དེ་རིང་། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་བཅས་གཟབ་རྒྱས་ངང་འཚོགས་པ་རེད། འདི་ནི་ང་ཚོས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པའི་གལ་ཆེའི་དུས་སྐབས་སུ། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་གོང་སྤེལ་ཇུས་ཆེན་ལ་མཉམ་གྲོས་བྱེད་པའི་ཚོགས་ཆེན་ཞིག་ཡིན།
ཐོག་མར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་རྒྱུ་དང་། ལས་གནས་སོ་སོའི་ཐོག་དཀའ་སྤྱད་ཀྱིས་ལེགས་སྐྱེས་འབུལ་མཁན་ཚན་རྩལ་ལས་དོན་པར་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ཟླ་5ཚེས་30ཉིན་ནི་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོ་ཐེངས་ལྔ་པ་ཡིན། ངས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།
ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཡིན། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་ང་ཚོའི་ཏང་གིས་ཚན་རྩལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། གསར་བརྗེའི་དུས་སྐབས་སུ་ཤེས་ཡོན་ཅན་གྱི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་པ་ནས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་“ཚན་རིག་ལ་དཔུང་སྐྱོད་བྱེད་པའི་”འབོད་བརྡ་བཏང་བ་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་སྐབས་སུ་“ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་”ཞེས་པའི་ཆོད་གཏམ་བཏོན་པའི་བར་དང་། དུས་རབས་གསར་པར་སླེབས་རྗེས་ཤེས་བྱ་གསར་གཏོད་ལས་གྲྭ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱས་པ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་ཞེས་བཏོན་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱེད་པའི་བར་དུ། ཏང་དང་མི་དམངས་ཀྱི་བྱ་གཞག་ནང་ཚན་རྩལ་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་གོ་གནས་ཧ་ཅང་གལ་ཆེན་པོ་ལྡན་ཡོད་པ་དང་། འཐབ་ཇུས་ཀྱི་ནུས་པ་ཧ་ཅང་གལ་ཆེན་པོ་འདོན་སྤེལ་བྱས་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ཀྱི་འགྲན་རྩོད་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་གནས་བབ་ལ་ཞིབ་འཇུག་བྱས་ཏེ་བརྡར་ཤ་ཐིག་པོ་བཅད་ཐོག །རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་འཕྲད་པའི་འབུར་ཐོན་གནད་དོན་དང་འགྲན་སློང་ལ་གཞིགས་ཏེ། ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ཏུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རྩལ་གསར་གཏོད་ལས་ཀར་ཕྱོགས་ཡོངས་ནས་ཇུས་འགོད་བྱས་ཡོད། ང་ཚོས་ཏང་གིས་ཚན་རྩལ་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། འཕེལ་ཕྱོགས་ཆེན་པོར་ལྟ་ཞིབ་དང་། སྤྱི་ཡོངས་ནས་འཆར་འགོད། རྩ་བ་ནས་དམ་འཛིན་བཅས་བྱས་ཏེ། ཕན་ནུས་མཐོ་བའི་རྩ་འཛུགས་སྐུལ་སློང་མ་ལག་དང་གཅིག་འདོམས་མཐུན་སྦྱོར་གྱི་ཚན་རྩལ་ཐོན་ཁུངས་བགོ་སྒྲིག་བྱེད་སྟངས་ཆགས་པར་བྱས་ཡོད། ང་ཚོས་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་བརྟན་པོར་ཟིན་པར་བྱས་ཏེ། དལ་འགྱངས་སྤུ་ཙམ་མི་བྱེད་པའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། དགོས་གཏུག་ཆེ་བའི་འདུ་ཤེས་བཅས་བཅངས་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གོང་སྤེལ་གྱི་གོ་སྐབས་ཟིན་པ་དང་། རྨང་གཞིའི་མདུན་བདར་ཁྱབ་ཁོངས་སུ་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཡོད། ང་ཚོས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་དང་། ཧུར་ཐག་གིས་རང་གཏོད་གསར་གཏོད་ཐད་ཐོད་བརྒལ་གསར་པ་ཡོང་བར་བྱས་པ། གལ་ཆེའི་ཚན་རྩལ་ཁྱབ་ཁོངས་སུ་མཆོང་བརྒལ་གྱི་འཕེལ་རྒྱས་ཡོང་བར་བྱས་པ་བཅས་ཀྱི་ཐོག་ནས། འགག་རྩའི་སྲོག་ཤིང་ལག་རྩལ་རང་དབང་དུ་འགྱུར་བ་དང་ཚོད་འཛིན་ཐུབ་པར་སྐུལ་སྤེལ་དང་། གསར་གཏོད་ཕྲེང་བ་དང་ཐོན་ལས་ཕྲེང་བ་མཉམ་འདྲེས་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། ང་ཚོས་ཚན་རྩལ་གསར་གཏོད་སྒྲིག་གཞིའི་སྒྱུར་བཅོས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། སྒྱུར་བཅོས་ཀྱི་ཐབས་ཚུལ་རབ་དང་རིམ་པ་བཏོན་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་བཏང་ཡོད། ང་ཚོས་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་བསྐྲུན་ལ། གནམ་འོག་གི་མཁས་པ་བཀུག་ནས་བཀོལ་སྤྱོད་བཅས་བྱས་པས། རྒྱ་ཆེའི་ཚན་རྩལ་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྒོ་ཀུན་ནས་སྐུལ་སློང་བྱས་ཡོད། ང་ཚོས་ཚན་རྩལ་ཁྱབ་ཁོངས་ཀྱི་སྒོ་འབྱེད་མཉམ་ལས་རྒྱ་སྐྱེད་བཏང་བ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དྲ་རྒྱའི་ནང་རང་འགུལ་གྱིས་འདྲེས་པར་བྱས་ལ། མིའི་རིགས་ལ་འཕྲད་པའི་གནད་ཆེའི་འགྲན་སློང་ཐག་གཅོད་བྱེད་པའི་ནང་ཧུར་ཐག་གིས་ཞུགས་ཏེ། ཚན་རྩལ་གསར་གཏོད་གྲུབ་འབྲས་དེ་རྒྱལ་ཁབ་དང་མི་དམངས་སྔར་ལས་མང་པོའི་ཕན་པའི་གསོས་སུ་སྒྲུབ་གང་ཐུབ་བྱས་ཡོད།
2016ལོར་ང་ཚོས་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་བཅས་འཚོགས་པ་དང་། 2018ལོར་ང་ཚོས་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་འཚོགས་པ་ཡིན། ལོ་ཤས་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག །རྒྱལ་ཡོངས་ཀྱི་ཚན་རྩལ་ལས་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན། རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་དེ་གྲངས་འབོར་གསོག་པ་ནས་སྤུས་ཚད་འཕར་བའི་འཕོ་འགྱུར་བྱུང་བ་དང་། གནད་གཅིག་གི་ཐོད་བརྒལ་ནས་མ་ལག་གི་ནུས་པ་མཐོར་འདེགས་བྱུང་བས། ཚན་རྩལ་གསར་གཏོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད།
