་ནང་གི་རེས་འཁོར་ཆེན་པོའི་ཉེར་མཁོའི་བརྗོད་གཞི་ཡིན་པ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་ཟུང་གི་བསྡུར་ཚད་འབྲེལ་བ་སྐྱོན་བྲལ་ཡོང་བར་འགན་ལེན་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཡིན།
ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་“ཞིང་གསུམ་”ལས་དོན་ཡག་པོར་བསྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། “ཞིང་གསུམ་”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ལས་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྤྱད་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་སྤུས་མཐོ་ནུས་མཐོ་དང་། གྲོང་གསེབ་གནས་འཕྲོད་ལས་འཚམ། ཞིང་པ་འབྱོར་ཕྱུག་འབྱོར་ལྡན་བཅས་ཡོང་བར་སྐུལ་སྤེལ་གཏོང་དགོས།
གཉིས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།
ལོ་ངོ་བཅུ་ཕྲག་ལྷག་དང་ལྷག་པར་དུ་ཉེ་བའི་ལོ་ངོ་8ཡི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་དུས་བཀག་ལྟར་དབུལ་བྲལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས། ལས་རིགས་ཁག་དང་ལྷག་པར་དུ་དབུལ་བྲལ་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚང་མས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱས། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཁ་བླངས་པས། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གང་ལེགས་ཀྱིས་མངོན་ཡོད་པ་དང་། འཛམ་གླིང་ཡོངས་ལ་ང་ཚོའི་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་འགོ་ཁྲིད་ནས་གསར་དུ་བསྐྲུན་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚན་ཅན་གསལ་པོར་བསྟན་པ་རེད།
ད་ལྟ་ང་ཚོའི་འགན་འཁྲི་ནི་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། འདི་ནི་“ཞིང་གསུམ་”ལས་དོན་གྱི་ལྟེ་བའི་ལོ་རྒྱུས་རང་བཞིན་གྱི་སྤོ་སྒྱུར་ཡིན། མཐོང་དགོས་པ་ཞིག་ནི། དབུལ་ཕོངས་ཁྱིམ་ཚང་ངེས་ཅན་ཞིག་གི་གཞི་རྩའི་འཚོ་བར་འགན་སྲུང་ཡོད་པར་གྱུར་མོད། འོན་ཀྱང་ཡོང་འབབ་ཀྱི་ཆུ་ཚད་སྔར་བཞིན་མཐོན་པོ་མེད་པས། དབུལ་བྲལ་རྨང་གཞི་ད་དུང་ཅུང་ཉམས་ཞན་ཡིན། མཐའ་ཁུལ་ཁྱིམ་ཚང་ཁ་ཤས་མ་གཞི་ནས་བརྟན་པོ་མིན་པ་དང་། ཉེན་ཁ་དང་རྐྱེན་ངན་གོད་ཆག་ཅུང་ཙམ་ལ་འཕྲད་ཚེ་ལམ་སང་དབུལ་ཕོངས་སུ་འགྱུར་སྲིད། དབུལ་བྲལ་ས་ཁུལ་དུ་ཐོན་ལས་ཡོངས་ཁྱབ་ཏུ་གཉེར་ཡོད་ན་ཡང་། ལག་རྩལ་དང་། མ་དངུལ། ཤེས་ལྡན་མི་སྣ། ཚོང་ར་སོགས་ཀྱི་འདེགས་སྐྱོར་ད་དུང་ལེགས་པོ་མེད་ལ། ས་ཆ་ཁ་ཤས་སུ་ཐ་ན་རོགས་སྐྱོར་ལས་བྱེད་པ་ཕྱིར་འཐེན་བྱས་མ་ཐག་ཏུ་ཐོན་ལས་རྩ་བརླག་ཏུ་འགྲོ་སྲིད་པ་བཅས་རེད། རྗེས་མར་དབུལ་བྲལ་ས་ཁུལ་དུ་དབུལ་པོ་བསྐྱར་ལོག་འབྱུང་བ་སྔོན་འགོག་བྱེད་པའི་ལས་འགན་ད་དུང་ལྕི་བས། དབུལ་བྲལ་འགག་སྒྲོལ་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་ཡག་པོ་བྱས་པ་དང་། ལས་ཀར་བར་སྟོང་མི་བསྐྱུར་བ་དང་སྲིད་ཇུས་ལ་སྟོང་ཆ་མི་བསྐྱུར་ཞིང་། འདི་རུ་ཕྱོགས་ཡོངས་ནས་དབུལ་བྲལ་བྱུང་བ་ཁྱབ་བསྒྲགས་བྱས་རྗེས། དེ་རུ་ཡང་བསྐྱར་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གཏན་ནས་འབྱུང་དུ་འཇུག་མི་རུང་།
དབུལ་པོ་བསྐྱར་ལོག་འབྱུང་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་པ། ཡོང་འབབ་ཆུ་ཚད་འགྱུར་ལྡོག་དང་“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་”སྲ་བརྟན་བཏང་བའི་གནས་ཚུལ་གཙོ་གནད་དུ་བཟུང་ནས་ལྟ་ཞིབ་ཚད་ལེན་བྱེད་པ། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་ཐེ་གཏོགས། སྔ་ཙམ་ནས་རོགས་སྐྱོར་བཅས་བྱེད་ཐུབ་པར་བྱེད་པ། མུ་མཐུད་དུ་གནད་འཕིགས་ཇུས་བསྟར་བཅས་བྱེད་དགོས། ངལ་རྩོལ་ནུས་པ་ཡོད་རིགས་ལ་གསར་སྤེལ་རྣམ་པའི་རོགས་སྐྱོར་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁོ་ཚོའི་རང་ཉིད་ཀྱི་ལག་ཟུང་གིས་ལས་བརྩོན་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་པ་ལས་དངུལ་སྤྲོད་པར་བརྟེན་ནས་མི་གསོ་མི་རུང་ཞིང་། ཕན་བདེའི་རྒྱ་རྙི་དང་སྲིད་ཇུས་ཀྱིས་ལེ་ལོ་ཅན་གསོ་བའི་རྒྱ་རུ་ཚུད་པ་སྔོན་འགོག་བྱེད་དགོས། ངལ་རྩོལ་ནུས་པ་མེད་པའི་མི་འབོར་ལ་ཐ་སྐྱོང་འགན་སྲུང་ཡག་པོར་བསྒྲུབ་པ་དང་། དུས་ཐོག་ཏུ་ད་ལྟ་ཡོད་པའི་སྤྱི་ཚོགས་འགན་བཅོལ་མ་ལག་ནང་འཇུག་པ་མ་ཟད། འགན་སྲུང་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས། དབུལ་བྲལ་ས་ཁུལ་གྱི་ཐོན་ལས་ལ་ད་དུང་མུ་མཐུད་ནས་རོགས་སྐྱོར་བྱེད་དགོས་པ་དང་། ལག་རྩལ་དང་། སྒྲིག་ཆས། ཚོང་གཉེར་སོགས་ཐད་ཀྱི་ཞན་ཆ་གསབ་ནས་ཐོན་ལས་མཐོར་འདེགས་རིམ་སྤོར་ལ་སྐུལ་སྤེལ་གཏོང་དགོས། གནས་སྤོ་དབུལ་སྐྱོར་གྱིས་མི་ཁྲི་སྟོང་ལ་ཉེ་བ་ཞིག་གནས་སྤོ་བྱས་ཡོད། དེ་ནི་འབྲིང་རིམ་རྒྱལ་ཁབ་ཅིག་གི་མི་འབོར་དང་ཧ་ལམ་འདྲ་བ་དང་། གཅིག་བསྡུས་བཀོད་སྒྲིག་ཁུལ་ཆེ་གྲས་མང་པོ་ཞིག་ནི་ཕལ་ཆེར་ས་སྟོང་དུ་གྲོང་ཁྱེར་བསྐྲུན་པ་རེད། གཞན་ཡུལ་དུ་གནས་སྤོ་བར་རྗེས་མཐུད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐབས་ལམ་མང་པོའི་སྒོ་ནས་ལས་ཞུགས་ལ་སྐུལ་སྤེལ་གཏོང་བ། ཆ་སྒྲིག་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་དོ་དམ་ཡག་པོར་བསྒྲུབ་པ་བཅས་བྱས་ནས་གནས་སྤོ་མང་ཚོགས་གཏན་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་འགྱུར་ཐུབ་པ་བཅས་འགན་ལེན་བྱེད་དགོས། དབུལ་བྲལ་འགག་སྒྲོལ་ལས་གཏོས་ཆེ་བའི་དབུལ་སྐྱོར་མ་རྩ་ཆགས་པ་དང་། མ་རྩ་འདི་དག་ལ་གཞི་གྲངས་གསལ་རྟོགས་དང་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་ངང་ནུས་པ་འདོན་པར་འགན་ལེན་བྱེད་དགོས།
