དེ་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པ་སྤེལ་ཞིང་། དེའི་ནང་དོན་ནི་དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན། ཐེངས་འདིའི་སློབ་སྦྱོང་བཀོད་སྒྲིག་བྱས་པའི་དམིགས་ཡུལ་ནི་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་འཕེལ་རྒྱས་དམིགས་འབེན་ལས་འགན་ལ་ཁ་ཕྱོགས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་གྱི་ད་ཡོད་གནས་ཚུལ་ལ་དབྱེ་ཞིབ། གནས་པའི་གནད་དོན་ལ་ཞིབ་འཇུག། འཐུས་སྒོ་ཚང་བའི་བསམ་ཕྱོགས་ཁ་གསལ་བཟོ་བ་བཅས་ལ་བརྟེན་ནས། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོན་པོ་དང་རྒྱུན་མཐུད་ཐུབ་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན།
སྤྱི་ཚོགས་འགན་སྲུང་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་དང་། སྤྱི་ཚོགས་དྲང་གཞག་སྲུང་སྐྱོང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་ཀྱི་གཞི་རྩའི་ལམ་ལུགས་ཀྱི་འགན་སྲུང་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་དུ་ལོངས་སྤྱོད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཡིན་པས། དམངས་འཚོ་འགན་སྲུང་གི་བདེ་འཇགས་དྲ་བ་དང་། ཡོང་འབབ་བགོ་བཤའ་སྙོམ་སྒྲིག་བྱེད་སྤྱད། དཔལ་འབྱོར་འཁོར་སྐྱོད་འཕར་ལེན་བྱེད་སྤྱད་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ལ། དེ་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་དག་ཆེན་པོ་ཞིག་ཡིན།
ང་ཚོའི་ཏང་གིས་སྔར་ནས་བཟུང་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་འགན་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དེ་སྔ་1922ལོར། ཏང་གི་ཚོགས་ཆེན་གཉིས་པའི་བསྒྲགས་གཏམ་ནང་བཟོ་གྲྭའི་འགན་བཅོལ་འཛུགས་པ་དང་ལས་ཤོར་བཟོ་པ་སྲུང་སྐྱོབ་བྱེད་པ་སོགས་ལས་བཟོ་པའི་ཐོབ་ཐང་ལེགས་བཅོས་བྱེད་པའི་འདོད་ཚུལ་བཏོན་ཡོད། རུའེ་ཅིན་དུས་སྐབས་སུ་ཁྱབ་བསྒྲགས་བྱས་པའི་《ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་སྐོར་གྱི་བཅའ་ཁྲིམས་》ནང་ཆེད་དུ་ལེའུ་བཀོད་ནས་སྤྱི་ཚོགས་འགན་བཅོལ་གྱི་གནད་དོན་གཏན་འབེབས་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སྐབས་སུ་སྲིད་དོན་ཁང་གིས་《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་》ནང་“ངལ་རྩོལ་ཉེན་འགོག་ལམ་ལུགས་རིམ་བཞིན་ལག་བསྟར་བྱེད་དགོས་པའི་”བླང་བྱ་བཏོན་ཞིང་། 1951ལོར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་འགན་བཅོལ་སྲོལ་ཡིག་》ཁྱབ་བསྒྲགས་བྱས། སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ང་ཚོས་སྤྱི་ཚོགས་འགན་སྲུང་དེ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་རྨང་གཞིའི་དམངས་འཚོའི་ལས་གྲྭར་བརྩིས་ཏེ། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས་འཕེལ་རྒྱས་གལ་ཆེན་བྱུང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས། ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སོགས་ཚོགས་འདུའི་ཐོག་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དང་གྲ་རྒྱས་གཏོང་བའི་སྤྱིའི་ཇུས་གཞི་དང་། སྨན་བཅོས་འགན་སྲུང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་བསམ་འཆར་སོགས་ལ་ཞིབ་འཇུག་དང་གྲོས་ཞིབ་ཐེངས་མང་བྱས་ཤིང་། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ཐད་རྩེ་རིམ་ཇུས་འགོད་བྱས་པས་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཅིག་གྱུར་བྱས་པ་དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་དང་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ཟླ་སྒྲིལ་མངོན་འགྱུར་བྱས་ཤིང་། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་ལམ་ལུགས་བཙུགས། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ནད་རིགས་ཆེ་གྲས་ཀྱི་འགན་བཅོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་བཙུགས། ང་ཚོས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཚད་དམའ་རུ་བཏང་ཞིང་། གཞུང་ཁོངས་ཀྱི་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་འགོད་སྒྱུར་བྱས། ང་ཚོས་རྒན་གསོ་དང་བུ་བཅོལ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཕན་བདེའི་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། མི་དམངས་མང་ཚོགས་ལ་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། ཕོ་མོ། ལས་རིགས་བཅས་ཀྱི་དབྱེ་བ་མེད་པར། ལོ་ན་རྒས་པ་དང་། ན་ཚ། ལས་ཤོར། ལས་རྨས། དབང་པོ་སྐྱོན་ཅན་དང་དབུལ་ཕོངས་སོགས་ཀྱི་ཉེན་ཁ་ལ་ཐུག་དུས་བབ་མཐུན་གྱི་ལམ་ལུགས་ཐོག་ནས་འགན་སྲུང་ཡོད་པར་བྱས།
མིག་སྔར། རང་རྒྱལ་གྱིས་སྤྱི་ཚོགས་འགན་བཅོལ་གྲུབ་ཆ་གཙོ་བོར་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་ཕན་བདེ། སྤྱི་ཚོགས་ཀྱི་གཟིགས་སྐྱོང་སོགས་ལམ་ལུགས་ཚུད་པའི་བྱེད་ནུས་ཚང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར་13.6ཟིན་པ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར་10ཙམ་ཟིན་ཡོད་པས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཡིན། འདིས་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཡོད་ལ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་མཐུན་རྐྱེན་བསྐྲུན་ཡོད།
གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས་སུ། ང་ཚོས་མཐོང་དགོས་པ་ཞིག་ནི། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ། མི་འབོར་རྒན་རྒོན་ཅན་དུ་འགྱུར་བ། ལས་ཞུགས་བྱེད་སྟངས་སྣ་མང་ཅན་དུ་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་ལ་ད་དུང་མི་འདང་ས་གནས་ཡོད་པ་སྟེ། གཙོ་བོ་ནི། ལམ་ལུགས་བསྡུ་སྒྲིལ་ད་དུང་གནད་ལ་འཁེལ་བ་ཞིག་བྱུང་མེད་པ་དང་ལམ་ལུགས་བར་གྱི་སྤོ་སྒྱུར་འབྲེལ་མཐུད་ལེགས་པོ་བྱུང་མེད་པ་དང་གཅིག། གླ་རྒྱག་ཞིང་པ་དང་སྐབས་འཚོལ་ལས་ཞུགས་པ། ལས་རྣམ་གསར་པའི་ལས་ཞུགས་མི་སྣ་སོགས་ཁག་ཅིག་སྤྱི་ཚོགས་འགན་སྲུང་ནང་བཅུག་མེད་པ་དང་། “འགན་བཅོལ་ལས་ལུས་པ་”དང་། “འགན་བཅོལ་ལས་བྲལ་བ།” “འགན་བཅོལ་ལས་ཆད་པ་”བཅས་ཀྱི་གནས་ཚུལ་གནས་ཡོད་པ་དང་གཉིས། སྲིད་གཞུང་གིས་གཙོ་ཁྲིད་དང་དོ་དམ་བྱེད་འགན་ཁུར་བའི་གཞི་རྩའི་འགན་སྲུང་དེ་“ཡལ་ག་གཅིག་པུར་ཁོ་ནར་འཛིན་པ་”དང་། ཚོང་རའི་བྱེད་པོ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་འགན་འཁུར་བའི་ཁ་གསབ་འགན་སྲུང་འཐུས་སྒོ་ཚང་པོ་མེད་པ་དང་གསུམ། སྤྱི་ཚོགས