—རྨང་གཞིའི་ཞིབ་འཇུག་དང་རང་གཏོད་གསར་གཏོད་ཐད་འཕེལ་སྐྱེད་གལ་ཆེན་བྱུང་བ། རྨང་གཞིའི་ཞིབ་འཇུག་གི་སྤྱི་ཡོངས་སྟོབས་ཤུགས་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་པས། རྫས་འགྱུར་དང་། རྒྱུ་ཆ། དངོས་ཁམས། བཟོ་སྐྲུན་ལ་སོགས་པའི་རིག་ཚན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཚད་རྡུལ་ཆ་འཕྲིན་དང་། གཞུང་རྐང་ཕྲ་ཕུང་། ཀླད་པའི་ཚན་རིག་སོགས་མདུན་བདར་ཁ་ཕྱོགས་སུ་གནད་ཆེའི་རང་གཏོད་གསར་གཏོད་ཀྱི་གྲུབ་འབྲས་ཁག་ཅིག་ཐོབ་ཡོད། གནད་ཆེའི་རྨང་གཞིའི་ཞིབ་འཇུག་གི་ལས་འགན་ཁག་ཅིག་སྒྲིག་འཛུགས་ཡོངས་འགྲུབ་བྱས་པ་སྟེ། “ཟླ་བའི་ལྷ་མོ་ཨང་ལྔ་པ་”ཡིས་སའི་གོ་ལའི་ཕྱིའི་སྐར་མའི་གོ་ལ་ནས་མ་དཔེ་སྒྲུག་ནས་ཕྱིར་ལོག་པ་དང་། “གནམ་འདྲི་ཨང་དང་པོ་”ཡིས་སྐར་མ་མིག་དམར་ལ་ལྟ་ཞིབ་ཐིག་ལེན་བྱེད་འགོ་བརྩམས་པ། “ཧོའེ་རོའུ་ཨང་དང་པོའི་”འཐེན་ཤུགས་དྲག་རླབས་ནུས་ཆེའི་གློག་སྡུད་ཀྱི་ལྟོས་འཆར་གཟུགས་ཉིན་གང་ལྟ་ཞིབ་ཚད་ལེན་འཕྲུལ་ཆས་ཀྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ། “ཤེས་རབ་མིག་རྟགས་ཅན་”གྱིས་ད་ལྟའི་བར་དུ་འཇིག་རྟེན་གྱི་སྡུད་ར་དྲག་ཤོས་ཐད་ཀར་ཚད་ལེན་བྱས་པ། ཞེང་ཚད་སྨི་500ཡི་ཟླུམ་ངོས་གློག་རླབས་རྒྱང་ཤེལ་གྱིས་སྐར་མ་ཧའོ་མིའོ་མའེ་ཁྲུང་ཐེངས་དང་པོར་ཤེས་རྟོགས་བྱུང་བ། རབས་གསར་པའི་“མིས་བཟོས་ཉི་མ་”ཡིས་ཐེངས་དང་པོར་གློག་བཏང་བ། “གངས་འབྲུག་2པ་”ཐེངས་དང་པོར་ལྷོ་སྣེ་རུ་བསྐྱོད་པ། འོད་རྡུལ་76ཅན་གྱི་ཚད་རྡུལ་རྩིས་འཁོར་“ལེའུ་དགུ་པ་”དང་། པི་ཐེ་62ཅན་གྱི་སྒྲིག་བཟོ་བྱས་འཐུས་པའི་འདྲེན་བརྒལ་ཚད་རྡུལ་རྩིས་འཁོར་“ཙུའུ་ཁྲུང་རྟགས་ཅན་”ཐོན་པ་བཅས་རེད། ཐོར་གས་བར་རྡུལ་ཁུངས་སོགས་རྒྱལ་སྤྱིའི་རྩེ་རིམ་ཆུ་ཚད་ལ་བསྙེགས་པའི་གནད་ཆེའི་རྨང་གཞིའི་སྒྲིག་བཀོད་ཁག་ཅིག་ཞིབ་བཤེར་རྩིས་ལེན་བྱས།
—འཐབ་ཇུས་ལག་རྩལ་མཐོན་པོའི་ཁྱབ་ཁོངས་སུ་མཆོང་སྐྱོད་གསར་པ་བྱས་པ། མཚོ་གཏིང་དང་། བར་སྣང་། ས་གཏིང་། ཚད་བརྒལ་ཆ་འཕྲིན་བདེ་འཇགས་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་ཚན་རྩལ་གྱི་བཙན་ས་ཧུར་ཐག་གིས་ཟིན་པར་བྱས་ཡོད། “ཧའེ་ཏོའུ་ཨང་དང་པོ་”ཡིས་སྨི་ཁྲིའི་མཚོ་གཏིང་ཚོད་ལྟ་ཡོངས་འགྲུབ་བྱས་པ་དང་། “འབད་འཐབ་པ་”རྟགས་ཅན་བདེ་བླག་ཏུ་མཐིལ་སྡོད་བྱས་པ། བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་མ་ལག་ཕྱོགས་ཡོངས་ནས་ཤར་གཏོང་བྱས་པ། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ཐེན་ཧོ་ལྟེ་བའི་གྲུ་ཚང་བདེ་བླག་ཏུ་འཕེན་གཏོང་བྱས་པ། “རྒྱང་སྐྱོད་ཨང་ལྔ་པ་”རྒྱང་ཚོར་གསུམ་པའི་སྐྱེལ་འདྲེན་འཕུར་མདའ་བདེ་བླག་ཏུ་འཕེན་གཏོང་བྱས་པ། འཛམ་གླིང་ཐོག་གི་ས་གཏིང་ཉིང་རྡུལ་སྐར་མའི་གོ་ལའི་དངོས་ཁམས་འགྲོས་སྣོན་ཆས་བདེ་བླག་ཏུ་ཐོན་པ། “ཧྲེན་ཝེ་•ཐའེ་ཧུའུ་འོད་སྣང་”རིམ་འདས་རྩིས་འཁོར་གྱིས་ལྟེ་སྙིང་ཁྲི་སྟོང་མཉམ་གཤིབ་ཀྱི་རྩ་བའི་རིགས་པ་དང་པོའི་ལད་ཟློས་རྩིས་རྒྱག་ཐོག་མར་མངོན་འགྱུར་བྱས་པ། “མོ་ཙི་རྟགས་ཅན་”གྱིས་སྤྱི་ལེ་སྟོང་རིམ་པའི་བརྒྱུད་གཏོང་མེད་པའི་ཚད་རྡུལ་གསང་བའི་ལྡེ་མིག་བགོ་འགྲེམ་མངོན་འགྱུར་བྱས་པ་བཅས་རེད། “ཐེན་ཁུན་རྟགས་ཅན་”ཐེངས་དང་པོར་ཚོད་སྐྱོད་ལེགས་འགྲུབ་བྱུང་བ། “ཀུའོ་ཧོ་ཨང་དང་པོ་”དང་“ཧྭ་ལུང་ཨང་དང་པོའི་”རབས་གསུམ་པའི་རྡུལ་གློག་ལག་རྩལ་ལ་ཐོད་བརྒལ་གསར་པ་བྱུང་ཡོད།
—མཐོ་སྣེའི་ཐོན་ལས་ལ་ཐོད་བརྒལ་གསར་པ་བྱུང་བ། C919གནམ་གྲུ་ཆེན་པོ་འཁོར་སྐྱོད་བྱེད་གྲབས་ཡོད་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་600ཟིན་པའི་མྱུར་བགྲོད་སྡུད་དཔྱང་འཕྱོ་གཡེང་གི་ཚོད་ལྟ་བདེ་བླག་ཏུ་བྱས་པ་དང་། ཚངས་ཐིག་རིང་ཤོས་ཀྱི་ཏུན་ཀོའུ་འཕྲུལ་འཁོར་བདེ་བླག་ཏུ་སྤྱོད་འགོ་ཚུགས་ཡོད། པེ་ཅིན་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་བྱས་པ། རིག་ནུས་བཟོ་སྐྲུན་ཐད་ཡར་རྒྱས་ཆེན་པོ་བྱུང་བ་དང་། མིས་བཟོས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། པར་རིས་དབྱེ་འབྱེད་དང་སྐད་གདངས་དབྱེ་འབྱེད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ། 5Gལག་འཁྱེར་འཕྲིན་གཏོང་ལག་རྩལ་སྔོན་ལ་གཞི་ཁྱོན་ཅན་དུ་བཀོལ་སྤྱོད་བྱས་ཡོད། ནུས་ཁུངས་གསར་པའི་རླངས་འཁོར་མགྱོགས་པོར་འཕེལ་རྒྱས་བྱུང་ཡོད། འཛད་སྤྱོད་རིམ་པའི་མི་མེད་གནམ་གྲུས་གོ་ལ་ཧྲིལ་པོའི་ཚོང་རའི་ཕྱེད་ཀའི་ཡན་ཟིན་ཡོད། ཕྲུན་ཀ་པ་ལས་སིན་ཐིན་བཟོ་བའི་ལག་རྩལ་རྒྱུན་མཐུད་གསར་གཏོད་བྱས་པས་རང་རྒྱལ་གྱི་རྡོ་སོལ་ལས་སིན་ཐིན་བཟོ་བའི་ཐོན་ལས་མགྱོགས་པོར་འཕེལ་རྒྱས་བྱུང་ཡོད།
—ཚན་རྩལ་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ནང་ནུས་པ་གལ་ཆེན་ཐོན་པ། ཚན་རྩལ་ལས་རིགས་ཀྱིས་ཏང་དང་སྲིད་གཞུང་གིས་རིམས་ནད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་འཇལ་བར་ཚན་རྩལ་དང་ཐབས་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། འཛམ་གླིང་ཐོག་གི་ཏོག་གསར་ནད་དུག་དུག་རྐང་ཐོག་མ་བདེ་བླག་ངང་དབྱེ་འབྱེད་བྱས་པ་དང་། ནད་དུག་གི་རྒྱུད་རྒྱུ་ཚོ་གོ་རིམ་ཚད་ལེན་ཚོད་ལྟ་ཡོངས་འགྲུབ་བྱས་པ། ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་སྨན་རྫས་དང་། ཞིབ་དཔྱད་ཚད་ལེན་སྒྲིག་ཆས། ཚོད་ལྟའི་རྫས་བཅས་ཁག་ཅིག་གསར་སྤེལ་བྱས་པ། འགོག་སྨན་རིགས་མང་པོ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱས་པ་སྟེ། ཚན་རྩལ་གྱིས་འགོས་མཆེད་ཚོད་འཛིན་དང་། ནད་དུག་རྩད་གཅོད། ནད་རིགས་སྐྱོབ་བཅོས། འགོག་སྨན་དང་སྨན་རྫས་ཞིབ་འཇུག་གསར་སྤེལ། ལས་ཐོན་བསྐྱར་ཚུགས་སོགས་ཀྱི་ཐད་འདེགས་སྐྱོར་ནུས་ལྡན་བྱས་པས། ཚན་རྩལ་གྱི་རིམས་འགོག་དམག་འཐབ་ཅིག་བདེ་བླག་ཏུ་བརྒྱབ་ཡོད།
—དམངས་འཚོའི་ཚན་རྩལ་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། སྨན་བཀོལ་ལྕི་བའི་གྱེས་རྡུལ་འགྲོས་སྣོན་ཆས་དང་། སྡུད་མཉམ་འདར། ཚོན་ལྡན་དོ་ཕི་ལེར་བརྙན་གྲུབ། CTསོགས་མཐོ་སྣེའི་སྨན་བཅོས་སྒྲིག་ཆས་རྒྱལ་ཐོན་ཅན་གྱིས་ཚབ་བྱེད་པའི་ཐད་འཕེལ་སྐྱེད་ཆེན་པོ་བྱུང་ཡོད། ཚན་རྩལ་བྱེད་ཐབས་སྤྱད་དེ་གནད་འཕིགས་དབུལ་སྐྱོར་གྱི་རྣམ་པ་གསར་པ་བཏོད་དེ་དབུལ་ཕོངས་ས་ཁུལ་ལ་ཚན་རྩལ་ཐོན་ལས་སྐྱེད་སྲིང་དང་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། ཚན་རྩལ་གྱིས་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། རྡོ་སོལ་གཙང་ཞིང་ནུས་ཆེའི་སྒོ་ནས་འབར་བ་དང་། ངར་ལྕགས་ཀྱི་སྦགས་བཙོག་དངོས་རྫས་མང་པོ་གཏོང་ཚད་ཆེས་ཉུང་དུ་གཏོང་བ་སོགས་འགག་རྩའི་ལག་རྩལ་མང་པོ་ཁྱབ་སྤེལ་བེད་སྤྱོད་བྱས་པས། མཁའ་རླུང་གི་སྤུས་ཚད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།
—རྒྱལ་སྲུང་ཚན་རྩལ་གསར་གཏོད་ལ་གནད་ཆེའི་གྲུབ་འབྲས་ཐོབ་པ། རྒྱལ་སྲུང་ཚན་རྩལ་གྱིས་གནད་ཆེའི་གོ་མཚོན་སྒྲིག་ཆས་ཞིབ་བཟོ་དང་གོང་སྤེལ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ། རྒྱལ་ཐོན་གནམ་ཐང་གྲུ་གཟིངས་ཐོག་མ་ཆུ་ལ་ཞུགས་པ་དང་། རབས་ལྔ་པའི་དམག་འཐབ་གནམ་གྲུ་རྒོལ་འཇོམས་20ཡིས་དངོས་སུ་དམག་ཞབས་སྒྲུབ་པ་རེད། ཤར་རླུང་-17མདེལ་ལམ་འཕུར་མདའ་ཞིབ་བཟོ་ལེགས་འགྲུབ་བྱས་པས། རང་རྒྱལ་ཉིད་སྒྲ་ལས་མྱུར་བའི་གོ་མཚོན་གྱི་ཕྱོགས་ནས་མདུན་གྲལ་དུ་བསྐྱོད་ཡོད།
ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད་པ་ནི། རང་རྒྱལ་གྱི་རང་རྟེན་གསར་གཏོད་བྱ་གཞག་ནི་དཔུང་རྩལ་ངོམ་ས་ཆེན་པོ་ཡོད་པ་ཞིག་ཡིན་ལ། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་རྣམས་ཀྱིས་དཔུང་རྩལ་ངོམ་ཐུབ་ངེས་ཡིན། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་རྣམས་ཀྱིས་དུས་བསྟུན་མདུན་སྐྱོད་ཀྱི་སྙིང་སྟོབས་དང་། རྙིང་འདོར་གསར་འཛུགས་ཀྱི་བློ་སྟོབས། བློ་བརྟན་འགྱུར་མེད་ཀྱི་ངེས་ཤུགས་བཅས་ཀྱི་ཐོག་ནས། འཛམ་གླིང་གི་ཚན་རྩལ་མདུན་སྣེ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་གནད་ཆེའི་དགོས་མཁོ་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་གོ་སྐབས་ཟིན་པ། གནད་དོན་ལ་ཁ་གཏད་ཅིང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། དུས་རབས་ཀྱིས་སྤྲད་པའི་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་ཐུབ་པ་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས།
ཡོན་ཧྲི་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
ད་ལྟའི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཁོར་ཡུག་སྣེ་མང་རྙོག་འཛིང་ཆེ་བ། འཛམ་གླིང་གི་དཔལ་འབྱོར་འཕེལ་མེད་སོར་གནས་ཡིན་པ། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་བ་དང་མཁོ་སྤྲོད་ཕྲེང་བ་བསྐྱར་འཛུགས་བྱ་རྒྱུར་ཐུག་ཡོད་པ། གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཇེ་མང་དུ་འགྲོ་བ་བཅས་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་རྒྱ་ཆེ་ལ་གཏིང་ཟབ་པས། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པ་དང་། ཕྱོགས་རྐྱང་པའི་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ཀྱི་བསམ་པའི་རླབས་རྒྱུན་ཆུ་མིག་བརྡོལ་བ་ལྟར་ཐོན་པ་རེད། ཚན་རྩལ་གསར་གཏོད་དེ་རྒྱལ་སྤྱིའི་འཐབ་ཇུས་ཀྱི་འགྲན་བསྡུར་གྱི་གཡུལ་ས་གཙོ་བོར་གྱུར་པ་དང་། ཚན་རྩལ་གྱི་བཙན་ས་གཞིར་འཛིན་པའི་འགྲན་རྩོད་དཔེ་མེད་ཛ་དྲག་ཏུ་གྱུར་ཡོད། ང་ཚོས་ངེས་པར་དུ་ཉམས་ཉེས་དྲན་པའི་འདུ་ཤེས་དྲག་པོ་བསྐྱེད་དེ། བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་དཔྱིས་ཕྱིན་པ་བྱེད་དགོས།
མིག་སྔར། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཧ་ཅང་མགྱོགས་པ་སྟེ། ཚན་རིག་ཞིབ་འཇུག་གི་མ་དཔེ་འཕོ་འགྱུར་གཏིང་ཟབ་འབྱུང་བཞིན་ཡོད་པ། རིག་ཚན་སྣོལ་འདྲེས་སུ་མུ་མཐུད་འཕེལ་རྒྱས་འགྲོ་བཞིན་ཡོད་པ། ཚན་རིག་ལག་རྩལ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གཏོང་བའི་ནང་དུ་སིམ་འདྲེས་འབྱུང་བཞིན་ཡོད་པ་བཅས་རེད། ཚན་རྩལ་གསར་གཏོད་ཀྱི་ཡངས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་སྟེ། རགས་པའི་འཇིག་རྟེན་གྱི་སྐར་མའི་གོ་ལའི་འཁོར་སྐྱོད་དང་། རྒྱུ་སྐར་མ་ལག་རིམ་འགྱུར། འཇིག་རྟེན་གྱི་འབྱུང་ཁུངས་བཅས་དང་། ཕྲ་བའི་འཇིག་རྟེན་གྱི་རྒྱུད་རྒྱུའི་རྩོམ་སྒྲིག་དང་། གཞི་རྡུལ་གྱི་གྲུབ་ཚུལ། ཚད་རྡུལ་སྙོམ་སྒྲིག་བཅས་ཚང་མ་ད་ལྟའི་འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་ཆེས་མདུན་སྣེ་རུ་གནས་ཡོད། ཚན་རྩལ་གསར་གཏོད་ཀྱི་གཏིང་ཚད་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་སྟེ། མཁའ་དབྱིངས་ལ་ལྟ་ཞིབ་ཐིག་ལེན་བྱ་རྒྱུ་དེ་ཚན་རྩལ་འགྲན་རྩོད་ཀྱི་བཙན་སར་གྱུར་ཡོད་པ་དང་། མཚོ་གཏིང་དང་ས་གཏིང་ལ་ལྟ་ཞིབ་ཐིག་ལེན་བྱས་པ་དེས་མིའི་རིགས་ཀྱིས་རང་བྱུང་ཁམས་ཤེས་རྟོགས་བྱེད་པར་མཐོང་རྒྱ་གསར་པ་མུ་མཐུད་རྒྱ་སྐྱེད་བཏང་ཡོད། ཚན་རྩལ་གསར་གཏོད་ཀྱི་མྱུར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་སྟེ། ཆ་འཕྲིན་ལག་རྩལ་དང་མིས་བཟོས་རིག་ནུས་ཀྱིས་མཚོན་པའི་གསར་དར་ཚན་རྩལ་མགྱོགས་པོར་འཕེལ་རྒྱས་བྱུང་བས། དུས་ཚོད་དང་། བར་སྣང་། མི་རྣམས་ཀྱི་ཤེས་རྟོགས་ཁྱབ་ཁོངས་བཅས་རྒྱ་ཆེ་རུ་བསྐྱེད་དེ་མིའི་རིགས་ཉིད་“མི་སྣ་འཕྲུལ་ཆས་དངོས་པོ་གསུམ་”གྱི་རྒྱུ་གསུམ་མཉམ་འདྲེས་བྱེད་པའི་དངོས་ཀུན་རིག་ནུས་མཉམ་སྦྲེལ་གྱི་དུས་རབས་སུ་སྐྱོད་བཞིན་ཡོད། སྐྱེ་དངོས་ཚན་རིག་གི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཚན་རྩལ་གསར་གཏོད་ཀྱི་ཞིབ་ཚད་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་སྟེ། སྐྱེ་དངོས་ཀྱི་ཆ་རྡུལ་ཆེ་བ་དང་རྒྱུད་རྒྱུའི་ཞིབ་འཇུག་དེ་སྙོམ་སྒྲིག་གནད་འཕིགས་ཀྱི་དུས་རིམ་དུ་སླེབས་པ་དང་། ཚེ་སྲོག་ངོས་འཛིན་དང་ཚེ་སྲོག་སྒྱུར་བཀོད་བྱས་པ་ནས་ཚེ་སྲོག་མཉམ་སྒྲིག་དང་ཚེ་སྲོག་འཆར་འགོད་བྱེད་པའི་ཕྱོགས་སུ་བསྐྱོད་དེ། མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་སྦྲགས་ནས་ཚེ་སྲོག་མི་ཆོས་ཀྱི་འགྲན་སློང་ཡང་འཕྲད་ཡོད།
ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་ཚན་རྩལ་གྱི་སྤྱི་ཡོངས་ཆུ་ཚད་ཆེས་ཆེར་མཐོར་འདེགས་བྱུང་བས། ང་ཚོར་རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་ཟིན་པའི་རྨང་གཞི་དང་། གཏིང་ཤུགས། ཡིད་ཆེས། ནུས་པ་བཅས་ཡོངས་སུ་ཡོད་པ་ལ། བབ་བསྟུན་འཕྲལ་སྒྲུབ་དང་ཇུས་ཆེན་མངོན་འགྱུར་བྱེད་དགོས། དེ་དང་ཆབས་ཅིག་ཏུ་ཤེས་དགོས་པ་ཞིག་ནི། རང་རྒྱལ་གྱི་རང་གཏོད་གསར་གཏོད་ནུས་པ་ད་དུང་དེ་ཙམ་ཆེན་པོ་མེད་པ་དང་། གསར་གཏོད་མ་ལག་གི་སྤྱི་ཡོངས་ཕན་ནུས་ད་དུང་དེ་ཙམ་ཆེན་པོ་མེད་པ། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱེད་ཚད་ད་དུང་མི་འདང་བ། ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་དགོས་པ། ཚན་རྩལ་ཐད་ཀྱི་གཏོང་ཡོང་ཕན་འབྲས་ད་དུང་ཆུང་བ། ཚན་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་སྡེའི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་དགོས་པ། ཚན་རྩལ་གྱི་གདེང་འཇོག་མ་ལག་དེ་ཚན་རྩལ་འཕེལ་རྒྱས་ཀྱི་བླང་བྱ་དང་མི་མཐུན་པ། ཚན་རྩལ་སྐྱེ་ཁམས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན། གནད་དོན་དེ་དག་ལས་མང་པོ་ཞིག་ནི་དུས་ཡུན་རིང་པོར་གནས་པའི་དཀའ་གནད་ཡིན་པས། མུ་མཐུད་དུ་ཤུགས་ཆེན་པོ་བརྒྱབ་ནས་ཐག་གཅོད་བྱེད་དགོས།