ཏང་ཀྲུང་དབྱང་གིས་དབུལ་བྲལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་རྗེས། དབུལ་ཕོངས་ལས་ཐར་བའི་རྫོང་ལ་དབུལ་བྲལ་བྱུང་བའི་ཉིན་ནས་བཟུང་ལོ་ངོ་5ཡི་རིང་བར་བརྒལ་དུས་སྐབས་འཛུགས་རྒྱུ་ཐག་བཅད་པ་རེད། བར་བརྒལ་དུས་སྐབས་ནང་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་བརླིང་མཐའ་འཁྱོངས་བྱེད་དགོས། ད་ལྟ་ཡོད་པའི་རོགས་སྐྱོར་སྲིད་ཇུས་རེ་རེ་བཞིན་རིགས་དབྱེ་ནས་ལེགས་སྒྱུར་ལེགས་སྒྲིག་བྱེད་པ་དང་། ལེགས་སྒྲིག་གི་འགྲོས་ཚད་དང་། ཤུགས་ཚད། དུས་བཀག་བཅས་ལུགས་མཐུན་ངང་སྟངས་འཛིན་བྱས་ནས། ཐོན་ཁུངས་གཅིག་བསྡུས་ཀྱིས་དབུལ་བྲལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཕྱོགས་སུ་བར་བརྒལ་བརྟན་པོ་རིམ་བཞིན་མངོན་འགྱུར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་ཁྱབ་ཁོངས་སོ་སོའི་བྱེ་བྲག་གི་སྲིད་ཇུས་གསེད་དགོས་པ་དང་། ལག་བསྟར་བྱས་འཐུས་ཀྱི་ཡིག་ཆ་དང་ལས་ཀའི་ཇུས་གཞི་འདོན་དགོས། གཙོ་གནད་གྲོང་གསེབ་ལ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག་བདམས་མངག་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཤར་ནུབ་རྒྱུད་མཉམ་ལས་དང་། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོར་སོགས་ལམ་སྲོལ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་མ་ཟད། གནས་བབ་དང་ལས་འགན་གྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་འཐུས་ཚང་དུ་གཏོང་དགོས། རིམ་པ་ཁག་གི་དབུལ་སྐྱོར་གཞུང་ལས་ཁང་གི་སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་ལེགས་སྒྱུར་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་ཡག་པོར་བསྒྲུབ་པ་དང་། བསམ་བློ་རྙོག་དྲ་མི་ཡོང་བ་དང་། ལས་ཀའི་རྒྱུན་མི་འཆད་པ། དཔུང་སྡེའི་ཁ་མི་ཐོར་བ། ངར་ཤུགས་མི་ཉམས་པ་བཅས་འགན་ལེན་བྱེད་དགོས། འགན་འཁྲི་ནན་པོ་བཟོ་བ་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་བྱས་རྗེས་དངོས་ལ་དཔྱད་ཞིབ་བྱེད་པའི་ཁྱབ་ཁོངས་སུ་འཇུག་དགོས།
གསུམ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་ཐུབ་དགོས།
“འབྲུ་རིགས་སྣ་ལྔ་ནི་དམངས་ཀྱི་འཚོ་རྟེན་ཡིན་ལ། རྒྱལ་ཁབ་ཀྱི་ནོར་བུ་གལ་ཆེན་ཡིན།” འབྲུ་རིགས་མང་ཙམ་དང་ཉུང་ཙམ་ནི་འཐབ་རྩལ་གྱི་གནད་དོན་ཡིན་ལ། འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་ཀྱི་གནད་དོན་ཡིན་པ་ངས་ཡང་དང་བསྐྱར་དུ་ནན་བཤད་བྱེད་བཞིན་ཡོད། ད་ལོར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་སྐབས་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་འདོན་སྤྲོད་འདང་ངེས་ཡོད་པས་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། དེའི་ཐོག་ནས་གནད་འདི་ལ་ར་སྤྲོད་གང་ལེགས་བྱུང་ཡོད།
རང་རྒྱལ་གྱི་འབྲུ་རིགས་སྤྲོད་མཁོ་དོ་སྙོམས་དམ་པོ་ཡིན་པའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་། གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཐག་གཅོད་བྱེད་འགོ་བརྩམས་མ་ཐག་ཡིན་ལ། བསྡོམས་འབོར་མི་འདང་བའི་གནད་དོན་ཡང་བསྐྱར་འབུར་དུ་ཐོན་ཡོད། སླད་ཕྱིན་དུས་སྐབས་ཤིག་ལ་འབྲུ་རིགས་ཀྱི་དགོས་མཁོ་ད་དུང་མུ་མཐུད་དུ་འཕར་སྣོན་འགྲོ་རྒྱུ་ཡིན་པ་དང་། སྤྲོད་མཁོ་དོ་སྙོམས་དམ་པོ་ཡིན་པ་ཉིན་རེ་བཞིན་ཇེ་དམ་དུ་འགྲོ་རྒྱུ་ཡིན་ལ། དེའི་ཁར་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་ཛ་དྲག་ཆེ་བས། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྒྱུ་སྐུད་འདི་ཐོག་མཐའ་བར་གསུམ་དུ་ཧ་ཅང་དམ་པོར་འཛིན་དགོས་པ་དང་། ཐོན་སྐྱེད་མང་ཙམ་དང་གསོག་འཇོག་མང་ཙམ་བྱེད་དགོས་རུང་། མང་བའི་གནོན་ཤུགས་དང་མི་འདང་བའི་གནོན་ཤུགས་ནི་བསྡུར་ཐབས་མེད་པ་ཞིག་རེད། འབྲུ་རིགས་ཐོན་སྐྱེད་ལོ་རེ་རེར་དམ་འཛིན་བྱེད་དགོས་པ་དང་། རྒྱ་ཁྱོན་དང་ཐོན་ཚད་མར་ཆག་ཏུ་འཇུག་མི་རུང་ལ། འདོན་སྤྲོད་དང་ཚོང་རར་གནད་དོན་འབྱུང་མི་རུང་།
“དམངས་ནི་འབྲུ་ལ་བསྟེན། །འབྲུ་ནི་ས་ལ་སྐྱེ། །” རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན། དེ་སྔ་2013ལོར། དོམ་ཁྲར་སྲོག་སྐྱོབ་བྱེད་པ་ལྟར་རྨོ་ཞིང་སྲུང་སྐྱོབ་བྱེད་དགོས་པ་དང་། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་བྱེད་དགོས་པ་ངས་བཤད་མྱོང་། ལོ་འདི་དག་ལ་ངས་སྔ་གཞུག་ཏུ་སྤྱིལ་ཁང་ཆེ་བ་དང་། ཁྲིམས་འགལ་འཛུགས་སྐྲུན་བྱས་པའི་གཞིས་བྲང་། རྨོ་ཞིང་གང་བྱུང་དུ་ཧམ་བཟུང་བྱས་ནས་ཁང་པ་བསྐྲུན་པ་བཅས་གཙང་བཤེར་བཅོས་སྐྱོང་བྱེད་པ་དང་རྨོ་ཞིང་“ཞིང་ལས་མིན་པར་སྒྱུར་བ་”གཏན་འགོག་དང་། “འབྲུ་རིགས་མིན་པར་སྒྱུར་བ་”སྔོན་འགོག་སོགས་ལ་བླང་བྱ་བཏོན་ཞིང་། འབྲེལ་ཡོད་སྡེ་ཁག་གིས་བསྡུ་སྒྲིལ་སྲིད་ཇུས་ཆ་ཚང་ཞིག་བཏོན་པ་རེད། འོན་ཀྱང་རྨོ་ཞིང་གི་རྙོག་དྲ་སྔར་བཞིན་བཀག་སྡོམ་བྱས་ཀྱང་འགོག་མི་ཐུབ་པ་སྟེ། དཔེར་ན་ས་ཆ་ཁ་ཤས་སུ་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱས་ནས་ལྗར་སྒྱུར་ནགས་བཟོ་རྒྱ་ཆེར་སྤེལ་བ་དང་མཚེའུ་བརྐོས་ནས་ཡུལ་ལྗོངས་བཟོས་པ་དང་། ས་ཆ་ཁ་ཤས་སུ་གཞུང་ལམ་དང་། ལྕགས་ལམ། ཆུ་རྐའི་ངོགས་གཉིས་སུ་ས་ཞིང་བཟུང་སྤྱོད་བྱས་ནས་ཞེང་ལ་སྨི་བཅུ་ལྷག་དང་ཐ་ན་སྨི་བརྒྱ་ལྷག་ཡོད་པའི་ལྗང་སྒྱུར་ཁུལ་འཛུགས་སྐྲུན་བྱས། ང་ཚོར་ས་ཞིང་མང་པོ་ཞིག་ཡོད་ནའང་། མི་འབོར་དུང་ཕྱུར་14ཡི་དགོས་མཁོ་དང་བསྡུར་ན་དེ་ཡང་ཐོན་ཁུངས་དཀོན་པོའི་རིགས་ཡིན། གྲོང་ཁྱེར་འཛུགས་སྐྲུན་དང་། བཟོ་ལས་གཉེར་བ། སྐྱེ་ཁམས་སྲུང་སྐྱོབ་བཅས་ཚང་མར་ས་སྤྱོད་དགོས་པས། ངེས་པར་དུ་ཞིབ་རྩིས་བརྒྱབ་ནས་སྔོན་ཐོབ་ཀྱི་གོ་རིམ་སྒྲིག་དགོས་པ་ལས། རྨོ་ཞིང་བཟུང་སྤྱོད་དང་རང་བྱུང་གི་ཆོས་ཉིད་དང་འགལ་ནས་ནགས་བཟོ་ལྗང་སྒྱུར་གཏན་ནས་བྱེད་མི་རུང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་སོ་སོའི་ད་ལྟ་ཡོད་པའི་འབྲུ་རིགས་ཐོན་སྐྱེད་ལ་སྤྱོད་པའི་རྨོ་ཞིང་ངེས་པར་དུ་སྲུང་ཐུབ་དགོས་པ་ལས་ཇེ་ཉུང་དུ་གཏོང་མི་རུང་། རྨོ་ཞིང་སྲུང་སྐྱོབ་བྱེད་པར་གྲངས་འབོར་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། ད་དུང་སྤུས་ཚད་མཐོ་རུ་གཏོང་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པ་ནི་ལག་འཇུ་གལ་ཆེན་ཞིག་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་དམ་འཛིན་བྱེད་པ་དང་། འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་བཏང་ནས་ཐན་ཞོད་གང་རུང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་དང་ཐོན་འབབ་མཐོ་ཞིང་བརྟན་པོ་མངོན་འགྱུར་ཏན་ཏིག་བྱེད་དགོས། སེམས་ཐག་འདི་ངེས་པར་དུ་གཅོད་དགོས་པ་དང་། ལེན་འོས་པའི་དངུལ་ངེས་པར་དུ་ལེན་དགོས། ས་ནག་སྲུང་སྐྱོབ་ནི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ས་ནག་བེད་སྤྱོད་ཡག་པོ་དང་གསོ་སྐྱོང་ཡག་པོ་བྱེད་དགོས། “སོ་སྐྱེ་རུ་འཇུག་པའི་”བྱེད་ཐབས་བཙན་པོ་སྤྱོད་པ་དང་། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་བྱེད་དགོས། བཀའ་ཡོད་ཀྱང་མི་སྒྲུབ་པ་དང་། བཀག་སྡོམ་ཡོད་ཀྱང་མི་སྲུང་བ། འགན་ཤོར་འགན་འཛོལ་བཅས་ཀྱི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས།
