སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་གྲོས་ཚོགས་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་འདེབས་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་འགན་འཁྲི་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་སྤྲད་ཡོད། བོད་ལྗོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པའི་རྩ་བའི་བརྩི་སྲུང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་དགེ་མཚན་གྱི་ནུས་པ་ཇེ་ཆེར་གཏོང་བར་མདོ་འདུ་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་ཧུར་ཐག་བསྒྱུར་དགོས།
གཅིག། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ།
བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་ལེན་དང་ཁོང་ཆུད་ཟབ་མོ་བྱས་ནས། ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པའི་གཡུལ་ས་གལ་ཆེན་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་སློབ་གསོ་གཏོང་བའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་ཟླ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གོང་བུར་འདྲིལ་བའི་ཐབས་ལམ་གལ་ཆེན་བཅས་སུ་ཧུར་ཐག་ངང་ཆགས་པ་བྱེད་དགོས།
ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ཞུན་བརྡར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་དམངས་གཙོའི་ཏང་ཤོག་ཁག་དང་། ཚོགས་པ་ཁག། མི་རིགས་ཁག། རིམ་གྲས་ཁག། ལས་རིགས་ཁག་གི་མི་སྣ་བཅས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་གདམ་ག་དང་། སྲིད་གྲོས་འཛུགས་སྐབས་ཀྱི་ཐོག་མའི་བསམ་འདུན་གནས་ས། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཡོངས་ལ་ཁྱབ་པ་བྱས་ནས་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཏང་ཨུའི་ཐབས་ཇུས་ཀྱི་དགོངས་དོན་ལ་གོ་བ་ནན་ཏན་ལེན་པ་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཏང་གི་ལས་དོན་གང་ཙམ་སྐུལ་སྤེལ་བཏང་ན་སྲིད་གྲོས་ཀྱི་ལས་དོན་དེ་ཙམ་གྱི་རྗེས་ཟིན་ཐུབ་པ་དང་། སྲིད་གྲོས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་བློ་ཁ་གཅིག་མཐུན་དང་གོམ་སྟབས་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་བོད་ལྗོངས་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་ཀྲུང་གུང་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས། བོད་ཀྱི་ས་གནས་དང་མེས་རྒྱལ་བར་གྱི་འབྲེལ་བའི་ལོ་རྒྱུས་ཏེ་“ལོ་རྒྱུས་ལྔའི་”སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་བཅས་ཆགས་པར་བྱས་ནས། ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་སློབ་སྦྱོང་བྱས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སློབ་སྦྱོང་བྱས་ནས་ཀུན་སྤྱོད་ལ་གོང་བཀུར་བྱེད་པ། ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ལག་ལེན་ཧུར་ཐག་བྱེད་པ་བཅས་ཀྱི་ཁྲོད་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྲིད་གྲོས་ཀྱི་གོང་འོག་ཚང་མས་མི་དམངས་སྲིད་གྲོས་གང་ནས་ཡོང་བ་དང་། ད་ལྟ་གང་དུ་ཡོད་པ། གང་དུ་བསྐྱོད་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་གནས་ངེས་གཏན་འཁེལ། འགན་འཁྲིའི་ལས་འགན། དགེ་མཚན་ནུས་པ་བཅས་གསལ་རྟོགས་བྱེད་པ། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། བོད་ལྗོངས་གསར་པ་མེད་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དེ་གངས་ལྗོངས་ས་མཐོར་གསོན་ཉམས་དོད་པའི་ལག་ལེན་མེད་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློའི་ཐོག་ནས་རྩ་བ་བརྟན་དུ་གཏོང་ཞིང་། ཐོག་མའི་བསམ་འདུན་རྡོ་བཞིན་བརྟན་པར་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་པོ་ཞུན་བརྡར་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ལག་ལེན་བསྟར་ཐུབ་པ་དང་རྒྱང་རིང་ལ་དམིགས་ནས། བློ་སེམས་གཅིག་མཐུན་གྱི་རླབས་ཆེན་བྱ་གཞག་བསྐྲུན་པའི་འགན་འཁྲི་དང་ལས་འགན་སྒྲུབ་པ་བཅས་བྱེད་དགོས།