ཏང་གི་ཚོགས་ཆེན་བཅུ་དགུ་པས་2035ལོར་སླེབས་སྐབས་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་ཚུད་པ་བྱ་རྒྱུའི་འཐབ་ཇུས་ཀྱི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ནང་གི་གསར་གཏོད་ཀྱི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་རང་ཚུགས་རང་སྤེལ་ཐུབ་པ་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་བཏོན་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་བཅས་བྱེད་དགོས་ན། ངེས་པར་དུ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་གཏིང་ཟབ་ཏུ་ལག་བསྟར་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་གཏོང་བ། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་པོར་འཛུགས་སྐྲུན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་ཐུབ་པ་མངོན་འགྱུར་བཅས་བྱེད་དགོས།
དང་པོ། རང་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་སེམས་ཐག་གཙང་བཅད་ཀྱིས་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། ཚན་རྩལ་རང་ཚུགས་ཐུབ་ན་མི་རིགས་རང་ཚུགས་ཐུབ། ཚན་རྩལ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་རྒྱུ་ནི་ཚན་རྩལ་རང་ཚུགས་རང་སྤེལ་ཐུབ་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། ང་རང་ཚོ་མ་ཤེས་པ་ནས་ཤེས་པ་དང་། ངེས་མེད་རང་བཞིན་དང་ངེས་གཏན་རང་བཞིན་དུ་འགྱུར་བའི་ལྡོག་མེད་ཀྱི་གདམ་ག་ཡིན། རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་བྱ་སྤྱོད་འཆར་གཞི་གང་མགྱོགས་བཟོ་དགོས། རྨང་གཞིའི་ཞིབ་འཇུག་བྱེད་དགོས་ན། འཚོལ་ཞིབ་བྱེད་ཕོད་པ་དང་རང་གཏོད་འབུར་དུ་ཐོན་པ་བྱས་ཏེ། འཇིག་རྟེན་གྱི་འཕེལ་འགྱུར་དང་། འདུ་ཤེས་ཀྱི་ངོ་བོ། དངོས་པོའི་གྲུབ་ཚུལ། ཚེ་སྲོག་གི་འབྱུང་ཁུངས་སོགས་འཚོལ་ཞིབ་དང་གསར་རྙེད་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། རང་བྱུང་ཁམས་ངོས་འཛིན་བྱེད་པའི་མཐའ་མཚམས་རྒྱ་སྐྱེད་གཏོང་དགོས་ལ། ཤེས་རྟོགས་བྱེད་ས་གསར་པའང་གསར་གཏོད་བྱེད་དགོས། རྨང་གཞིའི་ཞིབ་འཇུག་བྱེད་དགོས་ན་སྒུལ་བྱེད་བཀོལ་སྤྱོད་དང་གནད་འགག་སྒྲོལ་བ་དེ་བས་ཀྱང་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་བདེ་འཇགས་ལ་འཕྲད་པའི་མངོན་སུམ་གྱི་གནད་དོན་ལས་ཚན་རིག་གི་གནད་དོན་སྙིང་བསྡུས་བྱེད་དགོས་ལ། “སྐེ་བཙིར་བའི་”ལག་རྩལ་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ལག་རྩལ་གྱི་རྩ་བའི་རིགས་པ་ཁོང་དུ་ཆུད་པ་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ཐད་ནོར་སྲིད་ཀྱི་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཁེ་ལས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་འགྲོ་གྲོན་གཏོང་བའི་ཐད་ཁྲལ་བསྡུའི་གཟིགས་སྐྱོང་ལག་བསྟར་བྱེད་པ། སྤྱི་ཚོགས་ཀྱིས་ཞལ་འདེབས་རྒྱག་པ་དང་ཐེབས་རྩ་འཛུགས་པ་སོགས་ཐབས་ལམ་མང་བའི་གཏོང་འཇོག་བསྔགས་སྐུལ་བྱེད་པ་སོགས་ལ་བརྟེན་ནས་རྒྱུན་མཐུད་བརྟན་བརླིང་གི་གཏོང་འཇོག་ལམ་སྲོལ་ཆགས་པ་བྱེད་དགོས།
ཚན་རྩལ་འགག་སྒྲོལ་བྱེད་པར་གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཁ་ཚ་དགོས་གཏུག་ཆེ་ཤོས་ཀྱི་གནད་དོན་ལ་ཁ་གཏད་དགོས། རྒྱལ་ཁབ་ཀྱི་ཉེར་མཁོའི་དགོས་མཁོ་དང་ཕུགས་རིང་གི་དགོས་མཁོ་ལ་གཞིགས་ཏེ། ཤུགས་གང་ཡོད་བཏོན་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་དང་། རྨང་གཞིའི་མ་བཅོས་རྒྱུ་ཆ། མཐོ་སྣེའི་སྙིང་ཆས། བཟོ་ལས་ཀྱི་མཉེན་ཆས། ཞིང་ལས་ལོ་ཏོག་གི་ས་བོན། ཚན་རིག་གི་ཚོད་ལྟའི་ཡོ་བྱད་སྒྲིག་ཆས། རྫས་འགྱུར་སྨན་སྦྱོར་སོགས་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་དགོས་པ་དང་། སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་བཀོལ་སྒྲིག་ཆས། འགོག་སྨན་ལ་སོགས་པའི་ཁྱབ་ཁོངས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་ཁག་ཅིག་མགྱོགས་པོར་ཐོད་བརྒལ་བྱེད་དགོས། འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྲོག་ཤིང་ཁྱབ་ཁོངས་སུ། མིས་བཟོས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། འདུས་གྲུབ་གློག་ལམ། སྔོན་ཐོན་བཟོ་སྐྲུན། ཚེ་སྲོག་བདེ་ཐང་། ཀླད་པའི་ཚན་རིག །སྐྱེ་དངོས་གསོ་འདེབས། མཁའ་དབྱིངས་ཚན་རྩལ། ས་གཏིང་དང་མཚོ་གཏིང་སོགས་མདུན་སྣེའི་ཁྱབ་ཁོངས་ལ་དམིགས་དགོས་པ་དང་། འཐབ་ཇུས་རང་བཞིན་དང་གསོག་འཇོག་རང་བཞིན་གྱི་ལག་རྩལ་ཞིབ་སྤེལ་ལས་གཞི་ཁག་ཅིག་སྔོན་དཔག་གིས་བཀོད་སྒྲིག་བྱེད་དགོས་ལ། མ་འོངས་པའི་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་སར་དམིགས་དགོས། ནོར་སྲིད་ཀྱི་ཚན་རྩལ་ཐད་ཀྱི་གཏོང་འཇོག་ལེགས་སྒྲིག་བྱས་ཏེ། འཐབ་ཇུས་རང་བཞིན་དང་གནད་འགག་རང་བཞིན་གྱི་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་གཏོང་དགོས།
གསར་གཏོད་ཀྱི་ཕྲེང་བ་དང་ཐོན་ལས་ཀྱི་ཕྲེང་བ་མཉམ་འདྲེས་བྱེད་པར་གནད་འགག་ནི་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་གཏན་འཁེལ་བྱ་རྒྱུར་ཐུག་ཡོད། ཁེ་ལས་ཀྱི་གསར་གཏོད་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། དྲང་ཕྱོགས་ནས་ཁེ་ལས་ཀྱིས་གསར་གཏོད་བྱེད་པར་སྐུལ་མ་གཏོང་དགོས་པ་དང་། ལྡོག་ཕྱོགས་ནས་ཁེ་ལས་ཀྱིས་གསར་གཏོད་བྱེད་པར་ལྡོག་སྐུལ་བྱེད་དགོས། ཁེ་ལས་ཀྱི་འདྲི་གཞི་འདོན་མཁན་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། གཙོ་གནད་ལས་གཞི་མཐུན་སྦྱོར་དང་ཞིབ་སྤེལ་བྱེད་སྒོ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཐུ་བོས་སྣེ་ཁྲིད་པ་དང་། མཐོ་སློབ་དང་ཚན་ཞིབ་ཁང་གིས་འདེགས་སྐྱོར་བྱེད་པ། གསར་གཏོད་བྱེད་པོ་ཁག་གིས་ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་ཀྱི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་མགྱོགས་པོར་འཛུགས་པ། ཕན་འབྲས་ཆེ་ལ་སྟོབས་དང་ལྡན་པའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འདོན་སྤྲོད་མ་ལག་འཕེལ་རྒྱས་གཏོང་བ། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
དེང་རབས་བཟོ་སྐྲུན་དང་ལག་རྩལ་ཚན་རིག་ནི་ཚན་རིག་གི་རྩ་བའི་རིགས་པ་དང་ཐོན་ལས་གོང་སྤེལ་དང་བཟོ་སྐྲུན་ཞིབ་བཟོ་བཅས་ཀྱི་བར་མེད་དུ་མི་རུང་བའི་ཟམ་པ་ལྟ་བུ་ཡིན་པས། དེང་རབས་ཚན་རིག་ལག་རྩལ་མ་ལག་ཁྲོད་དུ་གནད་འགག་གི་ནུས་པ་ཐོན་བཞིན་ཡོད། རིག་ཚན་མང་པོ་མཉམ་འདྲེས་ཀྱི་དེང་རབས་བཟོ་སྐྲུན་དང་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། རྨང་གཞིའི་ཚན་རིག་དང་བཟོ་སྐྲུན་ལག་རྩལ་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། རྒྱུད་ཁོངས་ཚང་བའི་དེང་རབས་ཚན་རིག་ལག་རྩལ་མ་ལག་ཆགས་པ་བྱེད་དགོས།
