འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་དང་། རང་རྒྱལ་འཕེལ་རྒྱས་གཏོང་བའི་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཞིང་། གནད་དོན་གལ་ཆེན་གསར་པ་མང་པོ་ལྷགས་ཡོད་པས་ངོས་འཛིན་ཡང་དག་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། འདིར་ངས་གནད་དོན་འགའ་གཙོ་གནད་དུ་བཟུང་ནས་བཤད་རྒྱུ་ཡིན།
གནད་དོན་དང་པོ།ཐུན་མོང་ཕྱུག་འགྱུར་ཡོང་བའི་འཐབ་ཇུས་དམིགས་འབེན་དང་ལག་ལེན་བྱེད་ཐབས་ངོས་འཛིན་ཡང་དག་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། “རྒྱལ་ཁབ་དོན་གྱིས་སྟོབས་འབྱོར་ལྡན་དགོས་ན། །མི་སེར་ཕྱུག་པོར་འགྱུར་བའི་ཐབས་ལ་བརྩོན། །”རྒྱུ་ནོར་གསར་སྐྲུན་དང་བགོ་བཤའ་རྒྱག་པ་ནི་རྒྱལ་ཁབ་ཁག་གི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་ཞིག་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་སྤྱི་ཚོགས་ཀྱི་རྒྱུ་ནོར་རྒྱུན་ཆད་མེད་པར་འཕར་སྣོན་བྱུང་བའི་དུས་མཚུངས་སུ་ཡུན་རིང་པོར་དབུལ་ཕྱུག་གི་ཧེ་བག་ཆེ་བ་དང་མཐའ་གཉིས་སུ་གྱེས་ཡོད། ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁ་ཤས་ལ་ཡོང་འབབ་ཆེན་པོ་མེད་ཀྱང་བགོ་བཤའི་ཧེ་བག་ཧ་ཅང་ཆེན་པོ་ཡོད།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། རྒྱུན་ཆད་མེད་པར་སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་དང་གསོག་འཇོག་བྱེད་དགོས་ལ། མཐའ་གཉིས་སུ་གྱེས་པ་ཡང་སྔོན་འགོག་བྱས་ཏེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བར་མངོན་གསལ་དོད་པོའི་ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། སྔོན་ཆད་ང་ཚོ་ནི་ཡོང་འབབ་དམའ་བའི་ཆུ་ཚད་འོག་གི་ཆ་སྙོམས་རིང་ལུགས་ཡིན་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ས་ཁུལ་ཁག་ཅིག་དང་མི་ཁག་ཅིག་སྔོན་ལ་ཕྱུག་པོར་གྱུར་པ་དང་། དུས་མཚུངས་སུ་ཡོང་འབབ་ཀྱི་ཧེ་བག་ཀྱང་རིམ་བཞིན་ཇེ་ཆེར་སོང་ཞིང་། རྒྱུ་ནོར་ཚུལ་མིན་དུ་འདུས་པ་ཁག་ཅིག་གིས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་པར་ཉེན་ཁ་དང་འགྲན་སློང་བཟོས་ཡོད།
ཐུན་མོང་ཕྱུག་འགྱུར་ཡོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། ཐུན་མོང་ཕྱུག་འགྱུར་ཡོང་བའི་ལམ་བུར་ཇི་ལྟར་བསྐྱོད་དགོས་པར་ང་ཚོས་ད་ལྟ་འཚོལ་ཞིབ་བྱེད་བཞིན་ཡོད། ཐུན་མོང་ཕྱུག་འགྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ནས་“སྒོ་ངའི་བག་ལེབ་”ཇེ་ཆེ་ཇེ་ལེགས་སུ་གཏོང་བ་དང་། དེ་ནས་ལུགས་དང་མཐུན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ལ་བརྟེན་ནས་འཕར་སྣོན་དང་བགོ་བཤའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་“སྒོ་ངའི་བག་ལེབ་”བགོ་བཤའ་ཡག་པོ་རྒྱག་དགོས། འདི་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས་ང་ཚོས་ཆ་རྐྱེན་སྐྲུན་པ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གོམ་པ་བརྟན་པོའི་ངང་དམིགས་འབེན་འདིའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་སྔོན་ལ་འཇོག་པ་ཁྲིད་ཕྱོགས་སུ་འཛིན་རྒྱུ་ཤུགས་ཆེར་གཏོང་དགོས། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། དཔལ་འབྱོར་འཕར་སྣོན་བྱུང་བའི་ལས་ཞུགས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ལས་ཞུགས་བྱེད་