རྨོ་ཞིང་དེ་ཙམ་ལས་མེད་པས་ཐོན་འབབ་བརྟན་པོ་དང་ཐོན་འབབ་འཕར་སྣོན་གྱི་གཞི་རྩའི་ཐར་ལམ་ནི་ཚན་རྩལ་ལ་ཐུག་ཡོད། སྐྱེ་དངོས་ལག་རྩལ་དང་ཆ་འཕྲིན་ལག་རྩལ་ཁྱད་ཆོས་ཡིན་པའི་རེས་སྐོར་གསར་པའི་ཞིང་ལས་ཚན་རྩལ་གསར་བརྗེར་ཐོད་བརྒལ་ཆེན་པོ་བྱུང་གྲབས་ཡོད་པ་དང་། རྒྱལ་ཁབ་ཁག་ཚང་མས་བཙན་ས་བརྟན་པོ་འཛིན་བཞིན་ཡོད། ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ང་ཚོ་གཏན་ནས་རྗེས་སུ་ལུས་མི་རུང་། ཞིང་ལས་ཚན་རྩལ་རང་ཚུགས་རང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ལས་ཀྱི་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། ངས་ཡང་དང་བསྐྱར་དུ་བསམ་བློ་བཏང་མཐར། ཕྱོགས་གཅིག་ངེས་པར་དུ་ཁ་གསལ་བྱེད་དགོས་སྙམ་པ་སྟེ། དེ་ནི་ཞིང་ལས་དེང་རབས་ཅན་ཡིན་པ་དང་། ས་བོན་ནི་རྨང་གཞི་ཡིན། ངས་ཐེངས་འདིའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གནད་དོན་འདི་ཆེད་དུ་ནན་བཤད་བྱས་པ་ཡིན། སྒྲིག་ཆས་གང་དང་ཆ་རྐྱེན་ཅི་ཞིག་འཛོམས་རུང་། ས་བོན་ལེགས་པོ་ཞིག་མེད་ན་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་དཀའ། སྲན་ཆེན་སོགས་ཀྱི་ས་བོན་ལོ་ངོ་མང་པོའི་རིང་བཤད་ཀྱང་ཐོད་བརྒལ་གྱི་མྱུར་ཚད་ད་དུང་ཧ་ཅང་ཡག་པོ་མེད་པ་རེད། “སྐེ་བཙིར་བའི་”ལག་རྩལ་གཏོར་བའི་ངར་ཤུགས་སྐྱེད་པ་དང་། ཁ་ཕྱོགས་དང་དམིགས་འབེན་ཁ་གསལ་བྱེད་པ། ཞིང་ལས་སྐྱེ་དངོས་ཀྱི་སོན་གསོའི་ཚན་རྩལ་ལས་གཞི་གལ་ཆེན་མགྱོགས་མྱུར་གྱིས་ལག་བསྟར་བྱས་ནས། ཞིང་ལས་ཐོན་རྫས་གལ་ཆེན་གྱི་སོན་ཁུངས་རང་བརྟེན་ཚོད་འཛིན་སྔ་ཙམ་ནས་མངོན་འགྱུར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་དོ་དམ་ནན་པོ་དང་ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག། སྐྱེ་དངོས་ཀྱི་སོན་གསོའི་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། ཚན་རྩལ་གྲོང་སྡེ་དང་ཁྱིམ་ཚང་དུ་བསྐྱོད་པའི་རྒྱུ་ལམ་མགྱོགས་མྱུར་གྱིས་ཤར་བགྲོད་ཐུབ་པར་བྱེད་པ་དང་། སྲིད་གཞུང་གི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་དང་ཚོང་ར་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གཉིས་ཀྱིས་མཉམ་དུ་ཤུགས་འདོན་པར་སྐུལ་སྤེལ་གཏོང་དགོས། ཟོག་འབྲེལ་དྲ་བ་དང་གཞི་གྲངས་ཆེན་མོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་ནས་རིག་ལྡན་ཞིང་ལས་འཕེལ་རྒྱས་གཏོང་དགོས་ལ། མཛོད་ཉར་སྲོ་སྐམ་དང་། འཁྱགས་ཕྲེང་སོ་ཉར། ཞིང་ལས་འཕྲུལ་ཆས་སོགས་དེང་རབས་ཞིང་ལས་ཀྱི་དངོས་རྫས་སྒྲིག་ཆས་ཀྱི་ཞན་ཆའང་མགྱོགས་མྱུར་གསབ་དགོས། ལྷག་པར་དུ་ཞིང་ལས་ཀྱི་སྒྲིག་ཆས་གལ་ཆེན་གྱི་རང་བརྟེན་དང་ཞིབ་འཇུག་གསར་བཟོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་འགོག་རིམས་བཤེར་གྱི་མ་ལག་དང་གནོད་འགོག་གནོད་འཕྲི་མ་ལག་སོགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས།
ཞིང་པའི་འབྲུ་འདེབས་ཀྱི་ཧུར་སེམས་སྐུལ་སློང་བྱེད་པའི་འགག་རྩ་ནི་ཞིང་པས་འབྲུ་འདེབས་པར་དངུལ་བཙལ་རྒྱུ་ཡོད་པར་བྱེད་པ་དེ་རེད། ལོ་འདི་དག་གི་རིང་ལ་འབྲུ་འདེབས་ཀྱི་མ་གནས་འཕར་ཞིང་ཕན་ཁེ་མཐོན་པོ་མེད་པ་དང་། ས་ཆ་མི་ཉུང་བ་ཞིག་ཏུ་ཐ་ན་ལོ་བསྟུད་མར་གྱོང་གུན་ཐེབས། འབྲུ་འདེབས་ཞིང་པའི་ཁ་གསབ་བརྟན་པོ་དང་དེར་ཤུགས་སྣོན་རྒྱག་པ་དང་། གསོག་ཉར་སྙོམ་སྒྲིག་དང་ཚོད་འཛིན་བྱེད་པའི་ནུས་པ་གོང་མཐོར་གཏོང་བ། སྡུད་ཉོའི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ། མ་གནས་ཡོངས་ཀྱི་འགན་བཅོལ་དང་ཡོང་འབབ་འགན་བཅོལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་བཅས་བྱེད་དགོས། ད་ལྟར་འབྲུ་རིགས་ཐོན་སྐྱེད་ཀྱི་ཞན་ཆ་ཆེ་ཤོས་ཤིག་ནི་ཐོན་སྐྱེད་མ་གནས་ཅུང་ཟད་མཐོ་བ་དེ་ཡིན་ཞིང་། ཐག་གཅོད་བྱེད་ཐབས་ནི་སྔར་བཞིན་གཉེར་སྐྱོང་རྣམ་པ་གསར་གཏོད་བྱེད་དགོས་པ་དང་། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་གསོ་སྐྱོང་ཡག་པོ་བྱེད་པ་དང་། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ། ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྱིམ་དུད་རེ་རེས་བསྒྲུབ་མི་ཐུབ་པ་དང་། བསྒྲུབ་ཡོང་ན་ཕན་ཁེ་མེད་པའི་དོན་དག་སྤྱི་ཚོགས་ཅན་གྱི་རྩ་འཛུགས་ལ་སྤྲད་ནས་བསྒྲུབ་ཏུ་འཇུག་པ་བཅས་བྱེད་དགོས། ཞིང་པ་དང་ཞིང་ལས་ཀྱི་ཐོན་སྐྱེད་ལག་རྩལ་དང་དོ་དམ་ནུས་པ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས།
ས་གནས་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་འཁུར་དགོས། ལོ་འདི་དག་གི་རིང་ལ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དེ་ཉིད་གཙོ་ཐོན་ཁུལ་དུ་མངོན་གསལ་གྱིས་གཅིག་བསྡུས་བྱས་ཡོད། དེར་དེའི་ལུགས་མཐུན་རང་བཞིན་ཡོད་ཀྱང་། གཅིག་བསྡུས་ཐལ་དྲགས་ན་ཉེན་ཁ་སློང་ཡང་སྲིད་པ་རེད། གལ་ཏེ་ས་གནས་སོ་སོས་ཟ་མ་ཟ་རྒྱུ་ལས་འབྲུ་འདེབས་མི་འདོད་པ་དང་ཤ་ཟ་རྒྱུ་ལས་ཕག་གསོ་མི་འདོད་ན། དོན་དམ་པར་སུ་ཞིག་གིས་འདོན་སྤྲོད་འགན་ལེན་བྱེད་དགོས། འབྲུ་རིགས་ཉིད་སྤྱིར་བཏང་གི་ཚོང་ཟོག་ཏུ་བརྩིས་ནས། དཔལ་འབྱོར་གྱི་རྩིས་ལས་ཆབ་སྲིད་ཀྱི་རྩིས་མི་རྒྱག་པ་དང་། མིག་མདུན་གྱི་རྩིས་ལས་ཡུན་རིང་གི་རྩིས་མི་རྒྱག་པ་བཅས་བྱེད་མི་རུང་། ཐོན་ཁུལ་གཙོ་བོ་དང་། བྲིན་འཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་བྲིན་འཚོང་དོ་སྙོམས་ཁུལ་བཅས་ཚང་མར་རྒྱ་ཁྱོན་འགན་ལེན་དང་། ཐོན་འབབ་འགན་ལེན་བྱེད་པའི་འགན་འཁྲི་ཡོད་པ་དང་། ཟ་ཕོར་མཉམ་དུ་འགྱོག་པ་དང་འགན་འཁྲི་མཉམ་དུ་འཁུར་དགོས། འདི་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། འབྲུ་རིགས་བདེ་འཇགས་ལ་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་པ་དང་། “ཟ་འབྲུ་”ལ་ཞིང་ཆེན་འགོ་འཛིན་གྱིས་འགན་འཁུར་དགོས་པ་མ་ཟད། ཧྲུའུ་ཅིས་ཀྱང་འགན་འཁུར་དགོས། དུས་ཡུན་རིང་པོར། འབྲུ་རིགས་ཐོན་སྐྱེད་ཀྱི་ཞིང་ཆེན་ཆེན་པོ་དང་། གྲོང་ཁྱེར་ཆེན་པོ། རྫོང་ཆེན་པོ་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ལ་བྱས་རྗེས་གལ་ཆེན་བཞག་པས་བསྟོད་བསྔགས་བྱེད་འོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱ་དགའ་དང་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་ལས། ཞིང་ལས་ལ་མཐོང་ཆེན་དང་འབྲུ་རིགས་དམ་འཛིན་བྱེད་པར་གྱོང་རག་ཏུ་འཇུག་མི་རུང་།