“སྲུང་སྐྱོང་གཉིས་”ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་ནས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ངེས་ཤུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་མང་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོས་མོལ་དམངས་གཙོའི་མ་ལག་ཅིག་ཆགས་ཡོད། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་རག་ལས་ཡོད། ངེས་པར་དུ་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་ཟབ་མོ་དང་། མི་དམངས་སྲིད་གྲོས་ནི་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོ་རྣམ་པའི་རྩ་བའི་ངོ་བོ་ཡིན་པ་ཁོང་ཆུད་ཟབ་མོར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་གོང་བཀུར་བྱ་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩིས་པ་དང་། ཐོག་མཐའ་བར་གསུམ་དུ་“སྲུང་སྐྱོང་གཉིས་”དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་འཆད་པར་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་གྱི་དགོངས་དོན་གལ་ཆེན་ཁྲོད་ཁ་ཕྱོགས་གསལ་བ་དང་། བསམ་ཕྱོགས་གསལ་བ། བློ་སྒོ་འབྱེད་པ། དྲིས་ལན་འཚོལ་བ་བཅས་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ལ། མི་རིགས་ཁག་དང་ལས་རིགས་ཁག་གི་བསམ་བློའི་ངོས་འཛིན་གཅིག་མཐུན་དང་། ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་གཅིག་མཐུན། བརྩེ་སེམས་གཅིག་མཐུན་བཅས་ཆེ་རུ་ཏན་ཏིག་བཏང་ནས་བོད་ལྗོངས་སྲིད་གྲོས་དེ་ལྷག་བསམ་རྣམ་དག་གིས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་ཞུ་བ་དང་། ལྷག་བསམ་རྣམ་དག་གིས་“སྲུང་སྐྱོང་གཉིས་”ལག་ལེན་བསྟར་བའི་སྲ་ཞིང་བརྟན་པའི་གཡུལ་ས་ཞིག་ཏུ་འགྱུར་བ་བྱེད་དགོས།
ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་སྲིད་གྲོས་ལས་དོན་གྱི་“རྩ་བ་”དང་“བླ་སྲོག་”བརྟན་པོ་འཛུགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་སྲིད་གྲོས་ནང་ཞུགས་པའི་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ངེས་པར་དུ་བླང་བྱ་འདི་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས་པ་དང་། སྲིད་གྲོས་ཀྱི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་མིག་དཔེར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་མཛུབ་སྟོན་དུ་བཟུང་བ་དང་། གྲོས་མོལ་སྤེལ་རེས་ཁྱད་ཆོས་སུ་འཛིན་པ། རང་ཉིད་མཐོར་འདེགས་གཏོང་རྒྱུ་གཙོ་བོར་འཛིན་པ། ངོས་འཛིན་གཅིག་མཐུན་ཇེ་ཆེར་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ་བཅས་ཐོས་བསམ་མྱོང་རྟོགས་ཀྱི་ལས་སྟེགས་ཤིག་བསྐྲུན་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། ཕན་འབྲས་དངོས་བཅས་ཀྱི་ཐོག་ནས་འགག་སྒྲོལ་གསར་པ་མངོན་འགྱུར་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་ཙུའུ་ཡི་གྲོས་ཚོགས་དང་། ཀྲུའུ་ཞིའི་གྲོས་ཚོགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱིས་གོང་གིས་འོག་ལ་སྣེ་ཁྲིད་པའི་“སློབ་སྦྱོང་སྣེ་ཁྲིད་”ལ་སྐུལ་འདེད་གཏོང་