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ནས་དེའི་ལས་ཞུགས་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་དགོས། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་དཔལ་འབྱོར་“བདེན་བྲལ་སྟོང་བགྲོད་”ཀྱི་བསླབ་བྱ་བསྡུ་ལེན་བྱས་ཏེ་དངོས་ཚན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་། སྤུས་ཚད་མཐོན་པོའི་ལས་ཞུགས་ལས་གནས་སྔར་བས་མང་བ་གཏོད་དགོས། མི་ཤུགས་མ་རྩ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་རྒྱག་པ་དང་། ངལ་རྩོལ་པའི་བྱང་ཚད་མཐོ་རུ་བཏང་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་བས་འཚམ་པར་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་ལས་ཤོར་ཉེན་ཁ་སྔོན་འགོག་ཏན་ཏིག་བྱེད་དགོས།
བགོ་བཤའི་བྱེད་ལས་དང་ནུས་པ་འདོན་སྤེལ་བྱེད་དགོས། ལས་ཆོད་དང་དྲང་སྙོམ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐོག་མའི་བགོ་བཤའ་དང་། བགོ་བཤའ་བསྐྱར་མ། བགོ་བཤའ་ཐེངས་གསུམ་པ་བཅས་མཐུན་སྦྱོར་ཆ་འགྲིག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་འཛུགས་དགོས། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ངལ་རྩོལ་གྱི་ཐོབ་ཆས་ཐོག་མའི་བགོ་བཤའི་ཁྲོད་ཟིན་པའི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་། བདག་རྐྱེན་ལ་བརྟེན་ནས་བགོ་བཤའ་རྒྱག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། བགོ་བཤའ་བསྐྱར་མའི་སྙོམ་སྒྲིག་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གནད་འཁེལ་རང་བཞིན་མཐོ་རུ་གཏོང་དགོས། བགོ་བཤའ་ཐེངས་གསུམ་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། འདོད་མོས་ཡོད་པ་དང་ནུས་པ་ལྡན་པའི་ཁེ་ལས་དང་སྤྱི་ཚོགས་ཀྱི་ཚོགས་པ་དེ་ཉིད་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།འོན་ཀྱང་ཀུན་སྤྱོད་བཙན་ཁྲིད་ལྟ་བུའི་“བཙན་བསྡུ་”བྱེད་མི་རུང་།
སྤྱི་པའི་ཞབས་ཞུའི་སྲིད་ཇུས་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་དགོས་ན་“ཕན་བདེའི་རིང་ལུགས་”ཀྱི་བྱེད་སྟངས་དེ་རིགས་སྤེལ་མི་རུང་། དེ་དུས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁ་ཤས་ཀྱིས་དམངས་འདོད་རིང་ལུགས་སྤེལ་བ་དང་། ཕན་བདེ་ཆེན་པོས་“སྒྱིད་ལུག་ཅན་”དང་ངལ་མེད་འབྲས་བུ་ལེན་མཁན་སྐོར་ཞིག་གསོ་སྐྱོང་བྱས་ནས་མཇུག་མཐར་རྒྱལ་ཁབ་ཀྱི་ནོར་སྲིད་ཁུར་པོ་ལྕི་ཞིང་། “ཡོང་འབབ་འབྲིང་གྲས་ཀྱི་རྒྱ་རྙིའི་”ནང་ལྷུང་ནས་དུས་ཡུན་རིང་པོར་རང་ཚོད་མ་ཟིན་པ་རེད། ཕན་བདེའི་ཐོབ་ཐང་མཐོ་རུ་བཏང་ཙ་ན་གཅོག་མི་ཐུབ་པ་དང་། ནུས་པ་ལས་བརྒལ་བའི་“ཕན་བདེའི་རིང་ལུགས་”རྒྱུན་མཐུད་བྱེད་མི་ཐུབ་པས། དཔལ་འབྱོར་དང་ཆབ་སྲིད་ཀྱི་གནད་དོན་ཚབས་ཆེན་འབྱུང་ངེས་རེད། ང་ཚོས་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཁྱབ་ཁོངས་སུ་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་གནད་འཁེལ་བྱེད་དགོས་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཐའ་ཚད་སྲུང་དགོས་པ་ལས་འདོད་ཧམ་ཆེན་པོ་སྐྱེ་རུ་འཇུག་པ་དང་དོན་མེད་ཁས་ལེན་བྱེད་མི་རུང་།