ད་ལྟ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཟས་རིགས་འཛད་སྤྱོད་གྲུབ་ཚུལ་རྒྱུན་ཆད་མེད་པར་རིམ་འཕར་འབྱུང་བཞིན་ཡོད་པ་དང་། སླད་ཕྱིན་ཞིང་ལས་ཐོན་རྫས་འདོན་སྤྲོད་འགན་ལེན་བྱེད་པར་གྲངས་འབོར་འགན་ལེན་བྱེད་དགོས་ལ། སྣ་མང་འགན་ལེན་དང་སྤུས་ཚད་འགན་ལེན་ཡང་བྱེད་དགོས། ཞིང་ལས་ཀྱི་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སོན་སྣ་ལེགས་སྐྱོང་དང་། སྤུས་ཚད་མཐོར་གཏོང་། སྤུས་རྟགས་གཏོད་པ་བཅས་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་དགོས། གསོན་ཕག་ཐོན་སྐྱེད་སླར་གསོ་བྱེད་རྒྱུ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ནས་ཐོན་ལས་བརྟན་པོ་འཕེལ་རྒྱས་ཡོང་བ་སྐུལ་སྤེལ་བྱེད་དགོས། སྲན་ཆེན་དང་། སྲིང་བལ། མ་རྨོས་ལོ་ཏོག། གྲོ་སོགས་ཞིང་ལས་ཐོན་རྫས་ཆེ་རིགས་ཁ་ཤས་ཀྱི་ཐོན་སྐྱེད་ལ་མཚོན་ན། ཞིབ་འཇུག་དང་བཀོད་སྒྲིག་ལ་དམ་འཛིན་བྱེད་དགོས་པ་དང་། ཐོན་འབབ་རྒྱ་སྐྱེད་གཏོང་དགོས་རིགས་ལ་སེམས་ཐག་འཕྲལ་གཅོད་བྱེད་དགོས་པ་ལས། གཞན་གྱིས་ང་ཚོ་འཆིང་སྡོམ་བྱེད་དུ་འཇུག་མི་རུང་། འདི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་དོན་ཆེན་ཡིན། ཞིང་ལས་ཐོན་རྫས་ཉོ་ཚོང་གི་ལས་དོན་འདི་ངེས་པར་དུ་ཡག་པོར་བསྒྲུབ་དགོས། འོན་ཀྱང་འགག་རྩ་ནི་ཉེན་ཁ་ཚོད་འཛིན་དང་། ཚབ་བརྗེ་རུང་བ། གྲ་སྒྲིག་ཡོད་པ་བཅས་ཡིན། ཞིང་ལས་ཐོན་རྫས་ནང་འདྲེན་སྣ་མང་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཁེ་ལས་ཕྱིར་སྐྱོད་ལ་རྒྱབ་སྐྱོར་བྱེད་པ། འགག་རྩའི་ཟོག་འདྲེན་ལས་ཚིགས་ཀྱི་ཚོད་འཛིན་ནུས་པ་མཐོ་རུ་གཏོང་བ། མཁོ་སྤྲོད་ཕྲེང་བའི་མཉེན་གཤིས་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་སྣ་ཁ་གཅིག་རེ་དང་གཅིག་རེ་བྱས་ནས་ཞིབ་འཇུག་གཏིང་ཟབ་དང་། ཇུས་གཞི་བཟོ་བ། དོན་འཁྱོལ་བཅས་བྱེད་དགོས། བཟའ་བཏུང་ཆུད་ཟོས་བཀག་འགོག་བྱེད་པ་ཉེ་ཆར་ཅུང་ཇེ་ལེགས་སུ་སོང་བ་དང་། ངེས་པར་དུ་དུས་ཡུན་རིང་པོར་དམ་འཛིན་བྱས་ནས་སྤྱི་ཚོགས་ཧྲིལ་པོར་ཧུར་བརྩོན་གྲོན་ཆུང་གི་དར་སྲོལ་ཡག་པོ་ཆགས་པར་སྐུལ་འདེད་གཏོང་དགོས།
བཞི། གྲོང་གསེབ་དར་རྒྱས་དོན་འཁྱོལ་ཡོང་བ་དང་ཕན་འབྲས་ཐོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ལོ་འདི་དག་གི་རིང་ལ་གྲོང་གསེབ་དར་རྒྱས་གཏོང་འགོ་རྩོམ་པ་དང་། ས་གནས་སོ་སོས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། གྲུབ་འབྲས་ཁ་ཤས་ཀྱང་མཐོང་བས། ད་ནི་ཕྱོགས་ཡོངས་ནས་ལག་ལེན་བྱེད་པའི་དུས་ལ་སླེབས་ཡོད། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། དཀའ་ཚད་བཅས་ཚང་མ་དབུལ་བྲལ་འགག་སྒྲོལ་ལས་མི་ཆུང་ཞིང་། ངེས་པར་དུ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་དང་སྔར་ལས་སྟོབས་ལྡན་གྱི་ནུས་ཤུགས་ལ་བརྟེན་ནས་སྐུལ་འདེད་གཏོང་དགོས། འདིར་ངས་དོན་དག་འགའ་ཡང་བསྐྱར་ནན་བཤད་བྱ་རྒྱུ་ཡིན།
དང་པོ། གྲོང་གསེབ་ཐོན་ལས་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་དགོས། མིག་སྔར། ས་གནས་སོ་སོའི་གྲོང་གསེབ་ཐོན་ལས་ཚང་མར་རྨང་གཞི་ངེས་ཅན་ལྡན་ཞིང་། ས་ཆ་ཁ་ཤས་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་འཕེལ་རྒྱས་འགྲོ་ཕྱོགས་ཧ་ཅང་ཡག་ལ་འཁྲུག་པོ་ཡིན། ད་ལོར་ངས་ཧྲའན་ཞི་ཆིན་ལིང་རི་ཁུལ་གྱི་གྲོང་སྡེ་ཞིག་གི་ལུང་ཤུར་དུ་མོག་རོ་ཆུང་ཆུང་ཐོན་ལས་ཆེན་པོར་ཆགས་པ་མཐོང་བ་དང་། ཧྲན་ཞི་ཏ་ཐུང་དུའང་ལུག་མིག་མེ་ཏོག་ཆུང་ཆུང་ལ་དམིགས་ནས་རྟེན་གཞི་ཆེན་པོ་བསྐྲུན་པས། ས་གནས་དེ་གའི་ཞིང་པ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་སྲོག་ཤིང་ཐོན་ལས་སུ་གྱུར་ཡོད་པ་མཐོང་། འོན་ཀྱང་རྒྱལ་ཡོངས་ནས་བལྟས་ན། གྲོང་གསེབ་ཐོན་ལས་ཀྱི་འཕེལ་རྒྱས་ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང་། གནད་དོན་གཙོ་བོ་ནི་གཞི་ཁྱོན་ཆུང་བ་དང་། བཀོད་པ་ཐར་ཐོར། ཕྲེང་ཐག་ཐུང་བ་བཅས་ཡིན་ཞིང་། སྣ་ཁ་དང་། སྤུས་ཚད། སྤུས་རྟགས་ཀྱི་ཆུ་ཚད་བཅས་ཚང་མ་ད་དུང་ཅུང་དམའ་ལ། ས་ཆ་ཁ་ཤས་ཀྱི་ཐོན་ལས་སྤུས་མཐུན་ཅན་ད་དུང་འབུར་ཐོན་ཡིན་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཛད་སྤྱོད་དགོས་མཁོར་འཚམ་མཐུན་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པ། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་གཞི་འཛུགས་པ། གྲོང་གསེབ་ཀྱི་བྱེད་ནུས་སྣ་མང་རྒྱ་སྐྱེད་པ། རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ལ་དཔུང་འཇུག་བཅས་བྱས་ནས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་དང་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས།
ད་ལྟ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཉིད་སྔོན་ཆད་ལྟར་ས་ཞིང་མུའུ་འགའ་འདེབས་པ་དང་ཕག་འགའ་གསོ་བ་དང་མི་འདྲ་ཞིང་། ཆ་རྐྱེན་འཛོམས་མཁན་གྱིས་ཐོན་ལས་ཕྲེང་བ་ཧྲིལ་པོ་བརྒྱུད་ནས་ཐོན་ལས་རིན་འཕར་ནུས་སྐྱེད་ཀྱི་བར་སྟོང་རྒྱ་སྐྱེད་གཏོང་བ་དང་། ལས་ཞུགས་འབབ་འཕར་གྱི་གོ་སྐབས་དེ་ལས་མང་པོ་བསྐྲུན་དགོས། ཞིང་ལས་ཐོན་རྫས་ལས་སྣོན་གྱི་ལས་རིགས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ཞིང་སྡེས་ལས་སྣོན་བྱས་མེད་པའི་ཐོན་རྫས་འཚོང་བ་ནས་ཐོན་རྫས་གྲུབ་མ་འཚོང་བའི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ། རིན་འཕར་ཕན་ཁེ་དེ་ལས་མང་བ་རྫོང་ཁོངས་སུ་ཡོད་པ་བཅས་བྱེད་དགོས། གྲོང་གསེབ་ཡུལ་སྐོར་དང་། སྤྲོ་གསེང་ཞིང་ལས། རིག་གནས་ཉམས་ཞིབ། བདེ་ཐང་རྒན་གསོ། གློག་རྡུལ་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་བཅས་འཕེལ་རྒྱས་གཏོང་བ་དང་། མྱུར་ཚད་དགོས་ལ་སྤུས་ཚད་མཐོན་པོ་དེ་བས་ཀྱང་དགོས་ཏེ། སྐྱོན་བྲལ་དང་རྒྱུན་མཐུད་ཐུབ་པ་མངོན་འགྱུར་བྱེད་དགོས།
གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཏོང་དགོས་ན་ཞིང་པར་ལས་ཀ་བསྒྲུབ་རྒྱུ་ཡོད་པ་དང་སྒོར་མོ་བཙལ་རྒྱུ་ཡོད་པར་བྱེད་དགོས། ས་ཆ་མང་པོ་ཞིག་གི་ཞིང་ལས་ཐོན་ལས་རིམ་སྤོར་གྱི་གོ་རིམ་ཁྲོད། རྟག་པར་གཞི་ཁྱོན་ཇེ་ཆེ་ནས་ཇེ་ཆེ་དང་། ལས་མི་བཀོལ་སྤྱོད་ཇེ་ཉུང་ནས་ཇེ་ཉུང་། ཞིང་དུད་ཞུགས་ཚད་ཇེ་དམའ་ནས་ཇེ་དམའ་བཅས་ཡིན་པས། འདི་ནི་ཚོང་རའི་རང་ཤུགས་ནུས་པ་འདོན་པའི་མཇུག་འབྲས་ཡིན། འོན་ཀྱང་། ང་ཚོས་ཚོད་ཡག་པོ་འཛིན་དགོས་པ་དང་། ཞིང་པའི་ཕྱོགས་འདི་བརྗེད་མི་རུང་ཞིང་། ཁེ་ཕན་གཅིག་སྦྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། “ཐོན་ཁུངས་མ་རྩར་བསྒྱུར་བ་དང་། མ་རྩ་རྐང་དངུལ་དུ་བསྒྱུར་བ་”ལ་བརྟེན་ནས། གང་ཐུབ་ཅི་ཐུབ་ཀྱིས་ཞིང་པ་རྣམས་ནང་དུ་ཞུགས་སུ་འཇུག་དགོས། ཁེ་ལས་དང་ཞིང་དུད་གཉིས་ཐོན་ལས་ཕྲེང་བའི་ཐོག་དགེ་མཚན་གསབ་རེས་དང་ལས་བགོས་མཉམ་ལས་ཀྱི་རྣམ་པ་ཆགས་པར་བྱེད་དགོས་པ་དང་། ཞིང་དུད་ཀྱིས་བསྒྲུབ་ཐུབ་པ་ཞིང་དུད་ལ་བསྒྲུབ་ཏུ་འཇུག་པ་དང་། ཁེ་ལས་ཀྱིས་རང་ཉིད་འཇོན་པོ་ཡོད་པའི་དོན་དག་བསྒྲུབས་ནས་ཞིང་པས་ཐོན་ལས་རིན་འཕར་གྱི་ཁེ་ཕན་དེ་བས་མང་བ་མཉམ་སྤྱོད་བྱེད་དུ་འཇུག་དགོས། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་དེ་ཉིད་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་འཇུ་གལ་ཆེན་དུ་བརྩི་བ་དང་། རྫོང་རེ་སྡེ་ཚན་དུ་བྱས་ནས་གསར་སྐྲུན་བྱེད་ཅིང་། ཞིང་ལས་དེང་རབས་ཅན་གྱི་རྣམ་པ་སྐས་རིམ་བཞིན་དུ་སྐུལ་འདེད་གཏོང་དགོས།
ས་གནས་སོ་སོས་ཡོངས་ཁྱབ་ཏུ་ཚུར་སྣང་བྱས་པ་ལྟར་ན། གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཏོང་བར་ད་དུང་སྲིད་ཇུས་ཀྱི་བཀག་ས་དང་ན་ས་མང་པོ་ཞིག་ཡོད་པ་དང་། ཆེས་འབུར་དུ་ཐོན་པ་ནི་ས་སྤྱོད་རྒྱུ་དཀའ་བ་དང་དངུལ་བུན་གཏོང་དཀའ་བ་དེ་རེད། གྲོང་གསེབ་འཛུགས་སྐྲུན་གྱི་ས་སྤྱོད་ཐད་འཛུགས་སྐྲུན་གྱི་ས་སྤྱོད་དམིགས་ཚད་གསར་པ་ཁ་ཤས་སྣོན་དགོས་ལ། ནང་ཁུལ་གྱི་གཏིང་ཤུགས་སྔོག་འདོན་ལ་དེ་བས་ཀྱང་བརྟེན་དགོས། ཞིང་སྡེའི་ཡིད་རྟོན་ཁང་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ཐབས་ལམ་མང་པོའི་སྒོ་ནས་དངུལ་ཁང་འབྲིང་ཆུང་གི་མ་དངུལ་ཁ་གསབ་བྱས་ནས་ཞིང་སྡེའི་དངུལ་རྩ་སྒྲིག་གཞི་མ་གཞིའི་སྟེང་ཕྱིར་སློག་བྱེད་པར་སྐུལ་འདེད་གཏོང་དགོས། ས་ཆ་ཁ་ཤས་ཀྱིས་གཉེར་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགན་བཅོལ་ལ་ཞིང་པའི་དགའ་བསུ་ཐོབ་ཅིང་། འདི་ནི་ཁ་ཕྱོགས་ཤིག་ཡིན་པ་དང་། ཉམས་མྱོང་ཕྱོགས་བསྡོམས་དང་མགྱོགས་མྱུར་གྱིས་ཁྱབ་གདལ་གཏོང་དགོས།
གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་སྣང་བརྙན་བསྐྲུན་དགོས་པ་མ་ཟད། བླ་སྲོག་དེ་བས་ཀྱང་བསྐྲུན་དགོས། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ནི་མི་སེམས་གསོ་བ་དང་། ཀུན་སྤྱོད་ཀྱིས་མི་སེམས་འགུག་པ། མི་སེམས་གཅིག་ཏུ་བསྒྲིལ་བ་བཅས་ཀྱི་ལས་དོན་ཡིན་པ་དང་། བར་མེད་རྒྱུན་ཆགས་སུ་ཤུགས་རྒྱག་པ་དང་བརྩོན་པ་ཆེས་ཆེར་སྐྱེད་དགོས། ཞིང་སྡེའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བྱེད་པ། ཞིང་སྡེའི་བསམ་བློ་ཆབ་སྲིད་ཀྱི་ལས་ཀར་སྐུལ་འདེད་བཅས་བྱས་ནས་ཞིང་པ་མང་ཚོགས་ཀྱི་ཉམས་སྟོབས་རྒྱས་པར་བྱེད་དགོས། རྣམ་པ་སྣ་ཚོགས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་བ་དང་། ཞིང་སྡེའི་སྤྱི་ཚོགས་ཀྱི་དར་སྲོལ་ལེགས་པོ་གསོ་སྐྱོང་བྱེད་དགོས། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཞིང་སྡེའི་ཡུལ་སྲོལ་གོམས་གཤིས་སྒྱུར་བར་སྐུལ་འདེད་གཏོང་བ། རིན་མཐོའི་སློང་རྟེན་དང་། ངོ་སོ་བསྡུར་རེས་བྱེད་པ། འདས་མཆོད་རྒྱས་སྤྲོས་དང་རྒན་གསོ་ལེགས་པོ་མི་བྱེད་པ། རྒྱས་སྤྲོས་ཆུད་ཟོས་སོགས་ལུགས་རྙིང་སྲོལ་ངན་མེད་པར་བཟོ་བ། རྨོངས་དད་ཀྱི་བྱེད་སྒོ་ལ་ངོ་རྒོལ་བཅས་བྱས་ནས། དཔལ་ཡོན་ལྡན་པའི་གྲོང་སྲོལ་དང་། ཁྱིམ་སྲོལ་ལེགས་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་བཅས་ཆགས་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་གནད་དོན་དང་བསམ་པའི་དཔལ་ཡོན་གྱི་འཚོ་བར་མཐོང་ཆེན་བྱེད་པ་དང་། ལས་ཀ་སྒྲུབ་ཐབས་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་གཏོང་སྒོ་མང་དུ་གཏོང་བ་བཅས་བྱས་ནས། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་གཏོང་དགོས།
གསུམ་པ། ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ལོ་འདི་དག་གི་རིང་ལ་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཤུགས་ཆེན་པོ་བརྒྱབ་པ་དང་། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་ཞིང་། ཞིང་ལས་གནོད་མེད་འཕེལ་རྒྱས་ཀྱི་འཕེལ་ཚད་མངོན་གསལ་དོད་པོ་རེད། མིག་སྔར། ཞིང་ལས་ཀྱི་མཆེད་བཙོག་བཅོས་སྐྱོང་དང་ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ད་དུང་བསགས་འབོར་བཅོས་སྐྱོང་དང་འཕར་འབོར་བཀག་སྡོམ་གྱི་འགག་སྒོར་གནས་ཡོད་པ་དང་། ཤུགས་ཆེན་པོ་འདོན་དགོས་པའི་དུས་ཡིན་པས་ཅུང་ཙམ་ལྷོད་ན་ཕྱིར་སྣུར་ཆེན་པོ་བྱུང་སྲིད། འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་དང་། དེ་བས་བྱེ་བྲག་དང་དེ་བས་བཀོལ་སྤྱོད་རང་བཞིན་ལྡན་པའི་བྱེད་ཐབས་བཟོ་བ་དང་། ལྕགས་གཟེར་འདེབས་པའི་སྙིང་སྟོབས་ཀྱིས་ཞིང་ལས་ཀྱི་མཆེད་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ། རྫས་ལུད་དང་ཞིང་སྨན་ཇེ་ཉུང་དུ་གཏོང་བ་དང་། འགྱིག་ཤོག་གི་འབག་བཙོག་བཅོས་སྐྱོང་། སྒོ་ཕྱུགས་དང་འདབ་ཆགས་ཀྱི་བཤང་ལུད་དང་སོག་མ་ཐོན་ཁུངས་ཅན་གྱི་བེད་སྤྱོད་བཅས་ལ་དམ་འཛིན་ཡག་པོ་བྱེད་པ། ས་རྒྱུ་འབག་བཙོག་དང་། ས་འོག་གི་ཆུ་ཚད་ལས་བརྒལ་ནས་འདོན་པ། ས་ཆུ་ཤོར་བ་སོགས་བཅོས་སྐྱོང་དང་བསྐྱར་གསོ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ལས་ཀ་འདི་དག་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་དང་ཆ་འགྲིག་ཡོང་བ་བྱེད་དགོས་པ་དང་། དེའི་རྗེས་ཟིན་པར་བྱས་ནས་རྒྱུན་ཆད་མེད་པར་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
ཞིང་ལས་ནི་སྐྱེ་ཁམས་ཐོན་ལས་ཤིག་ཡིན་ལ། ཞིང་སྡེ་ནི་སྐྱེ་ཁམས་མ་ལག་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། རྩྭ་ཐང་དང་། ནགས་ཚལ། ཆུ་བོ། མཚེའུ་བཅས་སོར་ཆུད་སྐྱེ་འཕེལ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱུགས་བསྐྱུར་རྩྭ་འདེབས་དང་ཞིང་བསྐྱུར་ནགས་བཟོའི་གྲུབ་འབྲས་སྲ་བརྟན་གཏོང་བ། གཞི་ཁྱོན་ཆེན་པོའི་རྒྱལ་ཁབ་ཀྱི་ས་ཆ་ལྗང་སྒྱུར་གྱི་བྱ་སྤྱོད་སྤེལ་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཕྱོགས་འདིའི་ཐད་ལ་ཚན་རིག་དང་མཐུན་པའི་འཆར་འགོད་ཅིག་དགོས་པ་དང་། རི་རྒོད་དང་། བྱེ་ཐང་། གྲམ་ཐང་། ནགས་ཚལ། རྩྭ་ཐང་སོགས་བཅོས་སྐྱོང་བྱེད་རྒྱུ་ཡུལ་བབ་དང་བསྟུན་དགོས་པ་དང་དོན་དངོས་དང་འཚམ་དགོས་པ་ལས། ཚང་མ་བྱེད་ཐབས་གཅིག་ཡིན་མི་རུང་། འབྲི་ཆུ་དང་། རྨ་ཆུའི་འབབ་རྒྱུད་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་ཡིན་པ་དང་། ཞིང་ལས་དང་ཞིང་སྡེའི་འགན་འཁྲི་ཧ་ཅང་ལྗིད་པོ་རེད། འབྲི་ཆུའི་འབབ་རྒྱུད་དུ་ལོ་བཅུའི་ནང་ཉ་འཛིན་མི་ཆོག་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། ཁྲིམས་བསྟར་ལྟ་སྐུལ་དང་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཉ་པས་ཐོན་སྐྱེད་དང་ལས་རིགས་སྒྱུར་བ་དང་སྤྱི་ཚོགས་འགན་སྲུང་གི་གནད་དོན་འོས་འཚམ་གྱིས་ཐག་གཅོད་ཡག་པོ་བཅས་བྱེད་དགོས། རྨ་ཆུའི་འབབ་རྒྱུད་དུ་ཞིང་ལས་ཐད་སྤྱོད་པའི་ཆུ་གྲོན་ཆུང་དང་ཆུ་ཚོད་འཛིན་ཟབ་མོ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། ཆུ་ལ་བརྟེན་ནས་འདེབས་འཛུགས་དང་། ཆུ་གྲོན་ཆུང་ཐུབ་པའི་ཞིང་ལས་དང་སྐམ་འདེབས་ཞིང་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། ཞིང་ལས་ཐད་སྤྱོད་པའི་ཆུའི་ཕན་འབྲས་མཐོ་རུ་གཏོང་བ་དང་སྤྱི་འབོར་གྲོན་ཆུང་བྱེད་དགོས། 