་འགན་སྲུང་གི་གཅིག་གྱུར་འཆར་འགོད་ཀྱི་རིམ་པ་ད་དུང་མཐོ་རུ་གཏོང་དགོས་པ་དང་། ས་གནས་ཀྱི་གཏོང་ཡོང་གི་འགལ་བ་དོ་སྙོམས་བྱེད་པའི་གནོན་ཤུགས་ཅུང་ཆེ་བ་དང་བཞི། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་དང་ས་ཁོངས་བར། ཚོགས་སྤྱིའི་བར་བཅས་ཀྱི་ཐོབ་ཐང་གི་ཁྱད་པར་ལུགས་མཐུན་མིན་པ་དང་ལྔ། སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་ནུས་པ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་བར་ད་དུང་ཧེ་བག་ངེས་ཅན་གནས་ཡོད་པ་དང་དྲུག། ས་གནས་ཁ་ཤས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་“མཐིལ་རྟོལ་”གྱི་ཉེན་ཁ་གནས་ཡོད་དང་བདུན་བཅས་སོ།། མི་འདང་བའི་ཆ་འདི་དག་ལ་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་མ་ཟད་ཐག་གཅོད་ཏན་ཏིག་ཀྱང་བྱེད་དགོས།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རང་རྒྱལ་མ་འོངས་པའི་ལོ་ངོ་5དང་ཐ་ན་ལོ་ངོ་15ཡི་འཕེལ་རྒྱས་ལ་འཆར་གཞི་བཀོད་ནས། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་ཡོང་དགོས་པའི་བླང་བྱ་བཏོན། སྤྱི་ཚོགས་འགན་སྲུང་ནི་མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་དང་ཆེས་ཐད་ཀར་དང་ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གྱི་གནད་དོན་དང་འབྲེལ་བ་ཡོད་པས། ང་ཚོས་ཡང་བསྐྱར་བགོ་བཤའ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རོགས་རེས་མཉམ་ཕན་གྱི་ནུས་པ་ཆེ་རུ་བཏང་ནས་མི་དེ་བས་མང་པོ་སྤྱི་ཚོགས་འགན་སྲུང་མ་ལག་ནང་བཅུག་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་བློས་འགེལ་ཆོག་པ་དང་དེ་བས་འཐུས་ཚང་ཡིན་པའི་འགན་སྲུང་མཁོ་འདོན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་ཟམ་མི་འཆད་པར་སྐོང་བ་དང་། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད། དྲང་གཞག་གཅིག་གྱུར། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་སྔར་བས་དམ་ཚགས་སུ་གཏོང་དགོས།
གཅིག། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཆུ་ཚད་དང་། སྤྱི་ཚོགས་ཀྱི་ཆ་རྐྱེན། རིག་གནས་ཀྱི་ཁྱད་ཆོས་བཅས་མི་འདྲ་བས། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱང་འདྲ་མིན་སྣ་ཚོགས་ཡོད་ངེས་རེད། ང་ཚོས་ཕྱི་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་གི་ཕན་ལྡན་ཉམས་མྱོང་ལ་སློབ་སྦྱོང་དང་མིག་ལྟོས་བྱེད་རྒྱུར་མཐོང་ཆེན་ཆེན་པོ་བྱས་ནའང་། གཞན་དཔེ་འདྲ་བཤུས་དང་སྟབས་བདེའི་བསྐྱར་བཟོ་མ་ཡིན་པར་རང་རྒྱལ་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། འཚོལ་ཞིབ་ཧུར་ཐག་བྱེད་པ། བློ་ཁོག་ཆེན་པོས་གསར་གཏོད་བཅས་བྱས་པས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པའི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱལ་ཁའི་ངང་བསྐྲུན་ཐུབ་ཡོད། ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་དགེ་མཚན་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་ཏེ་སྤྱི་ཚོགས་འགན་སྲུང་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་བླ་ན་མེད་པར་འཛིན་པ་དང་། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་རྒྱུན་འཁྱོངས་དང་། དམངས་འཚོའི་བདེ་སྐྱིད་དེ་བས་ལྡན་པ་དང་། སྤྱི་ཚོགས་དྲང་གཞག་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་འགོ་རྩོམ་ས་དང་གཞི་ཚུགས་སར་བརྩིས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཁེ་ཐོབ་པར་བྱེད་དགོས། ལམ་ལུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རྩ་འགན་ལེན། རིམ་པ་མང་བ། རྒྱུན་མཐུད་ཐུབ་པ་སོགས་ཀྱི་དམིགས་ཚད་ལ་གཞིགས་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་དང་སྒྱུར་བཅོས་ཀྱི་ཐབས་ཤེས་དང་གསར་གཏོད་ཀྱི་བསམ་བློར་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་བསལ་བ་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་ཟམ་མི་འཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བྱས་ཏེ་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་དཔལ་འབྱོར་དང་ནོར་ཤུགས་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་རྨང་གཞིའི་ཐོག་འཛུགས་དགོས་ཤིང་། དོན་དངོས་དང་མི་འབྲལ་ལ་དུས་རིམ་ལས་མི་བརྒལ་བ་བྱེད་དགོས། ང་ཚོས་ལེགས་གྲུབ་བྱུང་བའི་ཉམས་མྱོང་དེ་དག་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།
གཉིས། “ལོ་ལྔ་ཚན་བཅུ་བཞི་པ་”དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ཀྱི་སྤྱི་ཚོགས་འགན་སྲུང་ལས་དོན་ཚན་རིག་དང་མཐུན་པར་ཇུས་འགོད་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་གསལ་པོ་བཏོན་ཡོད་པས། དོན་ཚན་རེ་རེ་བཞིན་ཞིབ་འཇུག་གཏིང་ཟབ་བྱས་ནས་འཆར་འགོད་ནང་བཅུག་སྟེ་དོན་འཁྱོལ་དམ་འཛིན་བྱེད་དགོས། མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཅས་ཀྱིས་བཏོན་པའི་བླང་བྱ་གསར་པ་སྟངས་འཛིན་ཡག་པོ་བྱས་ཏེ་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ཁྲོད་སྤྱི་ཚོགས་འགན་སྲུང་བྱ་གཞག་གི་འཕེལ་རྒྱས་ལ་བསམ་གཞིག་དང་ཇུས་འགོད་བྱེད་དགོས། འཐབ་ཇུས་ཀྱི་ལྟ་བ་འཛུགས་པ་དང་། མི་དམངས་ཀྱིས་སྤུས་ཚད་མཐོན་པོའི་འཚོ་བར་བཅངས་པའི་རེ་བ་དང་བསྟུན་པ། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་འཕེལ་རིམ་དང་འཚམ་པར་བྱས་ཏེ། རྒྱུན་ཆད་མེད་པར་བྱིས་པ་སྐྱོང་མཁན་ཡོད་པ་དང་སློབ་ལ་འཁྲིད་མཁན་ཡོད་པ། རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་འཕེལ་རྒྱས་གསར་པ་བྱུང་བར་སྐུལ་འདེད་གཏོང་དགོས། ཉེན་ཁའི་འདུ་ཤེས་ཆེ་རུ་སྐྱེད་ནས་མ་འོངས་པའི་ལོ་ངོ་5དང་། ལོ་ངོ་15ནས་ཐ་ན་ལོ་ངོ་30ཡི་ནང་རང་རྒྱལ་གྱི་མི་འབོར་རྒན་རྒོན་ཅན་དུ་འགྱུར་བ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་མཐོ་རུ་ཕྱིན་པ། སློབ་གསོ་ཐོབ་པའི་ལོ་ཚད་མང་དུ་འགྲོ་བ། ངལ་རྩོལ་ནུས་ཤུགས་ཀྱི་གྲུབ་ཚུལ་འགྱུར་ལྡོག་བྱུང་བ་སོགས་ཀྱི་འཕེལ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། སྤྱི་ཚོགས་འགན་སྲུང་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་བྱེད་པ། ལས་ཀའི་སྔོན་མཐོང་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། ཆུ་མ་འོང་གོང་གི་ཆུ་རགས་ལྟར་ཁ་གཏད་འཇལ་ཐབས་བཅས་བྱེད་དགོས། རྒྱལ་སྤྱིའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཕྱིའི་སྤྱི་ཚོགས་འགན་སྲུང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