གནད་དོན་གཉིས་པ།མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ངོས་འཛིན་ཡང་དག་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཚོང་རའི་དཔལ་འབྱོར་སྤེལ་ཆོག་པའི་བསམ་ཚོད་གནང་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱིས་མ་རྩར་སྤྱོད་ཚུལ་ཇི་ལྟར་འཛིན་མིན་སྔོན་དཔག་བྱེད་ཐབས་བྲལ་བའང་ལོས་ཡིན། ལེ་ཉིན་དང་སི་ཏ་ལིན་རྣམ་གཉིས་ཀྱིས་སུའུ་ལེན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་འགོ་ཁྲིད་གནང་ཡོད་མོད། འོན་ཀྱང་སྐབས་དེར་སུའུ་ལེན་གྱིས་ལག་བསྟར་བྱས་པ་ནི་ཚད་མཐོའི་གཅིག་སྡུད་ཀྱི་འཆར་གཞིའི་དཔལ་འབྱོར་གྱི་སྒྲིག་སྲོལ་ཡིན་པས། གཞི་རྩའི་ཐོག་གཞི་ཁྱོན་ཆེན་པོའི་མ་རྩའི་གནད་དོན་འཕྲད་མེད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྤེལ་བ་ནི་ང་ཚོའི་ཏང་གི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ཡིན་པས་ན། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མ་རྩ་འབྱུང་ངེས་རེད།མ་རྩའི་རིང་ལུགས་སྤྱི་ཚོགས་ཀྱི་མ་རྩ་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་མ་རྩ་གཉིས་ལ་མི་འདྲ་ས་མང་པོ་ཡོད་པ་སྨོས་མེད་ཡིན་མོད། འོན་ཀྱང་མ་རྩ་ཚང་མས་ཁེ་སྤོགས་རག་ཐབས་བྱེད་ཀྱི་ཡོད། “གནམ་འོག་དམངས་ཚོགས་འདུས་བྱེད་རྒྱུ་ནོར་དང་། །གནམ་འོག་རྒྱུ་ནོར་སྐྱོང་བྱེད་ཁྲིམས་ཡིན་ནོ། །”ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་དགེ་མཚན་ལྡན་པའི་མ་རྩའི་ནུས་པ་འདོན་སྤེལ་ཇི་ལྟར་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་མ་རྩར་གནོད་པའི་ནུས་པ་ཚོད་འཛིན་ནུས་ལྡན་བྱེད་དགོས། ཉེ་བའི་ལོ་ཤས་རིང་། ངོས་འཛིན་མི་འདང་བ་དང་། ལྟ་སྐུལ་དོ་དམ་གྱི་ལས་གནས་སྟོང་པར་ལུས་པའི་རྐྱེན་གྱིས་རང་རྒྱལ་གྱི་ཁྱབ་ཁོངས་ཁ་ཤས་སུ་མ་རྩ་སྒྲིག་མེད་རྒྱ་བསྐྱེད་དང་། རང་སྣང་གང་ཤར་གྱིས་ཁ་ལོ་བསྒྱུར་ནས་ཁེ་བཟང་ཆེན་པོ་རག་ཐབས་བྱེད་ཀྱི་ཡོད། འདིས་མ་རྩའི་བྱ་སྤྱོད་ཚད་ལྡན་དུ་བསྒྱུར་བའི་བླང་བྱ་བཏོན་པ་དང་ཕན་གཉེར་གནོད་གཡོལ་བྱ་རྒྱུ་སྟེ། “མ་རྩའི་སྡིག་སྲིན་”ལ་རང་སྣང་གང་དྲན་བྱེད་དུ་མི་འཇུག་པ་མ་ཟད། ཐོན་སྐྱེད་བདག་རྐྱེན་ཡིན་པའི་མ་རྩའི་བྱེད་ནུས་ཀྱང་འདོན་སྤེལ་བྱེད་དགོས། འདི་ནི་གཡོལ་ཐབས་མེད་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་རེད།
དོན་དངོས་ཀྱི་ལས་དོན་ནང་གཤམ་གསལ་གྱི་གནད་དོན་འགའ་དམ་འཛིན་ཡག་པོ་བྱེད་དགོས། མ་རྩར་“གློག་ལྗང་དམར་་”བཟོ་དགོས། “གློག་ལྗང་དམར་”ནི་གཞུང་ལམ་དུ་སྐྱོད་པའི་འགྲིམ་འགྲུལ་ཡོ་བྱད་ཡོད་ཚད་ལ་སྤྱད་འཐུས་ཤིང་། མ་རྩར་སྤྱོད་ཚུལ་འཛིན་སྟངས་ཀྱང་གཅིག་འདྲ་ཡིན་པས། མ་རྩ་རིགས་ཁག་ཚང་མ་ཕུ་རྒྱུག་མདའ་རྒྱུག་བྱེད་མི་རུང་། མ་རྩ་ཁ་ཤས་ཀླ་ཀློ་ངང་འཚར་ལོངས་མི་ཡོང་བའི་སྔོན་འགོག་བྱེད་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་། ཁེ་བཟང་ཆེན་པོར་ངོ་རྒོལ། རིན་གོང་མཐོན་པོར་ངོ་རྒོལ། ངན་སེམས་ཀྱིས་འུད་སྒྲོག་ལ་ངོ་རྒོལ། ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བཅས་བྱེད་དགོས། ཁྲིམས་ལྟར་མ་རྩར་ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པར་ཤུགས་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ནི་ཁྲིམས་སྐྱོང་དཔལ་འབྱོར་ཡིན་པས། མ་རྩའི་བྱེད་སྒོ་ཁྲིམས་ལྟར་སྤེལ་དགོས། མ་རྩ་སྒྲིག་མེད་རྒྱ་སྐྱེད་བྱེད་པར་བཀག་འགོག་བྱེད་པ་ནི་མ་རྩ་མི་དགོས་པ་མ་ཡིན་པར་མ་རྩ་སྒྲིག་ལམ་ལྡན་པའི་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་མིན་རིགས་འཐུས་ཚང་གཏོང་རྒྱུ་དམ་འཛིན་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཡོད་རིགས་ལ་ཁྲིམས་བསྟར་ལྟ་སྐུལ་དོ་དམ་ནན་པོ་བྱེད་དགོས། མ་རྩ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་གཏོང་དགོས།