བ་དང་། ལས་ཁུངས་ཀྱི་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡིས་རང་འགུལ་ངང་“སློབ་སྦྱོང་སྐུལ་འདེད་”ཀྱི་རྗེས་སུ་སྙེག་པ་དང་། ལས་ཁུངས་ཏང་ཀྲི་པུའུ་དང་གནས་སྐབས་ཏང་ཀྲི་པུའུ་ཡིས་ལས་སྒོ་དང་ཟུང་འབྲེལ་བྱས་ནས་“སློབ་སྦྱོང་གཏིང་ཟབ་”དང་། “སྲིད་གྲོས་ཀྱི་འཆད་ཁྲིད་ཁང་”དང་“སྲིད་གྲོས་དཔེ་ཆ་བ་”སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་“འཆད་ཁྲིད་”བྱེད་པ། རིགས་པའི་གཞུང་ལུགས་གསལ་འགྲེལ་དང་། གོ་དོན་མཐིལ་རྟོགས། ཡིད་ཆེས་དངོས་སྒྲུབ་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་ཐུན་མོང་ཐོག་གཟི་བརྗིད་གཏོད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
གཉིས། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་དོན་ཇུས་འབུལ་དང་ངོས་འཛིན་གཅིག་མཐུན་ཕྱོགས་གཉིས་ནས་ཤུགས་རྒྱག་པར་སྐུལ་འདེད་གཏོང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། གྲོས་མོལ་དམངས་གཙོ་དེ་འགན་ནུས་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་གོང་སྤེལ་ཕན་ཚུན་འབྲེལ་མཐུད་དང་། སྲིད་དོན་ཇུས་འབུལ་དང་ངོས་འཛིན་གཅིག་མཐུན་ཕྱོགས་གཉིས་ནས་ཤུགས་རྒྱག་པ་རྒྱུན་འཁྱོངས་བྱེད་དགོས། དེས་ང་ཚོར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུའི་ལྟེ་བའི་ལས་དོན་ལ་དམིགས་ཏེ་སྲིད་དོན་གྲོས་བསྡུར་ལ་ཟབ་ཞུགས་དང་། རྒྱ་ཁྱབ་ངང་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ནས། “དོན་དུ་འཁྱོལ་བ་དང་གོང་བུར་འདྲིལ་བའི་”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པའི་བླང་བྱ་བཏོན་ཡོད།
ངོས་འཛིན་གཅིག་མཐུན་ཡོང་བར་མདོ་འདུ་བྱེད་པ། བོད་ལྗོངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱ་ཁྱབ་ངང་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་དང་རང་སྐྱོང་ལྗོངས་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་དང་། རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས། ཆེད་དོན་གྲོས་མོལ་ཚོགས་འདུ། རིགས་ཁོངས་བཞུགས་མོལ་ཚོགས་འདུ། ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་འགན་སྒྲུབ་ལས་སྟེགས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་གལ་ཆེའི་བཀའ་སློབ་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དྲིལ་བསྒྲགས་དང་འཆད་འགྲེལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་ཡང་དག་ལེན་པ། ལྗོངས་ཡོངས་ཀྱི་སྲིད་གྲོས་ལ་ཁ་ཕྱོགས་ཡོད་པ་དང་། སྒྲིག་སྲོལ་ཡོད་པ། གདིང་ཤུགས་ཡོད་པ་བཅས་བྱེད་དགོས། “སྲིད་གྲོས་ཀྱི་འཆད་ཁྲིད་ཁང་”དགོན་སྡེ་དང་། གྲོང་ཚོ། ཁེ་ལས། སློབ་གྲྭ་བཅས་སུ་བསྐྱོད་རྒྱུར་རིམ་བཞིན་སྐུལ་འདེད་བཏང་སྟེ་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རྒྱ་ཁྱབ་ངང་ངོས་འཛིན་གཅིག་མཐུན་ཡོང་རྒྱུ་དེ་ཨུ་ཡོན་ནས་རིགས་ཁོངས་མང་ཚོགས་བར་སྣུར་སྲིང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་འཐབ་ཇུས་ལས་འགན་ལ་དམིགས་ཏེ་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་སྐོང་འཚོགས་བྱས་ནས་དམངས་གཙོའི་གོ་རིམ་དང་གྲོས་མོལ་འགན་སྒྲུབ་བརྒྱུད་《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་སྲིད་གྲོས་ཨུ་ཡོན་གྱིས་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་》བྱུང་བ་དང་དོན་འཁྱོལ་བྱས་པ་རེད། སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མི་ཚོས་སྣེ་ཁྲིད་དེ་ཨུ་ཡོན་དང་རིགས་ཁོངས་མང་ཚོགས་ཁྲོད