གཉིས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་དགོས། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་འགྲན་རྩོད་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་འགྲན་རྩོད་ཡིན། རྒྱལ་ཁབ་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཚན་ཞིབ་ལས་ཁུངས། ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཚང་མ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རང་རྟོགས་ངང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་ཐུབ་པའི་འགན་འཁྲི་འཁུར་དགོས།
རྒྱལ་ཁབ་ཚོད་ལྟ་ཁང་གིས་“ཁ་ཕྱོགས་པ་བཞིའི་”བླང་བྱ་ལྟར། འཛམ་གླིང་གི་ཚན་རྩལ་འཕེལ་ཕྱོགས་ཆེན་པོའི་རྗེས་སུ་དམ་པོར་འབྲང་བ་དང་། རང་རྒྱལ་འཕེལ་རྒྱས་ཀྱིས་ཚན་རྩལ་འཕེལ་རྒྱས་ལ་བཏོན་པའི་འགན་འཁྲི་དང་ལས་འགན་དང་བསྟུན་ཏེ། འཐབ་ཇུས་རང་བཞིན་དང་གནད་འགག་རང་བཞིན་གྱི་གནད་ཆེའི་ཚན་རྩལ་གྲུབ་འབྲས་མང་པོ་འདོན་དགོས་པ་མ་ཟད། རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཚོད་ལྟ་ཁང་མ་ལག་ཆགས་པ་བྱེད་དགོས།
རྒྱལ་ཁབ་ཚན་ཞིབ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་ཕྱོགས་སུ་བཟུང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ཕུགས་རིང་གི་ཁེ་ཕན་ལ་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་པའི་ཚན་རྩལ་གནད་དོན་ཆེན་པོ་ཐག་གཅོད་ཤུགས་ཆེན་བྱེད་དགོས་པ་དང་། ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་མགྱོགས་པོར་བསྐྲུན་དགོས་ལ། འགག་རྩའི་སྲོག་ཤིང་ལག་རྩལ་མགྱོགས་པོར་ཐོད་བརྒལ་ཡོང་བ་བྱེད་དགོས།
ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན་གྱིས་ཚན་རྩལ་གྱི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་འཕེལ་རྒྱས་གཏོང་བ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་ཨང་དང་པོ་གསོ་སྐྱོང་བྱེད་པ། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོ་ཆེ་རུ་གཏོང་བ་བཅས་སྔར་ལས་ལེགས་པའི་སྒོ་ནས་ཟུང་འབྲེལ་དང་། རྨང་གཞིའི་ཞིབ་འཇུག་ཟབ་བརླིང་དང་རིག་ཚན་སྣོལ་འདྲེས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་གཙོ་ཤུགས་དམག་དཔུང་དང་གནད་ཆེའི་ཚན་རྩལ་འགག་སྒྲོལ་གྱི་གསར་སྐྱེས་དམག་དཔུང་དུ་འགྱུར་བ་བྱེད་དགོས། ཞིབ་འཇུག་ཅན་གྱི་སློབ་ཆེན་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་འབེན་དང་འཐབ་ཇུས་ལས་འགན་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་མདུན་སྣེའི་འཚོལ་ཞིབ་དང་གནད་འགག་གི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་གཤིས་ལུགས། ཀྲུང་གོའི་ཉམས་འགྱུར་བཅས་ལྡན་པའི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག །སྐད་ཆའི་མ་ལག་བཅས་ཧུར་ཐག་གིས་འཛུགས་པ་བཅས་བྱས་ཏེ། ཕུལ་བྱུང་ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བྱེད་པའི་ཆེད་ལེགས་སྐྱེས་འབུལ་དགོས།
ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱིས་ཚོང་རའི་དགོས་མཁོ་དང་། འདུས་གྲུབ་གསར་གཏོད། སྒྲིག་འཛུགས་ལས་སྟེགས་བཅས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཚན་རྩལ་སྟོབས་ཤུགས་ཆེ་བ་ནས་ཁེ་ལས་སྟོབས་ཤུགས་ཆེ་བ་དང་། ཐོན་ལས་སྟོབས་ཤུགས་ཆེ་བ། དཔལ་འབྱོར་སྟོབས་ཤུགས་ཆེ་བ་བཅས་སུ་འགྱུར་བའི་རྒྱུག་ལམ་གཤོང་དགོས། ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་ཐོན་ཁུངས་སྡེབ་སྒྲིག་དང་། ཁྱབ་ཁོངས་ལས་བརྒལ་བ་དང་། མཉམ་ལས་ཆེ་བ། ཤུགས་ཚད་ཆེ་བ་བཅས་ཀྱི་གསར་གཏོད་རྟེན་གཞི་ཆགས་པ། ཐོན་ལས་ཀྱི་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་དང་དེ་བཞིན་ཐོན་ལས་ཅན་དང་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་ཞབས་ཞུ་བཅས་སྤེལ་བ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་དང་། རྟེན་གཞི། ཤེས་ལྡན་མི་སྣ། མ་དངུལ་བཅས་གཞི་གཅིག་ཅན་གྱི་བགོ་སྒྲིག་ལ་སྐུལ་འདེད་བཅས་བྱས་ཏེ། རང་རྒྱལ་གྱི་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་ཕྲེང་བ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།
ས་ཁུལ་ཁག་གིས་རང་ངོས་ཀྱི་མཐུན་རྐྱེན་བཟང་པོར་གཞི་བཙུགས་ཐོག་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་ཚན་རྩལ་གསར་གཏོད་བཀོད་སྒྲིག་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་སམ་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། དེ་ཉིད་འཛམ་གླིང་གི་ཚན་རིག་གི་མདུན་སྣེ་ཁྱབ་ཁོངས་དང་གསར་དར་ཐོན་ལས་ཀྱི་ལག་རྩལ་གསར་གཏོད་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་འདུས་གནས་སུ་འགྱུར་བར་བྱེད་དགོས།
གསུམ་པ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ནི་གནད་ཆེའི་ཚན་རྩལ་གསར་གཏོད་སྒྲིག་འཛུགས་བྱེད་མཁན་གལ་ཆེན་ཡིན་པའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ། དུས་འཁོར་རིང་བ་དང་། ཉེན་ཁ་ཆེ་བ། དཀའ་ཚེགས་ཆེ་བ། མདུན་ལྗོངས་བཟང་བ་བཅས་ཀྱི་འཐབ་ཇུས་རང་བཞིན་གྱི་ཚན་རིག་འཆར་གཞི་དང་ཚན་རིག་ལས་གྲྭར་རྒྱབ་སྐྱོར། རྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་དང་། རྒྱུད་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས། ལས་རིགས་བརྒལ་བའི་འདུས་གྲུབ་བཅས་འཛིན་པ། སྲིད་གཞུང་དང་། ཚོང་ར། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། མ་འོངས་པའི་སྤྱི་ཡོངས་ཀྱི་དགེ་མཚན་ཆགས་པ་བྱེད་དགོས། ཕན་ནུས་ལྡན་པའི་ཚོང་ར་དང་གོ་འཕེར་བའི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་ལས་ཡག་པོ་བྱ་རྒྱུར་སྐུལ་འདེད་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ། ཚོང་རའི་དགོས་མཁོ་ལ་བརྟེན་ནས་གསར་གཏོད་ཐོན་ཁུངས་ནུས་ལྡན་ངང་བགོ་སྒྲིག་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྡོམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས།