གནད་དོན་གསུམ་པ། དམའ་རིམ་ཐོན་རྫས་ཀྱི་འདོན་སྤྲོད་འགན་སྲུང་ངོས་འཛིན་ཡང་དག་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། ང་ཚོ་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ན། དམའ་རིམ་ཐོན་རྫས་འདོན་སྤྲོད་ལ་འགན་སྲུང་ལེགས་པོ་བྱ་རྒྱུ་ནི་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གནད་དོན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་འཐབ་ཇུས་ཇུས་འགོད་ལ་ཤུགས་བརྒྱབ་སྟེ་སྔ་ཙམ་ནས་ལེགས་སྒྲིག་བྱས་ཏེ་འདོན་སྤྲོད་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས།
གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱེད་དགོས། “ལེན་པར་ཚོད་དང་སྤྱོད་པར་ཚད་ཡོད་ནོར་ཉིད་འབེལ། །ལེན་པར་ཚོད་མེད་སྤྱོད་པར་ཚད་མེད་ནོར་ཉིད་སྟོངས། །” ཕྱོགས་ཡོངས་ནས་གྲོན་ཆུང་གི་འཐབ་ཇུས་ལག་བསྟར་བྱས་ཏེ་ཁྱབ་ཁོངས་ཁག་གི་གྲོན་ཆུང་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ཁྱབ་ཁོངས་སུ་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་། ལེགས་བསྡུས་ཞིབ་གཉེར། རེས་འཁོར་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྩིས་གཞི་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་ཆུང་དུ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ། གཏོང་འཇོག་དང་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་ཁྱབ་ཁོངས་སུ་དམངས་ཡོངས་ཀྱི་གྲོན་ཆུང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ། རྒྱས་སྤྲོས་ཆུད་ཟོས་དང་འཛད་སྤྱོད་ཐལ་དྲགས་པར་ངོ་རྒོལ། “སྡེར་གཙང་”སོགས་འབྲུ་རིགས་གྲོན་ཆུང་གི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། ལྗང་མདོག་ལས་ཁུངས་དང་། ལྗང་མདོག་ཁྱིམ་ཚང་། ལྗང་མདོག་སྡེ་ཁུལ། ལྗང་མདོག་ཕྱིར་སྐྱོད་སོགས་གསར་འཛུགས་ཀྱི་བྱ་སྤྱོད་རྒྱ་ཆེར་སྤེལ་དགོས།
རྒྱལ་ནང་གི་ཐོན་ཁུངས་ཐོན་སྐྱེད་འགན་སྲུང་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས། རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རེས་སྐོར་གསར་པའི་གཏེར་འཚོལ་འགག་སྒྲོལ་འཐབ་ཇུས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ནས་རྒྱ་མཚོའི་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ནུས་ཁུངས་དང་ཐོན་ཁུངས་གལ་ཆེན་རྒྱལ་ནང་དུ་ཐོན་སྐྱེད་བྱས་ནས་རང་ཁ་རང་གསོ་བྱེད་པའི་འཐབ་ཇུས་ཀྱི་མཐའ་ཚད་ཁ་གསལ་བཟོ་བ་དང་། གཞུང་དབང་ཁེ་ལས་ཀྱི་འདེགས་སྐྱོར་དང་ཞབས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྣུམ་རླངས་སོགས་ཐོན་ཁུངས་སྔོག་འདོན་བྱེད་པའི་ལག་རྩལ་སྔོན་ཐོན་གསར་སྤེལ་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དངོས་ཟོག་གྲབས་གསོག་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་འགག་རྩའི་དུས་སུ་མཐའ་ཚད་འགན་ལེན་གྱི་སྙོམ་སྒྲིག་ནུས་པ་འདོན་སྤེལ་བྱེད་དགོས། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་དུ་བསྒྱུར་རྒྱུ་ཁྱབ་གདལ་གཏོང་བ་དང་། རྒྱལ་ནང་གི་སྲ་གཟུགས་བེད་མེད་དངོས་པོ་བེད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ནས་བེད་མེད་དངོས་པོ་འཁོར་རྒྱུག་བེད་སྤྱོད་ཀྱི་མ་ལག་གང་མགྱོགས་འཛུགས་དགོས།