2030ལོའི་གོང་དུ་ཐཱན་ཕྱིར་འབུད་རྩེར་སོན་མངོན་འགྱུར་དང་། 2060ལོའི་གོང་དུ་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ཡིན་པ་དང་། ཞིང་ལས་དང་ཞིང་སྡེར་བཙོག་འབུད་ཉུང་གཏོང་དང་ཐཱན་བརྟན་པོ་བྱ་རྒྱུ་ནི་ཐབས་བཀོད་གལ་ཆེན་ཞིག་ཡིན་ལ། གཏིང་ཤུགས་འཛོམས་སའང་ཡིན། འདིའི་ཕྱོགས་ནས་ཚན་རིག་དང་མཐུན་པའི་ཚོད་རྩིས་ཡག་པོ་རྒྱག་དགོས་པ་དང་། སྤྱད་འཐུས་ཀྱི་ཇུས་གཞི་བཟོ་བ་དང་། ནུས་ལྡན་གྱི་བྱེད་ཐབས་སྤྱོད་དགོས།
བཞི་པ། ཞིང་སྡེ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་སྒྱུར་བཅོས་ཀྱི་ཐབས་མཆོག་འདི་ཡག་པོ་སྤྱོད་དགོས། ཞིང་སྡེའི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་ཐོན་ཁུངས་ཀྱི་བདག་རྐྱེན་གསོན་ཤུགས་སྐུལ་སློང་བྱེད་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་ཡུན་རིང་མི་འགོར་བར་གཅིག་རྗེས་གཉིས་མཐུད་དུ་དུས་བཀག་ཐོན་རྒྱུ་ཡིན་པས། ཡང་བསྐྱར་ལོ་ངོ་30རིང་དུ་གཏོང་བའི་ཚོད་ལྟ་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་ཡིན་པ་མ་ཟད་ཡུན་རིང་པོར་འགྱུར་ལྡོག་མི་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཞིང་སྡེའི་ཁང་ས་སྒྱུར་བཅོས་ལ་གཟབ་བརླིང་སྒོས་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་དུས་རིམ་རང་བཞིན་གྱི་འགན་འཁྲི་ལེགས་འགྲུབ་བྱེད་དགོས་པ་དང་། སྒྱུར་བཅོས་ཀྱི་གྲུབ་འབྲས་ཡག་པོར་སྤྱོད་པ་དང་། གསར་དར་ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་གཏོང་དགོས། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མུ་མཐུད་དུ་ཞིང་ལས་དང་ཞིང་སྡེ་ནི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྔོན་ཐོབ་འགན་སྲུང་ཁྱབ་ཁོངས་སུ་བརྩི་དགོས། མཁོ་འཚོང་མཉམ་ལས་ཁང་ཕྱོགས་བསྡུས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། སྒྲིག་སྲོལ་འཐུས་ཚང་དང་། འགན་ནུས་ལེགས་སྒྱུར། སྤྱོད་ཚུལ་འགྱུར་ལྡོག་བཅས་བཏང་ནས་“ཞིང་གསུམ་”ལ་སྔར་ལས་ལྷག་པར་ཞབས་ཞུ་སྒྲུབ་དགོས། ཞིང་པའི་གཞི་རྩའི་ཁེ་དབང་དང་འབྲེལ་བ་དང་། སྐྲ་རྐང་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་ནུས་པའི་དོན་དག་ཡིན་ཕྱིན། ངེས་པར་དུ་གཏན་འཁེལ་བྱས་ནས་སྒྱུར་བཅོས་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་མཐའ་འཁྱོངས་བྱེད་དགོས། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་ལ་བརྩི་འཇོག་དང་། ས་གནས་ཀྱིས་ཧུར་ཐག་གིས་ཚོད་ལྟ་དང་བློ་ཁོག་ཆེན་པོས་བསྒྲུབ་པར་སྐུལ་ལྕག་གཏོང་བ། ཚོད་ལྟའི་བྱེད་ཐབས་ཡག་པོར་སྤྱོད་པ་བཅས་བྱས་ནས་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
ལྔ་པ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་དགོས། སླད་ཕྱིན་དུས་སྐབས་ཤིག་གི་རིང་ནི་རང་རྒྱལ་གྱི་གྲོང་གསེབ་རྣམ་པ་མགྱོགས་མྱུར་གྱིས་རིམ་འགྱུར་འབྱུང་བའི་དུས་རིམ་ཡིན། གྲོང་གསེབ་ཇི་འདྲ་ཞིག་འཛུགས་སྐྲུན་དང་། ཇི་ལྟར་བྱས་ནས་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་མདུན་དུ་ལྷགས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད།
མིག་སྔར། ནང་མཁོ་རྒྱ་སྐྱེད་དང་། དངུལ་འཇོག་བརྟན་པོ། འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་གྲོང་ཁྱེར་དང་གྲོང་རྡལ་ཁོ་ནར་ལྟ་མི་རུང་། ཞིང་སྡེའི་ཕྱོགས་འདིར་ད་དུང་རྩིས་མང་པོ་ཞིག་ཆད་ཡོད་པ་དང་། དངུལ་འཇོག་གི་བར་སྟོང་ཧ་ཅང་ཆེ། ལོ་འདི་དག་གི་རིང་ལ་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་ལ་ལེགས་བཅོས་མངོན་གསལ་བྱུང་ཡོད་མོད། འོན་ཀྱང་ཞིང་སྡེར་ཁེབས་པ་དང་ཁྱིམ་དུད་ལ་མཆེད་པའི་ཐད་ད་དུང་མངོན་གསལ་གྱི་མི་འདང་ས་ཡོད་པ་རེད། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་དེ་མུ་མཐུད་དུ་ཞིང་སྡེར་འཇོག་དགོས་པ་དང་ཞན་ཆ་དེ་མགྱོགས་མྱུར་དུ་གསབ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་ཤུགས་འདོན་དགོས་པ་དང་། ཀུན་ཕན་རང་བཞིན་དང་། ཐ་སྐྱོང་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་མཐོང་ཆེན་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་སུ། ཞིང་སྡེ་པའི་འཚོ་གནས་ཁོར་ཡུག་བཅོས་སྒྲིག་དང་གོང་མཐོར་གཏོང་བའི་བྱ་སྤྱོད་ལ་རྒྱུན་མཐུད་ནས་སྐུལ་འདེད་གཏོང་བ་དང་། གསང་སྤྱོད་ཁང་སྒྱུར་བཅོས་དང་། བཙོག་ཆུ་དང་གད་སྙིགས་གཙང་སེལ་བཅས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་པ། འཚོ་བའི་གད་སྙིགས་གཙང་སེལ་གྱི་ཡུན་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
གྲོང་གསེབ་འཛུགས་སྐྲུན་གྱིས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ཆོས་ཉིད་བརྩི་སྲུང་བྱེད་དགོས་ཤིང་། སྔོན་ལ་འཆར་འགོད་དང་རྗེས་ནས་འཛུགས་སྐྲུན་བྱེད་དགོས། ད་ལྟ་ཞིང་སྡེའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་བསྡུས་བྱེད་པ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་དང་། གྲོང་སྡེའི་རྣམ་པ་མུ་མཐུད་དུ་རིམ་འགྱུར་ཁ་ཐོར་འགྲོ་སྲིད། གྲོང་སྡེ་ཁ་ཤས་ལ་མི་འབོར་དང་ཐོན་ལས་དེ་བས་མང་པོ་མཉམ་དུ་འདུས་ཤིང་། ཁ་ཤས་རིམ་བཞིན་གྲོང་རྡལ་དང་མཉམ་འདྲེས་བྱུང་བ་དང་། ཁ་ཤས་རིམ་བཞིན་ཉམས་རྒུད་དུ་འགྲོ་རྒྱུ་རེད། གྲོང་སྡེའི་བཀོད་པ་དང་རིགས་དབྱེ་ལུགས་མཐུན་གྱིས་གཏན་འཁེལ་བྱེད་པ་དང་། གནད་འཁེལ་ཡིན་རིགས་སྔོན་ལ་བསྒྲུབ་པ་དང་། གནད་འཁེལ་མ་ཡིན་པའི་རིགས་ཅུང་ཙམ་སྒུག་ཆོག། གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྲོལ་རྒྱུན་གྱི་ཡུལ་ཚོ་དང་གྲོང་གསེབ་ཀྱི་ཁྱད་ལྡན་རྣམ་པ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱེད་དགོས་པ་ལས། རྣམ་པ་རིགས་གཅིག་དང་ཁ་དོག་རིགས་གཅིག་ཁོ་ན་བྱེད་མི་རུང་། ས་ཆ་ཁ་ཤས་ཀྱིས་སྟངས་འཛིན་ཡག་པོ་བྱས་ཐུབ་མེད་པ་དང་། ཁ་ཤས་ཀྱིས་རྨོངས་ཚོད་ལ་བརྟེན་ནས་བཤིག་སྐྲུན་གང་བྱུང་དུ་བྱས་པ་དང་། ཆེ་རྔམ་ཕྱི་གཉེར། ཐང་ཆེན་རྒྱ་ཆེར་བཟོ་བ། ལྗོངས་ཁུལ་ཆེན་པོ་སྐྲུན་པ་བཅས་བྱས་པ་རེད། ཁ་ཤས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་བྱེད་ཐབས་དེ་འགྱུར་མེད་འདྲ་བཤུས་བྱས་ནས། གྲོང་ཁྱེར་ཟེར་ན་གྲོང་ཁྱེར་དང་མི་འདྲ་ཞིང་། གྲོང་ཚོ་ཟེར་ན་གྲོང་ཚོ་དང་མི་འདྲ་བར་བྱས། ཁ་ཤས་ཀྱིས་འཕེལ་རྒྱས་ཀྱི་དུས་རིམ་ལས་བརྒལ་བ་དང་མི་དམངས་ཀྱི་འདོད་བློ་དང་འགལ་ནས། གཞི་ཁྱོན་ཆེན་པོས་གྲོང་སྡེ་ཕྱིར་འཐེན་དང་ཟླ་སྒྲིལ་བྱས་པ་རེད། གྲོང་གསེབ་འཛུགས་སྐྲུན་ནི་ཞིང་པའི་ཆེད་དུ་བྱས་པ་ཡིན་པས། ངེས་པར་དུ་དོན་དངོས་ཐོག་དོན་བཟང་ཡག་པོ་བསྒྲུབ་པ་དང་དོན་དངོས་ཏན་ཏིག་བསྒྲུབ་དགོས།
གྲོང་གསེབ་འཛུགས་སྐྲུན་དམ་འཛིན་བྱས་ཏེ་བསྒྲུབ་དགོས་པ་དང་། ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། ངས་ཀྲེ་ཅང་དུ་ལས་དོན་སྒྲུབ་དུས་“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག་”བྱས་ནས་དམ་འཛིན་བྱས་པ་ཡིན་ལ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་སྐབས་རིམ་བྱུང་གིས་འཆར་འགོད་ཅིག་མཐར་ཐུག་པར་བསྒྲུབས་པ་དང་། ལོ་བཅུ་ཕྲག་གི་འབད་བརྩོན་བརྒྱུད་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་ཡོད། དེ་ཡང་ས་གནས་སོ་སོའི་གནས་ཚུལ་མི་འདྲ་བ་སྟེ། རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཅིག་དཔེ་བརྒྱ་འགེབས་དང་ལས་འགུལ་སྤེལ་མི་རུང་ལ། འཕེལ་རྒྱས་དུས་རིམ་ལས་བརྒལ་བའི་དོན་དག་བསྒྲུབ་མི་རུང་།
དྲུག་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་དགོས་ན། གྲོང་གསེབ་ཁོ་ནར་དམིགས་ན་མི་ཆོག་པར། ད་དུང་བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་གྲོང་གསེབ་སྐུལ་ཁྲིད་བྱེད་རྒྱུ་ཤུགས་ཆེར་གཏོང་དགོས་པ་དང་། བཟོ་ཞིང་སྤེལ་རེས་དང་། གྲོང་ཁྱེར་དང་གྲོང་གསེབ་གསབ་རེས། མཐུན་སྦྱོར་འཕེལ་རྒྱས། ཐུན་མོང་དར་རྒྱས་བཅས་ཀྱི་བཟོ་ཞིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་མགྱོགས་མྱུར་དུ་ཆགས་པར་བྱེད་དགོས།
མིག་སྔར། རང་རྒྱལ་གྱི་རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་60%ལས་བརྒལ་ཡོད། སླད་ཕྱིན་གྱི་ལོ་ངོ་15ཡི་རིང་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཚུལ་གཉིས་མེད་པར་བཟོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་འགྲོ་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་སྐར་ཁུང་དུས་སྐབས་ཡིན། འཆར་འགོད་སྒྲིག་བཟོ་དང་བདག་རྐྱེན་བསྡུ་སྒྲིལ་སོགས་ཀྱི་ཕྱོགས་ནས་དེ་བས་ཁ་གསལ་གྱི་བླང་བྱ་འདོན་པ་དང་། གཅིག་འདོམས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཞིང་ནང་བཤུག་གི་ཁེ་ཕན་དེ་ཞིང་ལས་དང་ཞིང་སྡེར་སྤྱོད་པའི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུའི་སྲིད་ཇུས་བཏོན་ཟིན་པས། ས་གནས་སོ་སོས་དོན་འཁྱོལ་དམ་འཛིན་བྱེད་དགོས་པ་ལས། གྲངས་ཀའི་རོལ་རྩེད་རྩེ་མི་རུང་། ཞིང་པ་གྲོང་ཁྱེར་དུ་བསྐྱོད་ནས་གླ་རྒྱག་བྱེད་པ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་དང་། འབྱེད་འོས་པའི་“མཁར་སྒོ་”འབྱེད་དགོས་ལ། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མིར་འགྱུར་བར་སྐུལ་སྤེལ་གཏོང་དགོས། ཞིང་པ་གྲོང་ཁྱེར་དུ་སྐྱོད་པར་ཕྱི་རོལ་གྱི་ཆོས་ཉིད་ལ་འཚམ་དགོས་པ་དང་། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་མཐའ་འཁྱོངས་བྱེད་དགོས་པ་ལས། སྡེབ་ཟིང་ཆེན་པོས་སྐུལ་འདེད་གཏོང་མི་རུང་ལ། ཡང་དག་མ་ཡིན་པའི་སྲིད་འབྲས་ཀྱི་ལྟ་བའི་སྐུལ་མ་དེ་བས་ཀྱང་ཐེབས་མི་རུང་།
རྫོང་ཁོངས་ཉིད་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་འཇུག་སྒོ་གལ་ཆེན་ཞིག་ཏུ་བརྩི་བ་དང་། བར་སྟོང་བཀོད་སྒྲིག་དང་། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་སོགས་རྫོང་ཁོངས་ནས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་བཀོད་སྒྲིག་ཡག་པོ་དང་ཐག་གཅོད་ཡག་པོ་བཅས་བྱས་ནས། གཞི་གཅིག་ཏུ་ཇུས་འགོད་དང་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་བྱ་གཞག་རྫོང་དང་གྲོང་གསེབ་ནས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་དང་གྲོང་གསེབ་ཀྱི་བྱེད་ནུས་འབྲེལ་མཐུད་གསབ་རེས་ཀྱི་འཛུགས་སྐྲུན་དང་དོ་དམ་གྱི་རྣམ་པ་མགྱོགས་མྱུར་དུ་ཆགས་པར་བྱེད་པ། སྤྱི་པའི་ཐོན་ཁུངས་དེ་རྫོང་ཁོངས་ནང་ཁུལ་དུ་ལེགས་སྒྱུར་དང་བགོ་སྒྲིག་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྫོང་རིམ་པར་ཐོན་ཁུངས་ཧྲག་སྡེབ་བེད་སྤྱོད་ཀྱི་རང་འགུལ་དབང་ཆ་དེ་བས་མང་པོ་སྤྲད་པ་དང་། རྫོང་མཁར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པར་ཤུགས་བརྒྱབ་ནས། གྲོང་གསེབ་དང་གྲོང་རྡལ་འཛུགས་སྐྲུན་དེ་ཞིང་པར་ཞབས་འདེགས་ཞུ་བའི་ས་ཁོངས་ལྟེ་གནས་སུ་འགྱུར་བར་བྱེད་དགོས།
བདུན་པ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་དགོས། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནི་གྲོང་གསེབ་བཅོས་སྐྱོང་ལ་མཚོན་ན་རྒྱུགས་ལེན་ཆེན་པོ་ཐེངས་ཤིག་ཀྱང་ཡིན་ལ། ས་གནས་སོ་སོས་ཉམས་སད་ཐེག་ཐུབ་པ་བྱུང་། མིག་སྔར། རང་རྒྱལ་གྱི་ཞིང་སྡེའི་སྤྱི་ཚོགས་ནི་འགྱུར་ལྡོག་གཏིང་ཟབ་དང་ལེགས་སྒྲིག་བྱེད་པའི་དུས་སྐབས་སུ་གནས་ཤིང་། གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་ཞིག་བྱུང་བ་དང་། སྣེ་མང་རྙོག་འཛིང་ཆེ་ནའང་། མདོར་བསྡུས་ན་“ལྷོད་གཡེང་”ལས་མ་འདས། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་བར་ཞིང་སྡེའི་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དེ་སྔོན་ཐོབ་ཀྱི་ཁ་ཕྱོགས་སུ་འཛིན་པ་དང་། ཞིང་པར་དེ་བས་ལེགས་པའི་རྩ་འཛུགས་ཀྱི་སྐུལ་ཁྲིད་དང་། སྤྱི་ཚོགས་ཀྱི་ཞབས་ཞུ། དམངས་གཙོའི་ཐེ་ཞུགས་བཅས་ཐོབ་ཏུ་འཇུག་པར་དམིགས་ནས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་མགྱོགས་མྱུར་དུ་གསར་འཛུགས་བྱེད་དགོས། ཞིང་སྡེའི་ནག་སེལ་གཤེད་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། རྒྱུན་མཐུད་ངང་རྡུང་རྡེག་གཏོང་བའི་གནོན་ཤུགས་ཆེན་པོའི་རྣམ་པ་ཆགས་པ་བྱེད་དགོས། བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རིམ་གྱི་སྲིད་དབང་ཚོད་འཛིན་དང་གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོ་ཁ་ལོ་སྒྱུར་བ་དང་གཏོར་བརླག་གཏོང་བ། ཐུན་མོང་གི་རྒྱུ་ནོར་ཧམ་ཟ་བྱེད་པ་སོགས་ཁྲིམས་འགལ་ཉེས་གསོག་གི་ལས་འགུལ་ལ་རྡུང་རྡེག་ནན་པོ་གཏོང་བ། ཆོས་ལུགས་དང་ལོག་ཆོས་བེད་སྤྱད་བྱས་ནས་ཞིང་སྡེའི་སྤྱི་པའི་ལས་དོན་ལ་ཐེ་གཏོགས་བྱེད་རྒྱུ་ཁྲིམས་ལྟར་བཀག་འགོག་བྱེད་པ་བཅས་དགོས། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་ཡག་པོ་བྱེད་པ་དང་། གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་ཅིང་། གྲོང་གསེབ་དགེ་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས།