་ཅིང་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ནས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁ་ཤས་དང་འདྲ་བར་རྨོངས་ཚོད་ངང་“ཕན་བདེའི་བསྙེགས་བརྒལ་”བྱས་ཏེ་“ཡོང་འབབ་འབྲིང་གྲས་ཀྱི་རྒྱ་རྙིའི་ནང་”མི་ལྷུང་བ་བྱེད་དགོས་ལ། ཡོ་རོབ་བྱང་མའི་རྒྱལ་ཁབ་ཁ་ཤས་དང་འདྲ་བར་“ཕན་བདེ་གང་བྱུང་ཅན་”ལག་བསྟར་བྱས་ནས་སྤྱི་ཚོགས་ཀྱི་གསོན་ཤུགས་མི་འདང་བ་བྱུང་བ་ལས་གཡོལ་ཐབས་ཀྱང་བྱེད་དགོས། ག་དུས་ཡིན་རུང་གནས་ལུགས་ཤིག་བརྗེད་མི་རུང་སྟེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འགན་སྲུང་ནི་ཆུ་རྒྱས་གྲུ་མཐོའི་འབྲེལ་བ་ཡིན་པས། ཆུ་ཆུང་ངུར་གྲུ་གཟིངས་ཆུང་ཆུང་དང་། ཆུ་ཆེན་པོར་གྲུ་གཟིངས་ཆེན་པོ་གཏོང་དགོས་པ་ལས། ཆོས་ཉིད་དང་འགལ་ན་གྲུ་གཟིངས་བྱེ་མར་ཟུག་པ་དང་གྲུ་གཟིངས་མགོ་རྟིང་ལོག་སྲིད།
གསུམ། སྤྱི་ཚོགས་འགན་སྲུང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ད་ལྟ་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་སྒྱུར་བཅོས་བྱེད་རྒྱུ་དེ་མ་ལག་འདུས་གྲུབ་དང་མཉམ་ལས་ནུས་མཐོའི་དུས་རིམ་དུ་སླེབས་ཡོད། སྤྱི་ཚོགས་འགན་སྲུང་གི་ཕྱོགས་ཁག་བར་དང་། སྤྱི་ཚོགས་འགན་སྲུང་གི་ཁྱབ་ཁོངས་དང་གཞན་དག་འབྲེལ་ཡོད་ཁྱབ་ཁོངས་བར་གྱི་སྒྱུར་བཅོས་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ་སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་ཀྱི་ནུས་པ་ཆེ་རུ་བཏང་ནས་སྒྱུར་བཅོས་ཁག་ལ་སྤྱི་ཡོངས་ཀྱི་སྡོམ་ཤུགས་ཤིག་ཆགས་རྒྱུའི་འགན་ལེན་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་འགན་སྲུང་ཐད་ཀྱི་མི་སེར་ལ་བསམ་འཆར་མང་བ་དང་སེམས་རྨུས་པའི་དོན་དག་དང་། སེམས་ཁྲལ་ཆེ་བའི་དོན་དག། བློ་མི་བདེ་བའི་དོན་དག་བཅས་ལ་དམ་པོར་དམིགས་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཚོད་འཛིན་བྱེད་པའི་དཀའ་གནད་ཆེན་པོ་ལ་དམ་པོར་དམིགས་ཏེ་རྒྱུན་ཆད་མེད་པར་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། རིམ་པ་མང་བ་དང་འདེགས་ཀ་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལོ་ཕོགས་ལམ་ལུགས་ཁྱབ་ཚད་ཆེ་རུ་གཏོང་བ། འདེགས་ཀ་གསུམ་པའི་རྒན་གསོའི་འགན་བཅོལ་ཚད་ལྡན་དུ་འཕེལ་རྒྱས་གཏོང་བ། ཚོང་ལས་སྨན་བཅོས་འགན་བཅོལ་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྔར་བས་ལེགས་པོར་སྐོང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་དབྱང་དང་ས་གནས་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་སྔར་བས་ཁ་གསལ་བཟོ་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གཅིག་གྱུར་འཆར་འགོད་ནང་འཇུག་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱུན་གཏན་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གླ་རྒྱག་ཞིང་པ་དང་། སྐབས་འཚོལ་ལས་ཞུགས་པ། ལས་རྣམ་གསར་པའི་ལས་ཞུགས་པ་བཅས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམག་ཞབས་ལས་གྲོལ་བའི་དམག་མིའི་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒན་རྒོན་ལ་དོ་ཁུར་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་དང་དྭ་ཕྲུག་སོགས་སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
2018ལོ་ནས་བཟུང་ང་ཚོས་རྒན་གསོའི་འགན་བཅོལ་ཀྲུང་དབྱང་གི་མ་དངུལ་སྙོམ་སྒྲིག་ལམ་ལུགས་ལག་བསྟར་བྱས་ཤིང་། ན་ནིང་ཁོ་ནར་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་གྱིས་སྒོར་དུང་ཕྱུར་1768ཙམ་དབུས་ནུབ་རྒྱུད་དང་བཟོ་ལས་རྟེན་གཞི་རྒན་གྲས་ཀྱི་ཞིང་ཆེན་ལ་སྤྲད་པས་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གཏོང་ཡོང་གི་ས་ཁོངས་ཀྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཞི་ལྷོད་དུ་ནུས་ལྡན་བཏང་སྟེ་རྒན་གསོའི་མ་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པ་འགན་ལེན་བྱས། དུས་མཚུངས་སུ་ས་ཁོངས་དོ་མི་མཉམ་པའི་གནད་དོན་ད་དུང་རྩ་བའི་ཐོག་ནས་ཐག་གཅོད་བྱས་ཐུབ་མེད་པས། གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་མགྱོགས་མྱུར་དུ་མངོན་འགྱུར་བྱེད་དགོས། དེ་ནི་སྤྱི་ཚོགས་འགན་བཅོལ་གྱི་“གྲངས་ཆེའི་ངེས་ལུགས་”དང་མཐུན་པ་མ་ཟད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་བླང་བྱ་ཡང་ཡིན།
མི་འབོར་རྒན་རྒོན་ཅན་དུ་འགྱུར་ཚད་མགྱོགས་སུ་འགྲོ་བ་དང་ལྷག་པར་དུ་རྒན་རྒོན་ལ་གཅོང་ནད་ཕོག་ཚད་མང་དུ་འགྲོ་བའི་ཁར་སྨན་བཅོས་ལག་རྩལ་འཕེལ་རྒྱས་ཕྱིན་པས་ནད་གཞི་མང་པོ་ཞིག་ནི་“སྨན་བཅོས་མི་ཐུབ་པ་”ནས་“སྨན་བཅོས་ཐུབ་པ་”ལ་གྱུར་པས་སྨན་བཅོས་འགན་བཅོལ་གྱི་གཏོང་སྒོ་ཐད་གནོན་ཤུགས་སྔར་བས་ཆེ་བ་དང་འཕྲད་ཡོད། རྒྱུན་འཁྱོངས་ལྷོད་མེད་དང་མཐུན་འགྲིག་ངང་“སྨན་གསུམ་མཉམ་འགུལ་”ལ་སྐུལ་འདེད་གཏོང་བ་དང་། མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་སྨན་རྫས་དང་གྲོན་རྫས་གཅིག་བསྡུས་ཀྱིས་ཚད་ལྟར་ཉོ་སྒྲུབ་རྩ་འཛུགས་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་ཐབས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་ཞབས་ཞུའི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་བཀོལ་སྤྱོད་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཉེ་བའི་ལོ་ཤས་རིང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་ཚད་ཅུང་མཐོ་བའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གསར་དར་རྒྱལ་ཁབ་མང་པོ་ཞིག་གིས་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་བྱེད་པའི་སྒྱུར་བཅོས་འཆར་གཞི་བཏོན་ཡོད་མོད། འོན་ཀྱང་ལག་བསྟར་བྱས་ཚེ་བདེ་བླག་དེ་ཙམ་མེད། སྒྱུར་བཅོས་འདིའི་ཐད་རྒྱལ་ཁབ་ཁ་ཤས་ལ་བར་ཆད་མང་པོ་བྱུང་ཡོད། ང་ཚོས་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་། དལ་ལྷོད་ཀྱི་ཚད། ཤུགས་ཚད་བཅས་སྟངས་འཛིན་ལུགས་མཐུན་བྱས་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ཤིང་། སྤྱི་ཚོགས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་དང་སྡོམ་ཤུགས་གཅིག་ཏུ་འགྲིལ་གང་ཐུབ་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་འདི་བརྟན་པོའི་ངང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