གདེང་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་རྨང་གཞིའི་སྒྱུར་བཅོས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་པ་དང་། སྤུས་ཚད་དང་། གྲུབ་འབྲས། བྱས་རྗེས་བཅས་སྲོག་ཤིང་བྱས་པའི་གདེང་འཇོག་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་གསར་གཏོད་ཀྱི་ཆུ་ཚད་དང་། བཀོལ་སྤྱོད་གྲུབ་འབྲས་སུ་སྤོ་སྒྱུར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་མངོན་སུམ་བྱས་རྗེས་བཅས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་མཚོན་པར་བྱེད་དགོས། ལས་གཞིར་གདེང་འཇོག་བྱེད་པའི་ཐད། ཚན་ཞིབ་བྱེད་སྒོའི་ཆོས་ཉིད་དང་མཐུན་པའི་གདེང་འཇོག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། རང་མོས་འཚོལ་ཞིབ་ཅན་དང་འགན་འཁྲིས་ཕྱོགས་སྟོན་ཅན་གྱི་ཚན་རྩལ་ལས་གཞི་རིགས་དབྱེ་གདེང་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ངོས་འཛིན་གཅིག་མཐུན་བྱུང་མེད་པའི་ཚན་རྩལ་ལས་གཞིའི་གདེང་འཇོག་ལམ་སྲོལ་འཛུགས་དགོས། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་ཐད། “ཁོ་ན་བཞི་གཏོར་བ་”དང་“ཚད་གཞི་གསར་པ་འཛུགས་པ་”མཉམ་འཛིན་བྱས་ཏེ། གསར་གཏོད་ཀྱི་རིན་ཐང་དང་། ནུས་པ། བྱས་རྗེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་མགྱོགས་པོར་འཛུགས་དགོས། ཚན་ཞིབ་བྱ་ལས་སྡེ་ཚན་གྱིས་སྔར་བས་སྟབས་བསྟུན་ཅན་གྱི་གླ་ཕོགས་ལམ་ལུགས་འཚོལ་ཞིབ་དང་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་དང་། རྨང་གཞིའི་རང་བཞིན་དང་། མདུན་སྣེའི་རང་བཞིན། སྤྱི་ཕན་རང་བཞིན་བཅས་ཀྱི་ཚན་ཞིབ་མི་སྣའི་དཔུང་ཁག་ཇེ་བརྟན་ཇེ་རྒྱས་སུ་བཏང་ནས། གང་དེས་སེམས་རྣལ་དུ་ཕབ་ནས་ཚན་རིག་ཞིབ་འཇུག་བྱ་རྒྱུ་འགན་ལེན་བྱེད་དགོས།
ཚན་རྩལ་དོ་དམ་སྒྱུར་བཅོས་བྱེད་པར་“སྣོན་རྩིས་”ཁོ་ན་བྱེད་མི་རུང་བར་“འཕྲི་རྩིས་”བྱེད་མཁས་པོ་བྱེད་དགོས། བློ་སྟོབས་སྔར་ལས་ཆེན་པོའི་ཐོག་ནས་ཚན་རྩལ་དོ་དམ་གྱི་འགན་ནུས་སྤོ་སྒྱུར་སྐུལ་སྤེལ་གཏོང་དགོས་པ་དང་། འཐབ་ཇུས་དང་སྒྱུར་བཅོས་དང་འཆར་འགོད་དང་ཞབས་ཞུ་བཅས་འཛིན་པའི་གནས་ངེས་ལྟར། སྤྱོད་ཚུལ་སྒྱུར་བ་དང་། ནུས་པ་ཆེ་རུ་གཏོང་བ། སྒོར་མོ་དང་རྒྱུ་དངོས་བགོ་བ་དང་ལས་གཞི་གཏན་འཁེལ་སོགས་ལ་ཐད་ཀའི་ཐེ་ཇུས་ཉུང་དུ་གཏོང་བ། འཆར་འགོད་དང་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། ཚན་ཞིབ་ལས་ཁུངས་ལ་རང་བདག་དབང་ཆ་སྔར་ལས་མང་པོ་སྤྲོད་པ། ཚན་རིག་པར་ལག་རྩལ་ལམ་ཕྱོགས་ཐག་གཅོད་དབང་ཆ་དང་གྲོན་དངུལ་བཀོལ་སྤྱོད་དབང་ཆ་སྔར་ལས་ཆེན་པོ་སྤྲོད་པ་བཅས་བྱས་ཏེ། ཚན་ཞིབ་ལས་ཁུངས་དང་ཚན་ཞིབ་མི་སྣ་རྣམས་རྙོག་འཛིང་ཆེ་ལ་དགོས་མེད་ཀྱི་སྒྲིག་སྲོལ་ལམ་སྲོལ་གྱི་འཆིང་རྒྱ་ལས་བཅིངས་འགྲོལ་འཐོབ་པ་བྱེད་དགོས།
གསར་གཏོད་ཀྱི་འབྱུང་ཁུངས་ལ་མི་བལྟ། དཔའ་བོ་ཡི་སྐྱེས་ཁུངས་ལ་མི་བལྟ། གནད་ཆེའི་ཚན་རྩལ་ལས་གཞི་འཛུགས་སྟངས་དང་སྒྲིག་འཛུགས་དོ་དམ་བྱེད་སྟངས་སྒྱུར་བཅོས་བྱས་ཏེ། “དཔའ་ཁས་ལེན་”དང“རྟ་རྒྱུག་འགྲན་པ་”སོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས། གནད་དོན་ངོ་མར་ཞིབ་འཇུག་བྱས་ནས་གྲུབ་འབྲས་ངོ་མ་ཆགས་པ་བྱེད་དགོས། གནད་དོན་ཞིབ་འཇུག་དངོས་གནས་བྱས་ཏེ། ལས་ཀ་སྒྲུབ་འདོད་ཡོད་པ་དང་། ལས་ཀ་སྒྲུབ་ཐུབ་པ། ལས་ཀ་འགྲུབ་ཐུབ་པ་བཅས་ཀྱི་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣས་དཔུང་གི་འགོ་མ་བྱས་ནས་ལམ་ལ་ཆས་སུ་འཇུག་དགོས་པ་དང་། ལག་རྩལ་སྤྱི་ཁྱབ་འགན་འཁུར་པས་འགན་འཁུར་བའི་ལམ་ལུགས་དང་། གྲོན་དངུལ་འགན་གཙང་ལེན་པའི་ལམ་ལུགས། ཡིད་རྟོན་ཁས་ལེན་བྱེད་པའི་ལམ་ལུགས་བཅས་ཁྱབ་སྤེལ་བྱས་ཏེ། བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་མི་ལྟ་བ་དང་བཀག་ཆ་མི་བཟོ་བ་བྱེད་ཐུབ་དགོས་པ་དང་། ཤེས་ཡོན་ངོ་མ་ལྡན་པའི་ཚན་རྩལ་མི་སྣ་རྣམས་ལ་དཔུང་རྩལ་ངོམ་ས་ཡོད་པ་བྱེད་དགོས།
བཞི་པ། སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱས་ཏེ་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་ཞུགས་དགོས། ཚན་རིག་ལག་རྩལ་ལ་འཛམ་གླིང་གི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་ལྡན་པས། དེ་ནི་མིའི་རིགས་ཐུན་མོང་གི་རྒྱུ་ནོར་ཡིན། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཏེ། གོ་ལ་ཧྲིལ་པོའི་མཐོང་རྒྱའི་ཐོག་ནས་གསར་གཏོད་ཇུས་འགོད་དང་སྐུལ་སྤེལ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱའི་ནང་ཧུར་ཐག་ཞུགས་པ། གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བདེ་ཐང་སོགས་ཀྱི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་པ། རྒྱལ་ཁབ་ཁག་གི་ཚན་ཞིབ་མི་སྣ་དང་མཉམ་འབྲེལ་ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི་དང་ཚན་རིག་ཆེན་པོའི་ལས་གྲྭ་རང་འགུལ་གྱིས་འཆར་འགོད་དང་སྣེ་ཁྲིད་དེ་གླེང་སློང་བྱེད་དགོས་པ་དང་། གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚན་རིག་ཞིབ་འཇུག་གི་ཐེབས་རྩ་འཛུགས་དགོས།
ཚན་རྩལ་ནི་འཕེལ་རྒྱས་ཀྱི་མཚོན་ཆ་རྣོན་པོ་ཡིན་ལ། ཉེན་ཁའི་འབྱུང་རྩར་འགྱུར་ཡང་སྲིད། ཚན་རྩལ་འཕེལ་རྒྱས་ལས་བྱུང་བའི་སྒྲིག་སྲོལ་གྱི་གདོང་ཐུག་དང་། སྤྱི་ཚོགས་ཀྱི་ཉེན་ཁ། མི་ཆོས་ཀྱི་འགྲན་སློང་བཅས་ལ་སྔོན་དཔག་གིས་བརྡར་གཅོད་བྱེད་དགོས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། མི་ཆོས་ཞིབ་བཤེར་སྒྲིག་སྲོལ། ལྟ་སྐུལ་དོ་དམ་གྱི་སྒྲོམ་གཞི་བཅས་འཐུས་ཚང་དུ་གཏོང་དགོས། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་ཟབ་མོར་ཞུགས་པ་དང་། ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་བ། ཚན་རྩལ་དགེར་ཕྱོགས་ཀྱི་རིག་གནས་ལྟ་བ་གསར་སྐྲུན་བཅས་བྱས་ཏེ། ཚན་རྩལ་གྱིས་སྔར་ལས་ལེགས་པའི་སྒོ་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་གོའི་ཚན་རྩལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་བྱེད་དགོས།
ལྔ་པ། རིགས་སྣ་ཚོགས་ཀྱི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱས་ཏེ། གོ་ལ་ཧྲིལ་པོའི་ཤེས་ལྡན་མི་སྣའི་མཐོ་ས་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱིས་ངེས་པར་དུ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཤེས་ལྡན་མི་སྣ་བསྡུ་འགུག་དང་། ཤེས་ལྡན་མི་སྣ་སོར་གནས། ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་བཅས་བྱེད་ཐུབ་དགོས། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་ཐུབ་པ་བྱེད་དགོས་ན། མཐར་གཏུགས་ན་ཆུ་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་མི་སྣར་བརྟེན་དགོས།
གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་འགྲོ་བའི་ཇུས་ཆེན་ཡིན། ད་ལྟའི་འཛམ་གླིང་གི་འགྲན་རྩོད་ནི་མཐར་གཏུགས་ན་ཤེས་ལྡན་མི་སྣའི་འགྲན་རྩོད་དང་སློབ་གསོའི་འགྲན་རྩོད་རེད། ཤེས་ལྡན་མི་སྣ་རང་བདག་གིས་གསོ་སྐྱོང་བྱེད་པར་སྔར་བས་མཐོང་ཆེན་དང་། ཚན་རིག་གི་སྙིང་སྟོབས་དང་། གསར་གཏོད་ནུས་པ། མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག་བཅས་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པར་སྔར་བས་མཐོང་ཆེན་བྱེད་དགོས། གཞོན་ནུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ། འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་བའི་རྩེར་སོན་ཚན་རྩལ་ཤེས་ལྡན་མི་སྣ་ཁག་ཅིག་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས་པ་དང་། གསར་གཏོད་ཚོགས་པ་ཁག་ཅིག་ལ་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་དགོས་ལ། བྱང་ཚད་མཐོ་བའི་ལག་རྩལ་ནུས་རྩལ་ཤེས་ལྡན་མི་སྣ་དང་། བཟོ་རྩལ་མཁས་པ། རྒྱལ་ཁབ་ཆེན་པོའི་བཟོ་བོ་བཅས་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས། ང་ཚོར་རང་རྒྱལ་གྱི་སློབ་གསོ་ལ་བརྟེན་ནས་མཁས་དབང་གསོ་སྐྱོང་བྱེད་ཐུབ་པའི་གདེང་ཚོད་ཡོད་དགོས། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག །ཤེས་ལྡན་མི་སྣར་བརྩི་འཇོག ། གསར་སྐྲུན་ལ་བརྩི་འཇོག་བཅས་བྱེད་པའི་ཁོར་ཡུག་བསྐྲུན་ནས་ཚན་རིག་ལ་ཡི་རང་བྱེད་པའི་དར་སྲོལ་ཞིག་ཆགས་པ་དང་། གཞོན་ནུ་ལོ་ཆུང་སྔར་ལས་མང་པོས་ཚན་རིག་གི་ཕུགས་འདུན་འཆང་ཞིང་གསར་གཏོད་ཀྱི་སྙིང་སྟོབས་སྐྱེད་དུ་འཇུག་དགོས། “ལྗོན་ཤིང་ཝུའུ་ཐུང་བཙུགས་ན། །བྱ་བརྒྱའི་དབང་པོ་འཁོར་ཡོང་། །” ཞེས་པ་ལྟར། གོ་ལ་ཧྲིལ་པོའི་ཕུལ་བྱུང་ཤེས་ལྡན་མི་སྣ་བསྡུ་འགུག་བྱེད་པའི་ཚན་ཞིབ་གསར་གཏོད་ཀྱི་མཐོ་ས་སྐྲུན་དགོས་པ་དང་། རྩེར་སོན་ཤེས་ལྡན་མི་སྣ་དང་ཆེད་ལས་ཤེས་ལྡན་མི་སྣ་ཀྲུང་གོར་ཡོང་ནས་ལས་སྒྲུབ་དང་། ཚན་ཞིབ། སྤེལ་རེས་བཅས་བྱེད་པའི་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།
ཚན་རྩལ་གསར་གཏོད་དེ་ཚན་རྩལ་མི་སྣས་རྒྱུན་རིང་པོར་བཏང་བའི་དུས་ཚོད་དང་འབྲལ་ཐབས་མེད། ཚན་ཞིབ་མི་སྣའི་དུས་ཚོད་འགན་ལེན་བྱེད་ཆེད། 1961ལོར་ཀྲུང་དབྱང་གིས་“ཚན་རྩལ་མི་སྣས་གཟའ་འཁོར་རེར་ཉིན་5ཡི་རིང་ལ་ཚན་རིག་ཞིབ་འཇུག་གི་ལས་ཀ་སྒྲུབ་ཐུབ་པ་འགན་ལེན་བྱེད་དགོས་”ཞེས་བཏོན་ཡོད་པ་རེད། དུས་ཚོད་འགན་ལེན་བྱས་པ་ནི་གསར་གཏོད་ནུས་པ་སྲུང་སྐྱོབ་བྱེད་པ་རང་ཡིན། ཚན་ཞིབ་མི་སྣས་སེམས་ཤུགས་གཙོ་བོ་དེ་ཚན་ཞིབ་བྱ་རྒྱུའི་ཐོག་འཇོག་པ་འགན་ལེན་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཚན་རྩལ་མི་སྣས་སེམས་ཤུགས་གཙོ་བོ་དེ་ཚན་རྩལ་གསར་གཏོད་དང་ཞིབ་སྤེལ་བྱེད་སྒོའི་ཐོག་འཇོག་ཏུ་འཇུག་དགོས། སྐབས་བསྟུན་རང་བཞིན་དང་འཚམས་འདྲི་སྣེ་ལེན་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་ནང་ཚན་རྩལ་མི་སྣ་ཉུང་ཙམ་ཞུགས་ཀྱང་གྱོང་གུན་གང་ཡང་རག་གི་མ་རེད། ཚན་རྩལ་མི་སྣ་རྣམས་ཀྱིས་དུས་ཚོད་མང་པོ་དགོས་མེད་ཀྱི་སྐྱེལ་བསུ་བྱེད་སྒོའི་སྟེང་དང་། དགོས་མེད་ཀྱི་ཞིབ་དཔྱད་གདེང་འཇོག་བྱེད་སྒོའི་སྟེང་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་སྟེང་དུ་སྤྱོད་པ་གཏན་ནས་བྱེད་དུ་འཇུག་མི་རུང་།
ཡོན་ཧྲི་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོའི་བཟོ་སྐྲུན་ཁང་ནི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ལས་རིགས་དང་བཟོ་སྐྲུན་ཚན་རྩལ་ལས་རིགས་ཀྱི་རིག་གཞུང་ལས་ཁུངས་མཐོ་ཤོས་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱང་ཡིན། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་རྒྱལ་ཁབ་རུ་ཁག་གི་རིག་གཞུང་སྣེ་ཁྲིད་ནུས་པ་དང་། འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་ནུས་པ། གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་ནུས་པ་བཅས་འདོན་སྤེལ་བྱས་ཏེ། གནད་ཆེའི་རང་གཏོད་ཚན་རིག་གནད་དོན་ཐག་གཅོད་དང་། དཔའ་ངར་ཆེན་པོས་གསར་གཏོད་ཀྱི་“མི་མེད་ཁུལ་”བགྲོད་པ། འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འགག་རྩའི་སྲོག་ཤིང་ལག་རྩལ་ཐོད་བརྒལ། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དང་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་ཁག་ཅིག་ཤེས་རྟོགས་དང་གསོ་སྐྱོང་དང་བསྡུ་འགུག་བཅས་བྱེད་དགོས། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་རྒྱལ་ཁབ་མཐོ་སྣེའི་རིག་མཛོད་ཀྱི་འགན་ནུས་ཆེ་རུ་བཏང་སྟེ། འཐབ་ཇུས་ཚན་རིག་མཁས་ཅན་གྱི་ནུས་པ་འདོན་སྤེལ་དང་། བློ་འདྲི་དང་དཔྱད་གླེང་ཧུར་ཐག་སྤེལ་བ། རྒྱལ་ཁབ་ཐབས་ཇུས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས།
ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་ཏང་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་པ་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་སྦྲེལ་ཐག་གི་ལས་འགན་ཕྲག་ཏུ་འཁུར་ནས། ཚན་རྩལ་ལས་དོན་པར་ཞབས་ཞུ་སྒྲུབ་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞབས་ཞུ་སྒྲུབ་པ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་བར་ཞབས་ཞུ་སྒྲུབ་པ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པར་ཞབས་ཞུ་སྒྲུབ་པ་བཅས་རྒྱུན་འཁྱོངས་དང་། རྒྱ་ཆེའི་ཚན་རྩལ་ལས་དོན་པ་རྣམས་སྔར་ལས་ཁྱབ་རྒྱ་ཆེན་པོའི་སྒོ་ནས་མཐའ་སྐོར་དུ་མཐུན་སྒྲིལ། ཚན་རིག་པའི་སྙིང་སྟོབས་དར་སྤེལ། སློབ་སྲོལ་བཟང་པོ་སྐྱེད་གསོ་བཅས་བྱེད་དགོས། འཛམ་གླིང་ལ་ཁ་ཕྱོགས་པ་དང་མ་འོངས་པར་ཁ་ཕྱོགས་པ་རྒྱུན་འཁྱོངས་དང་། རྒྱལ་སྤྱིའི་ཚན་རྩལ་ལས་རིགས་ཁག་ལ་སྒོ་འབྱེད་དང་། ཡིད་རྟོན། མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཡོན་ཧྲི་ནི་རང་རྒྱལ་གྱི་ཚན་རིག་ལག་རྩལ་ཕྱོགས་དང་བཟོ་སྐྲུན་ཚན་རྩལ་ཁྱབ་ཁོངས་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཡིན། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲི་རྣམས་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་། མི་དམངས་ཀྱི་ལ་རྒྱ་དང་། མི་རིགས་ཀྱི་གཟི་བརྗིད་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་ཡོན་ཧྲིའི་ལམ་ལུགས་སྒྱུར་བཅོས་བྱས་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག །ཡོན་ཧྲིའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཡོན་ཧྲིའི་མཚན་སྙན་དེ་གཟི་བརྗིད་རང་བཞིན་དང་རིག་གཞུང་རང་བཞིན་གྱི་ཐོག་སྔར་བས་འབབ་ཏུ་འཇུག་དགོས་ཞེས་བཏོན་ཡོད། ཡོན་ཧྲི་དཔྱད་འདེམས་བྱེད་སྐབས་བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་ལྟ་བའི་བཀག་ཆ་མེད་པར་བཟོ་བ་དང་། རིག་གཞུང་རང་བཞིན་གྱི་རྒྱུ་རྐྱེན་མ་ཡིན་པའི་ཤུགས་རྐྱེན་གཏན་འགོག །སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བཅས་བྱས་ཏེ། ཡོན་ཧྲིའི་མཚན་སྙན་གྱི་ལྷད་མེད་རང་བཞིན་སྲུང་སྐྱོང་བྱེད་དགོས།