་བསྐྱོད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ལུགས་སྒྲོག་འགྲེལ་བྱས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ལ་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། སྲིད་གྲོས་ཨུ་ཡོན་དང་མེས་རྒྱལ་དུ་ལོག་པའི་བོད་རིགས་སྤུན་ཟླ་སྒྲིག་འཛུགས་བྱས་ནས་སྲིད་གྲོས་ཀྱི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། “ལྷ་ཉིང་ལྕགས་ལམ་རྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ལྟ་བ་”སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་དོན་སྙིང་གལ་ཆེན་ལ་ཚོར་ཤེས་ཟབ་མོ་བྱུང་བ་བཅས་ལ་བརྟེན་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ལྟེ་བའི་སྤྱི་ཡོངས་དང་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དམ་པོར་དམིགས་ནས་བོད་ལྗོངས་ཀྱི་ཁྱད་ཆོས་དང་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་མཐུན་པོས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་”པའི་“བོད་ཀྱི་གཏམ་རྒྱུད”ཁག་ཅིག་ཇུས་འགོད་བྱས་ཡོད།
སྲིད་དོན་ཇུས་འབུལ་ལ་མདོ་འདུ་བྱེད་པ། སྲིད་དོན་ཇུས་འབུལ་ནི་གཙོ་བོ་ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་བརྟན་པོ་དང་། ལྟ་བ་གསལ་སྟོན། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པོ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མི་རིགས་ཆོས་ལུགས་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུའི་ཉེན་ཁ་འགོག་ཟོན་གྱི་འབྲེལ་ཡོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། མི་རིགས་ཆོས་ལུགས་ལས་དོན་གྱི་ཁྱབ་ཁོངས་དང་ལྷག་པར་དུ་དེའི་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་གནས་ཚུལ་དངོས་རྟོག་ཞིབ་དང་། བྱ་ཐབས་དངོས་འདོན་པ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྒོར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་བ་བཅས་བྱས་ནས། འགག་རྩའི་དུས་སུ་བློས་འགེལ་ཆོག་པ་དང་། ལངས་ཐུབ་པ། སྐད་ཆ་ཤོད་མཁས་པ། རལ་གྲི་འཕྱར་ཕོད་པ། ནུས་པ་ཐོན་ཐུབ་པ་བཅས་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། སྲིད་གྲོས་ཀྱི་ལས་བྱེད་པ་དང་ཏང་ཡོན་ཨུ་ཡོན་གྱིས་སྲིད་གྲོས་ཤེས་དགོས་པ་མ་ཟད། ད་དུང་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ལ་བྱང་ཞིང་མཁས་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གཙོ་བོར་བྱས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ། ཞབས་ཞུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་བྱེད་པ། 《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་ལས་དོན་གྱི་སྒྲིག་སྲོལ་》གཏན་འབེབས་བྱས་ནས་དོན་འཁྱོལ་བྱེད་པ། གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་རྣམ་པ་འཐུས་ཚང་དུ་གཏོང་བ། གྲོས་མོལ་གྱི་གོ་རིམ་ཚད་ལྡན་བཟོ་བ་བཅས་བྱེད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྔོན་སྒྲུབ་ཁུལ་གཏོད་རྒྱུར་དམིགས་ནས་“དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་”སོགས་ཀྱི་གནད་དོན་གལ་ཆེན་ལེགས་འདེམས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། ཐབས་ཇུས་ཧུར་ཐག་འདོན་པ། གྲོས་མོལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ལག་བསྟར་བྱེད་རྒྱུར་དམ་པོར་དམིགས་ནས་ཐབས་ཇུས་ལེགས་པོ་རྒྱ་ཁྱབ་ཏུ་གཅིག་བསྡུས་བྱས་ནས་ཐབས་ཇུས་ལེགས་སུ་གཏོང་བ་དང་། ངོས་འཛིན་གཅིག་མཐུན་རྒྱ་ཆེར་བསྡུས་ནས་ཐབས་ཇུས་ལག་བསྟར་ལ་སྐུལ་འདེད་བཏང་སྟེ། འགན་འཁྲི་སྒྲུབ་པའི་གོམ་སྟབས་རེ་རེ་བཞིན་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐོག་སྤོ་ཐུབ་པའི་འབད་བརྩོན་བྱེད་དགོས།
དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པར་མདོ་འདུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་འཆད་པར་སྐོང་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ་མང་ཚོགས་ཀྱི་འབོད་སྒྲ་ལ་ཉན་པ་དང་། མང་ཚོགས་ཀྱི་བསམ་འདུན་མཚོན་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་དངོས་ཡོད་གནད་དོན་དམ་འཛིན་བྱས་ནས་ལས་དོན་ཡག་པོ་སྒྲུབ་པ། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་མི་དམངས་ཀྱི་བདེ་སྐྱིད་སྔར་ལས་ལྡན་པ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་བའི་ཤུགས་རྒྱག་ས་དེར་དམ་པོར་དམིགས་པ་དང་། དགོངས་དོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ། མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་པ་བཅས་བྱེད་དགོས། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་”ལག་ལེན་བྱེད་སྒོའི་དམངས་འཚོའི་རྣམ་གྲངས་ཀྱི་ཞིབ་ཐོ་བཟོས་ཏེ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། བུ་བཅོལ་སོགས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་གནད་དོན་ལ་དམིགས་ཏེ་སྲིད་དོན་ཇུས་འབུལ་བྱེད་དགོས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་འགྲོ་བ་དང་སྤྱི་ཡོངས་ནས་འབྲེལ་མཐུད་ནུས་ལྡན་བྱས་པ་དང་། ས་མཐོའི་ཁྱད་ལྡན་དགེ་མཚན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་མོལ་སྲིད་གླེང་ཟབ་སྤེལ་བྱེད་པ། དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཙོ་གནད་གྲོས་གཞི་དེ་ཀྲུའུ་ཞིས་སྣེ་ཁྲིད་སྐུལ་སྒྲུབ་དང་། གླེང་ཆ་ཆེ་བའི་གྲོས་གཞི་དེ་“ཕྱོགས་གསུམ་པའི་”གྲོས་མོལ་བྱས་ནས་སྒྲུབ་པ། དམངས་འཚོའི་གྲོས་གཞི་དེ་ཡུལ་དངོས་སུ་སྐུལ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་པ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་འཚབ་ཆེ་བ་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། ཇུས་གནད་དུ་འཁེལ་བར་འདོན་པ་དང་། སྲིད་གྲོས་འགག་རྩའི་ཐོག་གླེང་བ། ཨུ་ཡོན་གྱི་ཇུས་འདོན་ལ་དམངས་འཚོའི་དྲོད་ཚད་སྔར་ལས་ལྡན་པ། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་རིགས་ལ་དམངས་འཚོའི་མཐུག་ཚད་སྔར་ལས་ཟབ་པར་བྱས་ཡོད། “ཨུ་ཡོན་དུ་བསྐྱོད་ནས་ཏང་གི་བཀའ་དྲིན་ལ་དང་དོད་དང་། སྙིང་གཏམ་ཉན་པ། དོན་དངོས་སྒྲུབ་པ། མི་སེམས་གཅིག་ཏུ་བསྒྲིལ་བ་”སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། ཨུ་ཡོན་གྱིས་ལས་རིགས་ཁག་གི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གདོང་དང་གདོང་ཐུག་ནས་དམངས་འཚོར་ཉན་པ་དང་། སེམས་དང་སེམས་མཐུན་ནས་སྙིང་གཏམ་ཤོད་རེས་བྱེད་པ། ཏན་ཏན་ཏིག་ཏིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱི་སྒོ་ནས་མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་གོང་མཐོར་བཏང་ཡོད། རྒྱུན་རྣམ་ཅན་གྱི་སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་གསལ་འགྲེལ། བསམ་ཚུལ་མཐུན་སྦྱོར། འགལ་ཟླ་སེལ་བ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སེམས་གཏིང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས།
གསུམ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་འཛུགས་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ།