ཕྱི་རྒྱལ་གྱི་ཐོན་ཁུངས་འགན་སྲུང་བྱེད་ནུས་ལེགས་སུ་གཏོང་དགོས། གཉིས་ཕན་མཉམ་རྒྱལ་གྱི་ཐབས་ལ་བརྟེན་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་རིགས་གཉིས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲེལ་ཡོད་རྒྱལ་ཁབ་དང་ནུས་ཁུངས་དང་ཐོན་ཁུངས་མཉམ་ལས་བྱེད་པར་ཤུགས་རྒྱག་པ་དང་། ཕྱི་རྒྱལ་གྱི་ཐོན་ཁུངས་སྤུས་ལེགས་ཀྱི་ཁེ་དབང་ཆེ་རུ་གཏོང་དགོས།
འདིར་ངས་ཞིང་ལས་ཐོན་རྫས་འདོན་སྤྲོད་བདེ་འཇགས་ཀྱི་གནད་དོན་དམིགས་སུ་བཀར་ནས་ནན་བཤད་བྱ་རྒྱུ་ཡིན། རྒྱལ་ཁབ་ཀྱི་མངའ་ཁོངས་བརྟག་དཔྱད་བྱས་འབྲས་གསར་ཤོས་ལ་བལྟས་ན། རྨོ་ཞིང་གི་རྒྱ་ཁྱོན་ད་དུང་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ས་གནས་ཁ་ཤས་ཀྱི་གཞི་རྩའི་ཞིང་ཁར་འབྲུ་རིགས་མི་འདེབས་པར་སིལ་ཏོག་འདེབས་པ་དང་། ཡང་ན་ཟུར་སྣོན་རིན་ཐང་མཐོ་བའི་ལོ་ཏོག་གཞན་དག་འདེབས་ཀྱི་ཡོད། ངས་ཡང་ཡང་བཤད་མྱོང་། ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་དང་། ང་ཚོའི་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་བཟའ་འབྲུ་འཇུག་དགོས། ཞིང་ལས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་སུ་བཞག་ནས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་འཕྲུལ་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། འབྲུ་འདེབས་ཞིང་པའི་ཡོང་འབབ་ལུགས་མཐུན་ཡོང་བར་འགན་སྲུང་བྱེད་པ། བཟའ་འབྲུ་རྦད་དེ་བདེ་འཇགས་དང་ལོ་ཏོག་གཞི་རྩའི་ཆ་ནས་རང་ཁ་རང་གསོ་ཐུབ་པའི་འགན་ལེན་བྱེད་པ། སྣུམ་རྒྱུ་དང་། སྲན་ཆེན་གྱི་ཐོན་ནུས། རང་ཁ་རང་གསོ་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
གནད་དོན་བཞི་པ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་ངོས་འཛིན་ཡང་དག་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་། རང་རྒྱལ་གྱིས་ཨ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་དང་། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། ཏོག་གསར་གློ་ཚད་རིམས་ནད་སོགས་ཉམས་སད་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་ཡོད། ད་ལྟ། རང་རྒྱལ་གྱི་དཔལ་འབྱོར་དང་དངུལ་རྩའི་ཁྱབ་ཁོངས་སུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་མང་པོ་ཡོད་མོད། འོན་ཀྱང་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ། མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱེད་དགོས། གནའ་མིའི་གཏམ་ལ། “གནོད་འཚེ་ཆུང་ངུ་བྱུང་ཙ་ན། །དེ་ཉིད་མྱུར་དུ་འགོག་པར་བྱ། ། ལུས་ལ་ནད་རྟགས་མངོན་པའི་དུས། །དེ་འཕྲལ་བཅོས་ནས་རྩ་བ་འཇོམས། །” ང་ཚོས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་ཡག་པོ་བྱེད་པ་དང་། ཕྲ་མཐོང་ཆེ་ཤེས་དང་། སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་བྱས་ནས་ཉེན་ཁ་ཚབས་ཆེན་དང་ཉམས་ཉེན་མི་འབྱུང་བར་བྱེད་དགོས།