འདིར་ངས་ཡོན་ཧྲི་རྣམ་པར་རེ་བ་འགའ་འདོན་རྒྱུ་ཡིན།
—རྒྱ་ཆེའི་ཡོན་ཧྲི་རྣམས་སེམས་སུ་མེས་རྒྱལ་འཛིན་པ་དང་། མི་དམངས་ལ་ཞབས་ཞུ་སྒྲུབ་པའི་མིག་དཔེ་བྱ་རྒྱུའི་རེ་བ་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ལམ་ཐོག །མི་རབས་ནས་མི་རབས་བར་གྱི་ཚན་རིག་པས་སེམས་སུ་མེས་རྒྱལ་བཅངས་ཏེ། དཀའ་ངལ་འཛེམ་མེད་ཀྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བས། ཚན་རིག་ལག་རྩལ་ཡར་ཐོན་ཡོང་བ་དང་། མི་དམངས་ཀྱི་འཚོ་བ་ཡག་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གོང་དུ་སྤེལ་བ་བཅས་ཀྱི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། དུས་རབས་གསར་པའི་ནང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དེ་རང་གི་གཡོལ་མེད་འགན་འཁྲིར་བརྩི་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་བས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་། རྒྱལ་གཅེས་རིང་ལུགས་དེ་རང་གཤིས་སུ་འཛིན་པའི་ཚན་རིག་པའི་སྙིང་སྟོབས་དེ་བས་མུ་མཐུད་དར་སྤེལ་གཏོང་དགོས། རྒྱ་ཆེའི་ཡོན་ཧྲི་རྣམས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ཏང་གི་འབོད་སྐུལ་དང་ལེན་དང་། མེས་རྒྱལ་གྱི་འབོད་སྐུལ་ལ་ཉན་པ། རྒྱལ་ཁབ་ལ་འཆང་བའི་དུང་སེམས་ཟབ་མོ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་སེམས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་། མེས་རྒྱལ། མི་དམངས་བཅས་ཀྱི་དོན་དུ་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་དང་ལྷོད་མེད་འབད་འཐབ་བྱེད་དགོས།
—རྒྱ་ཆེའི་ཡོན་ཧྲི་རྣམས་བདེན་དོན་བརྩོན་གཉེར་དང་ཡང་རྩེར་འཛེགས་སྤོབས་པའི་མིག་དཔེ་བྱ་རྒྱུའི་རེ་བ་ཡོད། ཚན་རིག་གིས་བདེན་དོན་རྩད་ཞིབ་དང་ཤེས་བྱ་གསར་པ་ཤེས་རྟོགས་བྱ་རྒྱུ་ལས་འགན་དུ་འཛིན་གྱི་ཡོད། རང་གཏོད་ཤེས་བྱ་ངོ་མ་ཡིན་ཕྱིན་ད་ཡོད་ཀྱི་ཤེས་བྱའི་མ་ལག་གི་འཆིང་རྒྱ་འགྲོལ་དགོས། “སྦྱོང་མཁས་ན་གནས་ལུགས་རྟོགས། སྒྲུབ་མཁས་ན་དཀའ་གནད་ཤེས།” རྒྱ་ཆེའི་ཡོན་ཧྲི་རྣམས་ཀྱིས་ཚན་རིག་གི་ཡང་རྩེར་འཛེགས་ཕོད་པ་དང་། ཀུན་གྱི་འགོ་མ་བྱེད་ཕོད་པ། ཁྱད་འཕགས་དོན་གཉེར། ཚན་རིག་གི་མདུན་སྣེ་འཚོལ་ཞིབ་ཧུར་ཐག །ཚན་རིག་གི་གནད་དོན་གསར་པ་ཤེས་རྟོགས་དང་ཐག་གཅོད། དོན་སྤྱི་དང་། རིགས་པའི་གཞུང་ལུགས། ཐབས་ཤེས་བཅས་གསར་པ་འདོན་པ། ཁྱབ་ཁོངས་དང་ཁ་ཕྱོགས་གསར་པ་གཏོད་པ་བཅས་བྱས་ནས་མདུན་སྣེའི་གྲུབ་མཐའ་གསར་པ་ཆགས་པ་བྱེད་དགོས། འགག་སྒྲོལ་དཀའ་སེལ་དང་བློ་གྲོས་གཅིག་སྡུད་སྒོས་“སྐེ་བཙིར་བའི་”འགག་རྩའི་སྲོག་ཤིང་ལག་རྩལ་ལ་དམིགས་ཏེ་ཚོགས་པའི་སྣེ་ཁྲིད་ནས་གནད་ཆེའི་ཐོད་བརྒལ་ཡོང་བ་བྱེད་དགོས།
—རྒྱ་ཆེའི་ཡོན་ཧྲི་རྣམས་རིག་གཞུང་གི་ཀུན་སྤྱོད་བརྟན་སྲུང་དང་། རིག་གཞུང་ཞིབ་འཇུག་གཟབ་ནན་བྱེད་པའི་མིག་དཔེ་བྱ་རྒྱུའི་རེ་བ་ཡོད། ཡིད་རྟོན་ནི་ཚན་རིག་སྙིང་སྟོབས་ཀྱི་ལྡོག་མེད་བླང་བྱ་ཡིན། རྒྱ་ཆེའི་ཡོན་ཧྲི་རྣམས་ཀྱིས་རིག་གཞུང་ཀུན་སྤྱོད་ཀྱི་མིག་དཔེ་བྱེད་པ་དང་། རིག་གཞུང་ཀུན་སྤྱོད་དང་ཚན་ཞིབ་མི་ཆོས་བརྟན་སྲུང་བྱེད་པ། རིག་གཞུང་ཚད་གཞི་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས། རིག་གཞུང་ཀུན་སྤྱོད་དང་ཚན་རིག་སྙིང་སྟོབས་སེམས་ཀྱི་རྒྱུད་ལ་འབྱོར་བ་དང་ལུས་ཀྱི་ལག་ལེན་དུ་འགྱུར་བ་དང་། སྲོལ་བཟང་སྤྱོད་གཙང་གི་ཚན་ཞིབ་ཁོར་ཡུག་ཆགས་པ། གཟབ་ནན་བདེན་འཚོལ་གྱི་ཚན་རིག་རིག་གནས་གསོ་སྐྱོང་བཅས་བྱེད་དགོས། མིའི་སེམས་ཤུགས་ལ་ཚད་ཡོད་པས་ཡོན་ཧྲི་ཚོས་ཚན་ཞིབ་ལ་སྔར་བས་རྩེ་གཅིག་ཏུ་གཞོལ་དགོས་པ་དང་། ཞོར་ཁུར་ལས་འགན་ཉུང་དུ་གཏོང་གང་ཐུབ་ཀྱིས་རང་ཆེད་ལས་ཁྱབ་ཁོངས་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་དགོས།
—རྒྱ་ཆེའི་ཡོན་ཧྲི་རྣམས་མི་འདེགས་ཀྱི་སྐས་ཀ་བྱེད་མོས་པ་དང་གསར་སྐྱེས་དོན་གཉེར་ཅན་གྱི་ལམ་འདྲེན་བྱེད་པའི་མིག་དཔེ་བྱ་རྒྱུའི་རེ་བ་ཡོད། “མི་རབས་ཚང་མར་མཁས་པ་ཕུལ་བྱུང་མཆིས།” “དཔའ་སྐྱེས་སྐྱེས་ཐམས་ཅད་ལོ་ཆུང་གྲལ་ནས་སྐྱེས།” རྒྱ་ཆེའི་ཡོན་ཧྲི་རྣམས་ཀྱིས་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རིང་ཤེས་ལྡན་མི་སྣ་རྟོགས་པ་དང་། ཤེས་ལྡན་མི་སྣ་སྐྱོང་བ། ཤེས་ལྡན་མི་སྣ་སྤྱོད་པ་བཅས་ཀྱི་མཛུབ་སྟོན་དགེ་རྒན་གྱི་ནུས་པ་འདོན་དགོས། “ཤེས་ལྡན་མི་སྣ་ནི་སྤུས་ཀ་ལེགས་པོའི་ཤིང་ཆས་ཤིག་དང་འདྲ་སྟེ། གསོ་སྐྱོང་བྱེད་དུས་རང་རྒྱུད་བློ་སྦྱོང་གཅེས་སུ་འཛིན་ལ། བཀོལ་སྤྱོད་བྱེད་དུས་དགེ་མཚན་འདོན་སྤེལ་གཅེས་སུ་འཛིན་པའོ། །” རང་དཔེ་གཞན་སྟོན་དང་། རིག་གཞུང་དམངས་གཙོ་དར་སྤེལ། གསར་སྐྱེས་དོན་གཉེར་ཅན་རྣམས་ལ་རྨང་གཞི་འདིང་མཁན་དང་ལམ་འདྲེན་མཁན་བྱེད་མོས་པ། བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་ལྟ་བ་དང་ཤོག་ཁའི་རིག་གནས་ཀྱི་བཀག་ཆ་གཏོར་བ། གཞོན་ནུ་ཚོར་སྤོབས་པ་ཆེན་པོས་གསར་གཏོད་དང་གསར་གཏོད་བྱེད་ཕོད་པ་བྱ་རྒྱུའི་སྐུལ་མ་གཏོང་བ་བཅས་ཀྱི་ཐོག་ནས་གཞོན་ནུ་ཤེས་ཡོན་པ་ཆུ་མིག་བརྡོལ་བ་ལྟར་ཐོན་དུ་འཇུག་དགོས།
རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཤེས་ལྡན་མི་སྣར་བརྩི་འཇོག་དཔྱིས་ཕྱིན་པ་བྱས་ཏེ། ཡོན་ཧྲི་ཚོར་ཆབ་སྲིད་ཀྱི་སྟེང་ནས་གཟིགས་སྐྱོང་དང་། ལས་ཀའི་སྟེང་ནས་རྒྱབ་སྐྱོར། འཚོ་བའི་སྟེང་ནས་སེམས་ཁུར་བཅས་བྱེད་པ་དང་། ཡོན་ཧྲི་ཚུད་པའི་རྒྱ་ཆེའི་ཚན་ཞིབ་མི་སྣ་རྣམས་ཀྱི་བསམ་འཆར་ལ་ནན་ཏན་གྱིས་ཉན་པ། ཚན་ཞིབ་བྱེད་སྒོའི་ཚན་རིག་གི་དོ་དམ་དང་ཞབས་ཞུ་དང་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ཚན་ཞིབ་མི་སྣར་གསར་གཏོད་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་དགོས།
ཡོན་ཧྲི་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་འགོ་བརྩམས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་དམག་བརྡ་བརྒྱབ་པ་ཡིན། ང་ཚོས་མཐུན་སྒྲིལ་བྱས་ནས་གསར་གཏོད་བྱེད་ཕོད་པ་དང་སྙིང་རུས་བསྐྱེད་དེ། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཆེད་དུ་རྒྱུན་ཆད་མེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།