བོད་ལྗོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྤྱིའི་བླང་བྱ་དེ་རང་ངོས་འཛུགས་སྐྲུན་དང་སྐུལ་འདེད་གཏོང་བའི་ཁ་ཕྱོགས་སྟོན་རྟགས་དང་སྒུལ་ཤུགས་འབྱུང་ཁུངས་སུ་མཐའ་གཅིག་ཏུ་བརྩིས་ནས། དུས་རབས་གསར་པའི་སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཧུར་ཐག་ཁུར་དགོས།
བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ནན་པོར་སྲུང་ཞིང་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། སྲིད་གྲོས་ཏང་ཙུའུ་ཡིས་ཏང་གིས་སྲིད་གྲོས་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཡོད། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ་བྱེད་པ། དོན་འཁྱོལ་ལ་འགན་ལེན་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། “ཏང་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་ནི་རང་འགན་ཡིན་པ་དང་། ཏང་འཛུགས་སྐྲུན་ལ་དམ་འཛིན་མ་བྱེད་པ་ནི་འགན་ཤོར་ཡིན་པ། ཏང་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་མ་ཐུབ་པ་ནི་འགན་འཛོལ་ཡིན་པ་”བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཏང་འཛུགས་སྐྲུན་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་“སྣ་ཐག་”དེར་དམ་འཛིན་ནན་པོ་བྱས་ནས། ཏང་དོ་དམ་དང་ཏང་བཅོས་སྐྱོང་། སྐོར་ཞིབ་དག་ཐེར་གྱི་བྱེད་པོའི་འགན་འཁྲི་དང་། ཏང་ཙུའུ་ཧྲུའུ་ཅི་ནི་འགན་འཁུར་བ་དང་པོ་ཡིན་པ་དང་། ཏང་ཙུའུ་ཡི་ཁོངས་མི་ནི་“གནས་གཅིག་འགན་གཉིས་”ཡིན་པ་བཅས་དོན་འཁྱོལ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་། ལས་ཁུངས་ཏང་ཙུའུ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ། དེ་བཞིན་བྱེད་སྒོ་གལ་ཆེན་གྱི་གནས་སྐབས་ཏང་ཀྲི་པུའུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུའི་བྱེ་བྲག་གི་ལས་འགན་དང་ལས་ཀའི་བླང་བྱ་ཁ་གསལ་བཟོས་ནས། གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་བཅས་མངོན་འགྱུར་ཡོང་བ་བྱེད་དགོས། སྲིད་དོན་གཙང་སྐྱོང་ཐད་ཀྱི་ཉེན་ཁ་འགོག་ཟོན་སྐོར་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་སུ་འགྱུར་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྲུན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ལྟ་སྐུལ་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་“སྤྱོད་ངན་བཞི་”ཡོ་བསྲང་བྱེད་པར་རྒྱབ་སྐྱོར། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་གསལ་ཅན་དག་ཐེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ནས་སྲིད་གྲོས་ཀྱི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།
མཉམ་འགུལ་གྱིས་འགན་འཁྲི་སྒྲུབ་པའི་ལས་ཀའི་རྣམ་པ་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྱི་རྨང་གཞིའི་ལས་ཀ་ཉམས་ཞན་དང་མི་སྣའི་སྟོབས་ཤུགས་ཞན་པའི་གནད་དོན་ཐག་གཅོད་བྱེད་པར་ངེས་པར་དུ་སྲིད་གྲོས་ཁོངས་གཏོགས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་འདོན་སྤེལ་བྱེད་དགོས། མཉམ་འགུལ་གྲོས་མོལ་དང་། རྒྱང་རིང་གྲོས་མོལ། མཐུན་སྦྱོར་བརྟག་དཔྱད་ཞིབ་འཇུག། བརྙན་ལམ་བརྟག་དཔྱད་ཞིབ་འཇུག། མངགས་བཅོལ་བརྟག་དཔྱད་ཞིབ་འཇུག་བཅས་སྒྲིག་འཛུགས་བྱས་ཏེ། ལོ་ལྟར་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་། སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོའི་ལས་དོན་བཞུགས་མོལ་ཚོགས་འདུ། ཆེད་དོན་ཨུ་ལྷན་གྱི་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུ་སོགས་སྐོང་འཚོགས་བྱས་ཏེ་ཉམས་མྱོང་ཕྱོགས་བསྡོམས་སྤེལ་རེས་དང་། ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག། གཞི་རིམ་སྲིད་གྲོས་ལས་དོན་གྱི་འབྲེལ་གཏུག་མཛུབ་སྟོན་དང་བརྟག་དཔྱད་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་དབྱང་གི་སྲིད་ཇུས་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གཏིང་ཇེ་ཟབ་དང་དོན་དངོས་དང་ཇེ་མཐུན། ལག་བསྟར་དོན་འཁྱོལ་ནུས་ལྡན་ཕན་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་《དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞང་དང་གྲོང་རྡལ་གྱི་སྲིད་གྲོས་འབྲེལ་གཏུག་གཞུང་ལས་ཁང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་གྲོས་ཀྱི་ལས་དོན་གཞི་རིམ་དུ་མཆེད་པར་སྐུལ་འདེད་གཏོང་བ། སྲིད་གྲོས་རིམ་པ་ཁག་གོང་འོག་འབྲེལ་མཐུད་དང་འགྲིལ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས།
སྲིད་གྲོས་ཀྱི་རྩ་འཛུགས་དང་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བླང་བྱ་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་བླངས་ཏེ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་རྩ་འཛུགས་ཀྱིས་ཏང་ཡོན་ཨུ་ཡོན་ཡོངས་ལ་ཁྱབ་པ་དང་ཏང་གི་འགོ་ཁྲིད་ལས་ཀས་སྲིད་གྲོས་ཨུ་ཡོན་ཡོངས་ལ་ཁྱབ་པ་མངོན་དུ་འགྱུར་བར་མདོ་འདུ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཆེ་རུ་བཏང་ནས། ཏང་ཀྲི་པུའུ་ཡི་དམག་འཐབ་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་“གཟུགས་ལྡན་ཁྱབ་པ་”ནས་“ནུས་ལྡན་ཁྱབ་པའི་”ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། “སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་དོན་བགྲོ་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་དང་དོད། གཤིས་སྤྱོད་བཟང་པོ་གཙིགས་སུ་འཛིན་པ་”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་སྒྲུབ་པ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ཧུར་སེམས་སྐུལ་སློང་བྱེད་པ་དང་། ཆབ་སྲིད་ཀྱི་ཚོད་འཛིན་ནུས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ནུས་པ། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནུས་པ། མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ་བཅས་སྤྱི་ཡོངས་ནས་ཆེ་རུ་བཏང་སྟེ། དཔེ་བཟང་གི་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་གསལ་པོར་མངོན་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་རིགས་ས་ཁུལ་གྱི་ལས་བྱེད་པས་ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་ཡིན་པ་དང་། ཡིན་མིན་ཆེན་པོའི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་བྱ་སྤྱོད་ཧ་ཅང་བརྟན་པོ་ཡིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་དུང་ལ་དགའ་ཞེན་དང་“དམིགས་བསལ་བཞིའི་”ཆབ་སྲིད་ཀྱི་ཚད་གཞིར་ལྷག་བསམ་ཟོལ་མེད་ཡིན་པ། སྐུལ་ལྕག་དང་གཅུན་འདོམས་མཉམ་འཛིན་དང་། དོ་དམ་ནན་པོ་དང་དགའ་གཅེས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་ཞུན་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བེད་སྤྱོད་པ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོར་བརྩིས་ཏེ། བྱང་ཚད་མཐོ་བའི་སྲིད་གྲོས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ཆེད་སེམས་ཤུགས་ཡོད་རྒུ་འདོན་པ་དང་རང་འགན་གཙང་སྒྲུབ་བྱེད་དགོས།
ལྷག་པ་ཚེ་རིང་གིས་བསྒྱུར།