ཉེ་སྔོན་ང་ཚོས་གྲིབ་གཟུགས་དངུལ་ཁང་གི་ཉེན་ཁ་དང་དྲ་སྦྲེལ་དངུལ་རྩའི་ཉེན་ཁ་ཐག་གཅོད་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཉེན་ཁ་གསར་པ་སྔར་ལྟར་འབྱུང་བཞིན་ཡོད་པ་དང་། “ངང་པ་ནག་པོའི་་”དོན་རྐྱེན་དང་“བསེ་རུ་སྐྱ་བོའི་”དོན་རྐྱེན་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་པ་ཤེས་དགོས། སྣང་ཚུལ་འདི་དག་ལ་དབྱེ་ཞིབ་བྱེད་པར་རྒྱུ་རྐྱེན་གལ་ཆེན་འགའ་ཡོད། གཅིག་ནི་དུས་ཡུན་རིང་པོར་གསོག་ཉར་བྱས་པའི་འབྲས་བུ་ཡིན། “དུས་གསུམ་སྣོལ་བརྩེགས་”ཀྱི་ཤུགས་རྐྱེན་སྔར་བཞིན་མཇུག་སྒྲིལ་མེད་པ་དང་། དུས་འགོའི་ཉེན་ཁ་སྔར་བཞིན་སེལ་དགོས། གཉིས་ནི་ལྟ་སྐུལ་དོ་དམ་བྱེད་ནུས་དང་ལམ་ལུགས་ཀྱི་སྐྱོན་ཆ་ཡིན། དངུལ་རྩ་སྒྲིག་གཞི་ཀུང་སིའི་བཅོས་སྐྱོང་གི་གནད་དོན་ལ་འགན་འཛོལ་ཚབས་ཆེན་ཤོར་ནས་དངུལ་རྩའི་ལྟ་སྐུལ་དོ་དམ་བྱེད་ནུས་དང་ཆུ་ཚད་མི་འཚམ་པར་གྱུར་ཡོད། ས་གནས་ཀྱི་བུ་ལོན་དོ་དམ་ལྷོད་དུ་སོང་བ་དང་། ས་གནས་ཁ་ཤས་ཀྱིས་རྣམ་པ་འགྱུར་བའི་སྒྲིག་འགལ་བུ་ལོན་བླངས་པས། བུ་ལོན་གྱི་ཁུར་པོ་མུ་མཐུད་ཇེ་ལྕིར་སོང་ཡོད། གསུམ་ནི་བུན་བདག་གི་ཀླ་ཀློའི་བྱ་སྤྱོད་ཡིན། ཁེ་ལས་ཆེན་པོ་ཁ་ཤས་རྨོངས་ཚོད་ཀྱིས་ངར་ལངས་ནས་ཚུལ་མཐུན་མིན་པའི་སྣ་མང་ཅན་དུ་རྒྱ་བསྐྱེད་པ་དང་། དངུལ་རྩའི་བཀན་ཤིང་ལ་བརྟེན་དྲགས་པས། ཐོན་ལས་མ་རྩ་དངུལ་རྩའི་ལས་རིགས་སུ་ཚད་བརྒལ་གྱིས་ཞུགས་ཡོད། རྐང་བདག་དང་དངོས་སུ་ཚོད་འཛིན་བྱེད་མཁན་འགའ་ཤས་ཀྱིས་ཁྲིམས་འགལ་སྒྲིག་འགལ་གྱིས་དངུལ་རྩའི་ཁེ་ལས་གཉེར་སྐྱོང་དང་དོ་དམ་བྱས་པས། ནང་ཁུལ་གྱི་མིས་ཚོད་འཛིན་དང་མ་རྐང་བདག་པོ་ཆེན་པོས་ཁ་ལོ་བསྒྱུར་ཞིང་། ནོར་དོན་རྫུན་བཟོ་བྱེད་པ་དང་། མ་དངུལ་གང་བྱུང་དུ་སྤྱད་པ་རེད། བཞི་ནི་དཔོན་ཚོང་ངན་འབྲེལ་དང་རུལ་སུངས་ཀྱི་བྱ་སྤྱོད་ཡིན། དངུལ་རྩ་སྒྲིག་གཞིའི་འགན་འཁུར་བ་དང་སྲིད་གཞུང་གི་དཔོན་རིགས་ཁ་ཤས་ཀྱིས་འགན་ཤོར་ལས་འཛོལ་དང་། ལྐོག་ཟ་རུལ་སུངས། གཡོ་ཐབས་ཀྱིས་བར་ཁེ་ཟ་བ་བཅས་བྱས་པ་དང་། རྒྱལ་ཁབ་ཀྱི་རྒྱུ་ནོར་ཕངས་མེད་དུ་སྤྱད་དེ་གྱོང་གུན་ཚབས་ཆེན་བཟོས་ཡོད། ལྔ་ནི་དཔལ་འབྱོར་དུས་འཁོར་གྱི་འགྱུར་ལྡོག་ཡིན། དཔལ་འབྱོར་འཕར་འགྲོས་དལ་དུ་ཕྱིན་པ་དེས་མ་གཞི་ནས་སྦ་གསང་བྱས་པའི་ཉེན་ཁ་སྣ་ཚོགས་གསལ་རྗེན་དུ་ཐོན་པ་དང་། ཆ་ཤས་ཀྱི་ཉེན་ཁ་ལས་མ་ལག་གི་ཉེན་ཁ་འབྱུང་ཚད་ཇེ་ཆེར་སོང་བ་དང་། ཁེ་ལས་ཀྱི་མ་དངུལ་གྱིས་བུ་ལོན་འཇལ་མི་ཐུབ་པའི་ཁྱད་ཆོས་ལྡན་པའི་ཉེན་ཁ་འབུར་དུ་ཐོན་ཡོད།
གོམ་སྟབས་རྗེས་མར་སྤྱི་ཡོངས་བརྟན་པོ་དང་། གཅིག་འདོམས་མཐུན་སྦྱོར། རིགས་དབྱེ་ཇུས་བསྟར། གནད་འཁེལ་འགག་གཏོར་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་ལ་མུ་མཐུད་གཞིགས་ནས་ཉེན་ཁ་ཐག་གཅོད་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱེད་དགོས། ཁྲིམས་ལྟར་ལུགས་མཐུན་སྒོ་ནས་དངུལ་རྩའི་ཁྲིམས་སྐྱོང་འཛུགས་པར་ཤུགས་བརྒྱབ་ནས་དུས་བཀག་ལྟར་བཅའ་ཁྲིམས་བཟོ་བཅོས་རྒྱག་པའི་ལམ་ལུགས་འཚོལ་ཞིབ་ཀྱིས་འཛུགས་དགོས། འགན་འཁྲི་ནན་དུ་བཏང་སྟེ་“རང་ཕྲུག་རང་སྐྱོང་”དང་། ས་གནས་ཀྱི་ཏང་སྲིད་འགན་འཁྲི་འདྲ་མཚུངས་སུ་ནན་དུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་ཉེན་ཁ་སེལ་འགན་འཁུར་རྒྱུ། དངུལ་རྩའི་ལྟ་སྐུལ་དོ་དམ་དང་། ལས་རིགས་གཙོ་སྐྱོང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སོགས་སྡེ་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། སོ་སོའི་འགན་འཁྲི་ལྟར་ཉེན་ཁ་སེལ་བའི་སྐུལ་འདེད་གཏོང་རྒྱུ། ཁེ་ལས་ཀྱི་རང་སྐྱོབ་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་སྤྱོད་གོ་ཆོད་པའི་ཉེན་ཁ་སེལ་བའི་ཇུས་གཞི་བཟོ་དགོས། ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཞན་ཆ་སེལ་བ། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེརུ་གཏོང་བ་བཅས་བྱེད་དགོས། ཐོན་ཁུངས་འདང་ངེས་ཡོད་དགོས་པ་དང་། དངུལ་རྩ་བརྟན་གནས་འགན་སྲུང་ཐེབས་རྩ་འཛུགས་རྒྱུ་དམ་འཛིན་བྱེད་པ། བཅོལ་དངུལ་འགན་བཅོལ་ལམ་ལུགས་དང་ལས་རིགས་འགན་སྲུང་ཐེབས་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དངུལ་རྩའི་སྒྲིག་གཞི་ཟླ་སྒྲིལ་ཉོ་སྒྲུབ་དང་ངན་འགྱུར་མ་རྩ་འདུམ་སེལ་བྱེད་པར་སྐུལ་སྤེལ་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ས་གནས་ཀྱིས་རང་འགུལ་ངང་གསོག་འཇོག་རྒྱུ་ནོར་གང་འགབ་ཅི་སྤྱོད་དང་ཉེན་ཁ་སེལ་དགོས། རྐང་རྩ་མ་སྟོངས་བར་དུ་ཁེ་ལས་ཀྱི་མ་རྐང་བདག་པོས་གཙོར་བྱས་ནས་ཉེན་ཁ་དང་གྱོང་གུན་འཁུར་དགོས། ཕྱོགས་སོ་སོས་གཞོགས་འདེགས་རྒྱ་ཁྱབ་བྱས་ཏེ་དངུལ་རྩའི་ལས་རིགས་ཀྱིས་གཞི་གཅིག་ཅན་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་། དབང་ཆ་སྤྲོད་གང་ཐུབ་དང་གཅིག་འདོམས་མཐུན་སྦྱོར་བྱས་ནས་ཚོང་ར་དང་ལས་རིགས་ལས་བརྒལ་བའི་གཅིག་འདོམས་བྱས་ཏེ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས།
ས་ཁང་བདག་ཁོངས་ཁེ་ལས་ཁ་ཤས་ཀྱི་ཉེན་ཁར་ལྷག་པར་མཐོང་ཆེན་བྱེད་དགོས། ས་གནས་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་སྲུང་ནས་ས་ཁང་བདག་ཁོངས་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་མཐའ་འཁྱོངས་བྱེད་དགོས།
གནད་དོན་ལྔ་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ངོས་འཛིན་ཡང་དག་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ནི་ཏང་ཀྲུང་དབྱང་གིས་བསམ་གཞིག་གཟབ་ནན་བྱས་པ་བརྒྱུད་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཆོད་གལ་ཆེན་དང་། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན་ལ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡང་ཡིན། ཉེ་ཆར་ལས་ཀ་དངོས་ཀྱི་ནང་གནད་དོན་ཁ་ཤས་བྱུང་ཡོད་དེ། ལ་ལས་“ཐཱན་གདོང་གཏུག་”བྱེད་ཅིང་། ལ་ལས་“གཅིག་དཔེ་བརྒྱ་འགེབས་”དང་འགུལ་སྐྱོད་ཅན་གྱི་“ཐཱན་འཕྲི་”སྤེལ་བ་དང་། ཐ་ན་“གློག་བཀག་པའི་”སྣང་ཚུལ་བྱུང་བ་དེ་དག་ཚང་མ་ཏང་ཀྲུང་དབྱང་གི་བླང་བྱ་དང་མི་མཐུན་པ་རེད། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བ་ཕྱོགས་ཡོངས་ནས་རིགས་བསྒྱུར་བྱེད་པའི་རྙོག་འཛིང་གི་ལས་གྲྭ་དང་ཡུན་རིང་གི་ལས་འགན་ཡིན་ཞིང་། ནུས་ཁུངས་གྲུབ་ཚུལ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་ལ། དོན་དངོས་དང་དེ་བས་ཀྱང་བྲལ་མི་རུང་། གལ་ཏེ་སྲོལ་རྒྱུན་གྱི་ནུས་ཁུངས་རིམ་བཞིན་ཕྱིར་འཐེན་བྱས་པ་དེ་ནུས་ཁུངས་གསར་པ་ཉེན་མེད་བློས་འགེལ་ཆོག་པའི་ཚབ་བྱེད་རྨང་གཞིའི་ཐོག་བཙུགས་པ་མིན་ན། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་ཕོག་ཐུག་བཟོ་སྲིད། སྦགས་འཕྲི་ཐཱན་གཅོག་ནི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་གི་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་པས། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ། ཕྱོགས་ཡོངས་ནས་ཇུས་འགོད་བྱེད་དགོས།