ལྔ། ཏང་གིས་“ཞིང་གསུམ་”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས།
གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གིས་ཞིང་སྡེའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་། ལམ་ལུགས་མ་ལག། ལས་ཀའི་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གིས་ཞིང་སྡེའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
ན་ནིང་ཏང་ཀྲུང་དབྱང་གིས་《ཀྲུང་གོའི་གུང་ཁྲན་ཏང་གི་ཞིང་སྡེའི་ལས་དོན་སྲོལ་ཡིག་》བཏོན་པ་དང་། དེའི་ནང་ཧ་ཅང་གལ་ཆེ་བའི་དོན་ཚན་ཞིག་ནི་རིམ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་རྒྱས་དམ་འཛིན་བྱེད་རྒྱུ་དེ་ཡིན། རིམ་པ་ཁག་གི་ཏང་ཨུས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ཐོབ་ཀྱིས་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་དོན་འཁྱོལ་བྱས་ནས། དེ་བས་ཆེ་བའི་ནུས་ཤུགས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྱད་པར་དུ་རྫོང་ཨུ་ཧྲུའུ་ཅིས་སེམས་ཤུགས་གཙོ་བོ་དེ་“ཞིང་གསུམ་”ལས་དོན་ཐོག་འདོན་དགོས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་“མདུན་སའི་སྤྱི་ཁྱབ་བཀོད་འདོམས་པ་”ཡག་པོ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བར་འབྲེལ་བའི་སྡེ་ཁག་ཧ་ཅང་མང་ཞིང་། རྫོང་ཡན་གྱི་རིམ་པ་ཁག་གི་ཏང་ཨུས་ཞིང་སྡེའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་སྣེ་ཁྲིད་དང་སྤྱི་ཡོངས་དམ་འཛིན་དང་། གཅིག་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། དོན་གྲོས་མཐུན་སྦྱོར་དང་ལྟ་ཞིབ་དཔྱད་ཞིབ་སོགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཐེངས་འདིའི་སྒྲིག་གཞི་སྒྱུར་བཅོས་ནང་ཏང་ཨུའི་ཞིང་དོན་ཁང་དེ་ཞིང་ལས་དང་ཞིང་སྡེའི་སྡེ་ཁག་ཏུ་བཙུགས་པའི་དམིགས་ཡུལ་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། ས་ཆ་ཁ་ཤས་སུ་ཏང་ཨུའི་ཞིང་སྡེ་ལས་དོན་གྱི་སྡེ་ཁག་ལ་མི་སྣ་དཀོན་པ་དང་། འཁོར་སྐྱོད་བྱས་ཡོང་ན་རྙོག་དྲ་ཡོད་པ་རེད། སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། འཁོར་སྐྱོད་ལམ་སྲོལ་འཐུས་ཚང་། ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་དམ་འཛིན་བྱེད་དགོས།
གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་ཁག་མཐར་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས། ལོ་འདི་དག་གི་རིང་ལ་ང་རང་གྲོང་ཚོ་མང་པོ་ཞིག་ཏུ་ཕྱིན་ཞིང་། འཕེལ་རྒྱས་ཡག་པོ་ཡོད་རིགས་ཚང་མར་ཀྲི་པུའུ་ཡག་པོ་ཞིག་དང་ཧྲུའུ་ཅི་ཡག་པོ་ཞིག་ཡོད་པ་ཤེས། སང་ལོར་གྲོང་གསེབ་དང་གྲོང་རྡལ། གྲོང་ཚོ་བཅས་གཅིག་བསྡུས་སུ་སྐབས་བརྗེ་རྒྱུ་ཡིན་པས། སྔ་ཙམ་ནས་ཇུས་འགོད་དང་བྱེད་ཐབས་སྤྱོད་པ་དང་། གྲོང་གསེབ་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་པ་དང་། གྲོང་ཚོའི་“ཨུ་ལྷན་གཉིས་”ཀྱི་ཁོངས་མི་དང་ལྷག་པར་དུ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། གཞི་རིམ་དམ་འཛིན་དང་། རྨང་གཞི་ཇེ་དྲག་ཏུ་གཏོང་བ། གཞི་རྩ་བརྟན་པོ་བྱེད་པ་བཅས་ཀྱི་ལས་ཀའི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། ཐོན་ཁུངས་རིགས་སོ་སོ་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ནས་གཞི་རིམ་གྱིས་ལས་སྒྲུབ་ལས་གཏོད་བྱེད་པར་དེ་བས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས། མིག་སྔར། གཞི་རིམ་ནས་ཚུར་སྣང་འབུར་ཐོན་བྱུང་བའི་གནད་དོན་ཞིག་ནི་“རེའུ་མིག་མང་བ་”དང་། “ཚོགས་འདུ་མང་པོ་”གང་བྱུང་དུ་འཚོགས་པ། “འབྱོར་ཐོ་འགོད་པ།” “དཔྱད་ཞིབ་”མང་བ། “གོང་ན་ཐོ་བ་སྟོང་། འོག་ན་གཟེར་མ་གཅིག་”ཟེར་བ་ལྟ་བུ་སོགས་རེད། དོན་དག་འདིར་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཆེད་དམིགས་བཅོས་སྐྱོང་བྱས་པས་གནས་ཚུལ་ཅུང་ཇེ་ལེགས་སུ་སོང་ཡོད་ནའང་། ད་དུང་སྨན་གཉན་པོ་སྤྱོད་པ་དང་། དུས་རྟག་ཏུ་ལྷོད་མེད་དམ་འཛིན་བྱེད་དགོས།
གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་མི་ལ་ཐུག་པ་དང་ལས་དོན་སྒྲུབ་པར་ཐུག་ཡོད། ངེས་པར་དུ་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཕུལ་བྱུང་ལས་བྱེད་ཁག་ཅིག་གྲོང་གསེབ་དར་རྒྱས་ཀྱི་ལས་གནས་དང་པོར་བདམས་མངག་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་གྱི་གར་སྟེགས་ཆེན་པོར་བརྩིས་ནས། དཀའ་ཚེགས་ཆེ་བའི་ས་ཁུལ་དང་འགག་རྩའི་ལས་གནས་ཐོག་ལས་དོན་འབུར་དུ་ཐོན་པའི་ལས་བྱེད་པ་སྔོན་ཐོབ་ཀྱིས་ལས་གནས་གལ་ཆེན་དུ་བསྐོ་གཞག་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་“ཞིང་གསུམ་”ལས་དོན་སྔར་ལས་རྙོག་འཛིང་ཆེ་བ་དང་། གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཧ་ཅང་མང་བས་བླང་བྱ་དེ་བས་མཐོ་བ་རེད། རིམ་པ་ཁག་གི་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པ་དང་། “ཞིང་གསུམ་”ལས་དོན་ཡག་པོར་བསྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ཤེས་ལྡན་མི་སྣ་མི་འདྲ་བ་མང་པོ་གྲོང་གསེབ་དར་རྒྱས་ཁྲོད་བྱས་རྗེས་འཇོག་པ་དང་བྱ་གཞག་སྐྲུན་པར་སྐོང་འགུག་བྱེད་དགོས། ཞིང་པར་ཡོངས་ཁྱབ་ཏུ་བརྟེན་པ་དང་། ཞིང་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། ཞིང་པར་རྩ་འཛུགས་དང་སྣེ་ཁྲིད་བཅས་བྱེད་པ་དང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བར་ཞུགས་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས།
འབྲུག་ཕྱུག་ཚེ་རིང་གིས་བསྒྱུར།