བཞི། སྤྱི་ཚོགས་འགན་སྲུང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་སོ་སོ་ནས་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤྱི་ཚོགས་འགན་སྲུང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་སྲུང་གི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ་སོགས་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་གང་མགྱོགས་གཏན་འབེབས་སམ་ཡང་ན་བཟོ་བཅོས་བརྒྱབ་ནས་སྲིད་གཞུང་རིམ་པ་ཁག་དང་། མི་སྤྱོད་མཁན་སྡེ་ཚན། མི་སྒེར། སྤྱི་ཚོགས་བཅས་ཀྱི་སྤྱི་ཚོགས་འགན་སྲུང་ཁེ་དབང་དང་། འོས་འགན། འགན་འཁྲི་བཅས་ཁྲིམས་ལྟར་དོན་འཁྱོལ་བྱེད་དགོས། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་མ་ལག་ཁྲིམས་ལྟར་འཐུས་ཚང་དུ་གཏོང་བ་དང་། ཐེབས་རྩ་འཁོར་སྐྱོད་ཀྱི་ཉེན་ཁ་འགོག་ཟོན་དང་འདུམ་སེལ་བྱས་ཏེ་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་རྣམ་འགྱུར་ཐོག་ནས་འགན་བཅོལ་ཁ་བསླུས་རྒྱག་པ་དང་། འགན་བཅོལ་གཡོ་ལེན་བྱེད་པའམ་ཡང་ན་སྤྱི་ཚོགས་ཀྱི་འགན་སྲུང་མ་དངུལ་སྣ་ཚོགས་ཧམ་བཟུང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་མི་དམངས་མང་ཚོགས་ཀྱི་“རྒན་གསོའི་དངུལ་”དང་། “སྲོག་སྐྱོབ་ཀྱི་དངུལ།” “སྐྱོབ་རོགས་ཀྱི་དངུལ་”དང“དགེ་སྒྲུབ་ཀྱི་དངུལ་”བཅས་ཚང་མར་ལྟ་སྐྱོང་ཡག་པོ་བྱེད་དགོས།
ལྔ། སྤྱི་ཚོགས་འགན་སྲུང་ཞིབ་ཚགས་ཅན་དུ་འགྱུར་བའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཞང་གྲོང་(ཁྲོམ་ལམ་)བཅས་རིམ་ལྔའི་སྤྱི་ཚོགས་འགན་སྲུང་དོ་དམ་མ་ལག་དང་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་། དོ་དམ་ཞིབ་ཚགས་ཅན་དུ་འགྱུར་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་། སྤྱི་ཚོགས་འགན་སྲུང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་འབོར་གཞི་ཁྱོན་ཆེན་པོའི་འཁོར་སྐྱོད་དང་ལས་ཞུགས་མགྱོགས་མྱུར་འགྱུར་ལྡོག་འགྲོ་བའི་འཕེལ་ཕྱོགས་དང་འཚམ་པ་བྱས་ནས་སྤྱི་ཚོགས་འགན་བཅོལ་འབྲེལ་བ་ཐོ་འགོད་དང་གཞན་སྒྱུར་འབྲེལ་མཐུད་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ་བྱ་ཡུལ་གནད་སྨིན་གཏན་འཁེལ་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་དང་། རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར། ལོངས་སྤྱོད་བྱེད་འོས་རིགས་ལ་ལོངས་སྤྱོད་བྱེད་དུ་འཇུག་པ་བཅས་མངོན་འགྱུར་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་བཏང་ནས་དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། སྤྲིན་རྩིས་སོགས་ཆ་འཕྲིན་ལག་རྩལ་གསར་གཏོད་ཞབས་ཞུའི་རྣམ་པ་གང་ལེགས་སྤྱད་དེ་སྤྱི་ཚོགས་འགན་བཅོལ་ལག་འགྲིམ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། དུས་མཚུངས་སུ་སྲོལ་རྒྱུན་གྱི་ཞབས་ཞུ་བྱེད་སྟངས་དང་རིག་ནུས་ཅན་གྱི་ཞབས་ཞུ་གསར་གཏོད་མཉམ་སྒྲུབ་རྒྱུན་འཁྱོངས་བྱས་ཏེ། རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིའི་ཁྱད་ཆོས་ལ་དམིགས་ནས་སྔར་ལས་སྙིང་ཉེ་བའི་སྤྱི་ཚོགས་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱེད་དགོས།