ངས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་ཐོག་“ཐཱན་ཟུང་”གི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་དང་། གྲོན་ཆུང་སྔོན་ལ་འཇོག་པ། འཁོར་ལོ་གཉིས་ཀྱི་སྒུལ་ཤུགས། ཕྱི་ནང་ཤར་གཏོང་། ཉེན་ཁ་སྔོན་འགོག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུའི་ནན་བཤད་བྱས་ཡོད། ཏང་ཀྲུང་དབྱང་གིས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བསམ་འཆར་བཏོན་ནས་ཐཱན་རྩེར་སོན་བྱ་སྤྱོད་ཀྱི་ཇུས་གཞིར་ཆོག་མཆན་སྤྲད་པ་རེད། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་བློ་བརྟན་འགྱུར་མེད་ཡིན་དགོས་པ་དང་། འོན་ཀྱང་སྡེབ་གཅིག་ལ་ཡོངས་སུ་འགྲུབ་མི་ཐུབ་པས། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས་རིམ་བཞིན་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་འཛུགས་པ་དང་རྡོ་སོལ་གཙོ་བོར་བྱེད་པ་ནི་ང་ཚོའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ཡིན་པས། ཐཱན་རྩེར་སོན་མངོན་འགྱུར་བྱེད་པར་ངེས་པར་དུ་དོན་དངོས་འདི་གཞིར་འཛིན་དགོས། རྡོ་སོལ་གཙང་ཞིང་ལས་ཆོད་ཆེ་བའི་ངང་བེད་སྤྱོད་གཏོང་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག སོལ་གློག་འཕྲུལ་འཁོར་ཚན་པ་སྟབས་བསྟུན་རང་བཞིན་གྱི་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ་དང་། བསྐྱར་སྐྱེ་ནུས་ཁུངས་འཕེལ་རྒྱས་གཏོང་བ། རྡོ་སོལ་དང་ནུས་ཁུངས་གསར་པ་ལེགས་སྒྱུར་སྡེབ་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་པའི་བསྡུ་ཉར་གཙང་སེལ་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་ལག་རྩལ་འགག་སྒྲོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་མགྱོགས་སུ་གཏོང་དགོས། ཚན་རིག་དང་མཐུན་པར་དཔྱད་ཞིབ་བྱེད་པ་དང་། ནུས་ཁུངས་ཟད་གྲོན་“ཚོད་འཛིན་གཉིས་”ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆ་རྐྱེན་བསྐྲུན་ནས་ནུས་ཁུངས་ཟད་གྲོན་“ཚོད་འཛིན་གཉིས་”ནས་ཐཱན་འབུད་གཏོང་གི་སྤྱི་འབོར་དང་དྲག་ཚད་“ཚོད་འཛིན་གཉིས་”ཀྱི་ཕྱོགས་སུ་སྔ་ཙམ་ནས་བསྒྱུར་བ་བཅས་བྱས་ཏེ། སྦགས་འཕྲི་ཐཱན་གཅོག་གི་སྐུལ་ལྕག་ཚོད་འཛིན་ལམ་སྲོལ་མགྱོགས་པོར་ཆགས་པར་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་“ཚོད་འཛིན་གཉིས་”དང་“ཐཱན་ཟུང་”གི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་པ་དང་། སྟབས་བདེའི་སྒོ་ནས་རིམ་པ་ལྟར་དབྱེ་ཕྲལ་བྱེད་རིགས་སྔོན་འགོག་བྱེད་དགོས། ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་། དམིགས་འབེན་མང་པོ་དོ་མཉམ། ཐབས་ལམ་མང་པོ་བརྒྱུད་ནས་ནུས་ཁུངས་མཁོ་སྤྲོད་འཕར་སྣོན་བྱེད་པ། ཁེ་ལས་ཆེ་གྲས་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་ཁྲིད་དེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བཅས་བྱེད་དགོས་པ་ལས། གཞི་ཁྱོན་ཆེ་བའི་“གློག་བཀག་པའི་”དོན་རྐྱེན་ཚབས་ཆེན་འདི་རིགས་སླར་ཡང་གཏན་ནས་འབྱུང་དུ་བཅུག་མི་ཆོག། ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནུས་ཁུངས་འཛད་སྤྱོད་དང་། མཁོ་སྤྲོད། ལག་རྩལ། སྒྲིག་སྲོལ་བཅས་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་བ།རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་རྒྱག་པ་བཅས་བྱས་ནས་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།
དབང་ལྡན་ཚེ་རིང་གིས་བསྒྱུར།