དྲུག། སྤྱི་ཚོགས་འགན་སྲུང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་བའི་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ན་ནིང་ནས་བཟུང་། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་མདུན་དུ་ལྷགས་ཚེ། སྤྱི་ཚོགས་འགན་སྲུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མི་དམངས་ཀྱི་དམག་འཐབ་དང་། སྤྱིའི་དམག་འཐབ། འཇབ་རྒོལ་གྱི་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་བྲལ་འགག་སྒྲོལ་ལ་དམག་འཐབ་ཕུ་ཐག་ཆོད་པ་རྒྱག་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་ཡོད། མིག་སྔར། གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་ལ་རང་རྒྱལ་གྱི་“ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལོག་འགོག་པའི་”ལས་འགན་སྔར་བཞིན་ཧ་ཅང་ལྗིད་པོ་ཡིན། སྤྱི་ཚོགས་འགན་སྲུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིག་ལམ་བརྟན་པོ་ཡོང་རོགས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གནས་ཚུལ་ཇེ་ལེགས་སུ་ཕྱིན་པའི་འགྱུར་ལྡོག་ལ་གཞིགས་ནས། སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་རྩ་ཆག་གཏོང་བ་སོགས་དུས་རིམ་རང་བཞིན་གྱི་དཀའ་སེལ་སྲིད་ཇུས་བརྟན་པོའི་ངང་ཕྱིར་འཐེན་བྱེད་པ་དང་འབྲེལ་སྲིད་ཇུས་གཞན་དག་ཕྱིར་འཐེན་བརྟན་པོ་ཡོང་བ་དང་འབྲེལ་མཐུད་བྱེད་དགོས། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་ཕྱོགས་བསྡོམས་བྱས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་གིས་ཐོལ་བྱུང་གི་ཉེན་ཁ་ཆེན་པོར་ཁ་གཏད་འཇལ་བའི་འཕྲལ་བསྟུན་དང་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྔོན་དཔག་ཐུབ་པའི་སྐྱེ་རྒ་ན་འཆི་སོགས་རྒྱུན་གཏན་གྱི་ཉེན་ཁ་སྣ་ཚོགས་འགོག་ཐུབ་པ་མ་ཟད། སྔོན་དཔག་དཀའ་བའི་རྒྱུན་གཏན་མིན་པའི་ཉེན་ཁར་ཡང་ཁ་གཏད་འཇལ་ཐུབ་པ་བྱེད་དགོས།
མཇུག་མཐར་ངས་གནད་དོན་ཞིག་ནན་བཤད་བྱེད་རྒྱུ་ཡིན། དེ་ནི་ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པའི་ཐོག་མའི་དུས་སུ་ས་གནས་ཁག་གིས་བློ་ཁོག་ཆེན་པོས་གསར་གཏོད་དང་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པར་ང་ཚོས་བསྔགས་སྐུལ་བྱས་པ་ཡིན། ད་ལྟ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་བ་དང་བསྟུན་ནས། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་རྩེ་རིམ་ཇུས་འགོད་རྒྱུན་འཁྱོངས་དང་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་བྱེད་དགོས། ལམ་ལུགས་ཀྱི་འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་འཁོར་སྐྱོད་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་གིས་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་ལམ་ལུགས་སྒྱུར་བཅོས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་སྒྲིག་འགལ་ངང་ས་གནས་ཀྱི་“སྲིད་ཇུས་ཆུང་ངུ་”འདོན་མི་ཆོག། དུས་ཡུན་ངེས་ཅན་ཞིག་གི་ནང་ས་ཁོངས་བར་གྱི་སྤྱི་ཚོགས་འགན་སྲུང་ཆུ་ཚད་ཐད་ཧེ་བག་གནས་ཆོག་མོད། འོན་ཀྱང་གཅིག་གྱུར་ལམ་ལུགས་ཀྱི་དམིགས་འབེན་ལ་གཡོ་འགུལ་གཏོང་མི་རུང་བ་དང་། རང་འདོད་ལྟར་སྒྲུབ་པ་དང་བབ་བསྟུན་བྱེད་མི་རུང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཆོས་ཉིད་སྟངས་འཛིན་དང་གཅིག་གྱུར་མཐུན་སྦྱོར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྒྱུར་བཅོས་ཇུས་གཞི་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ཕན་འབྲས་གསར་པ་ཟམ་མི་འཆད་པར་བསྐྲུན་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།