རེ་སྒུག་ནན་མོ་སྟོང་ཟད་དུ་མི་གཏོང་བར་ལང་ཚོའི་འགན་འཁྲི་ཕྲག་ཏུ་འཁུར།

དེབ་འདིའི་དཔྱད་གཏམ་པ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-18


“གཞོན་ནུ་ནི་ས་གཞིའི་སྟེང་བདེ་ཐང་ངང་འཚར་ལོངས་བྱུང་བའི་སྡོང་ཕྲུག་ཅིག་དང་འདྲ་བར་ནམ་ཞིག་དགུང་ལ་ཟུག་པའི་ལྗོན་ཤིང་ལྟ་བུར་གྱུར་ནས་འགན་འཁྲི་ལྗིད་མོ་ཞིག་འཁུར་ཐུབ་ཀྱི་རེད། གཞོན་ནུ་ནི་ཉི་གཞོན་དང་འདྲ་བར་རྒྱུན་ཆད་མེད་པར་ནུས་ཤུགས་གསོག་འཇོག་བྱས་ནས་དུས་ནམ་ཞིག་ལ་འོད་ཟེར་དང་ཚ་དྲོད་ས་གཞིའི་སྟེང་རབ་ཏུ་འཕྲོ་ངེས་རེད། ཏང་དང་རྒྱལ་ཁབ་ཀྱི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད།”


 ཀྲུང་གོའི་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ་100རིང་གུང་གཞོན་ཚོགས་པས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ལང་ཚོའི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་། གུང་གཞོན་ཚོགས་པས་ཏང་གི་འགོ་ཁྲིད་འོག་མི་རབས་ནས་མི་རབས་བར་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པར་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། གུང་གཞོན་ཚོགས་པ་དང་གཞོན་ནུའི་ལས་དོན་གྱི་ལོ་རྒྱུས་ཉམས་མྱོང་རྒྱས་བཤད་གཏིང་ཟབ་གནང་ནས་དེང་རབས་གཞོན་ནུ་ཚོར་རེ་བ་ནན་མོ་བཅོལ་རྒྱུ་དང་དུས་རབས་གསར་པའི་གུང་གཞོན་ཚོགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།


 ལང་ཚོ་ལས་རེ་བ་ཚད་མེད་སྐྱེས་པ་དང་། གཞོན་ནུ་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད། ང་ཚོའི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་གཞོན་ནུ་རྣམས་ལ་མཐོང་ཆེན་ཧ་ཅང་ཆེན་པོ་གནང་བ་དང་། གཞོན་ནུ་རྣམས་ལ་དམ་པོར་བརྟེན་ནས་གཞོན་ནུ་རྣམས་“སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧྲིལ་པོའི་ནང་ཧུར་བརྩོན་ཆེ་ཤོས་དང་སྐྱེ་སྟོབས་ཆེ་ཤོས་ལྡན་པའི་སྟོབས་ཤུགས་སུ་”བརྩིས་ཏེ་གཞོན་ནུའི་སྟོབས་གསར་དམག་དཔུང་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་གནང་བ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གཅིག་རྒྱུད་གཅིག་འཛིན་དང་རྒྱུན་འཛིན་བྱེད་མཁན་ཡོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གཞོན་ནུའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་། འཕར་རྩ་བརྟག་པ། བྱེད་ཐབས་སློབ་པ། རྒྱ་ཆེའི་གཞོན་ནུ་ཚོར་མི་ཚེའི་གོམ་སྟབས་རེ་རེ་བཞིན་ཡག་པོ་སྤོ་རྒྱུར་ཁྲིད་སྟོན་བཅས་གནང་ཡོད། ཕུགས་འདུན་གླེང་ནས་གཞོན་ནུ་རྣམས་ལ་“ཕུགས་འདུན་ཆེན་པོ་”འཆང་དགོས་པའི་སྐུལ་ལྕག་གཏོང་བ་དང་གཅིག ། བློ་སྦྱོང་ལ་དང་དོད་བྱས་ནས་གཞོན་ནུ་རྣམས་ལ་“ཀུན་སྤྱོད་གསལ་པོ་ཤེས་པ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་མོར་སྲུང་བ་”བཅས་ཀྱི་ཁྲིད་སྟོན་བྱེད་པ་དང་གཉིས། སློབ་སྦྱོང་ལ་མཐོང་ཆེན་བྱས་ནས་གཞོན་ནུ་རྣམས་སློབ་སྦྱོང་གི་རྫོགས་ལྡན་དུས་སྐབས་སུ་གནས་ཡོད་པས་ཕུགས་འདུན་ནི་སློབ་སྦྱོང་ནས་འགོ་རྩོམ་པ་དང་། བྱ་གཞག་ནི་འཇོན་ཐང་ལ་བརྟེན་ནས་འགྲུབ་དགོས་པའི་འདུ་ཤེས་འཛུགས་པ་དང་གསུམ། འབད་འཐབ་ལ་མཐོང་ཆེན་བྱས་ནས་གཞོན་ནུ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ཁྲོད་བསམ་པའི་གཤིས་རྒྱུད་ཞུན་བརྡར་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་བཞི། གཞོན་ནུ་རྣམས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་ལྗིད་པོ་འཁུར་ནས་འགག་སྒྲོལ་དཀའ་སེལ་ཁྲོད་གྲུབ་འབྲས་གཏོད་དགོས་པའི་རེ་བ་བཅོལ་བ་དང་ལྔའོ།། བསླབ་བྱ་ཡང་ཡང་གནང་ཞིང་རེ་སྒུག་ཆེན་པོ་བྱེད། དུས་རབས་གསར་པའི་གཞོན་ནུ་རྣམས་ཀྱིས་བསླབ་བྱ་དང་རེ་སྒུག་སྟོང་ཟད་དུ་མི་གཏོང་བ་དང་། ལང་ཚོའི་འགན་འཁྲི་ཕྲག་ཏུ་འཁུར་ཞིང་། “ཏང་བློ་བདེ་མོ་གནང་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་པར་ང་རང་ཡོད་”ཅེས་པའི་ལང་ཚོའི་དམ་བཅའ་ལག་བསྟར་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པའི་ཐོག་ཞུམ་མེད་མདུན་སྐྱོད་བྱེད་དགོས།


 ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། དམར་མདངས་བཀྲ་བའི་ཀྲུང་གོའི་གུང་གཞོན་ཚོགས་པའི་ཚོགས་དར་ཐོག་སྒོར་ཐིག་སེར་པོས་ཟུར་ལྔའི་སྐར་མ་བསྐོར་བ་དེའི་ཐོག་ནས་རྒྱ་ཆེའི་གཞོན་ནུ་རྣམས་ཀྲུང་གོའི་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པ་མཚོན་ཡོད། ལོ་བརྒྱར་ཕྱིར་མིག་བལྟས་ཚེ། གུང་གཞོན་ཚོགས་པས་“བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འབད་འཐབ་བྱེད་པའི་”ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་རྒྱ་ཆེའི་ཀྲུང་གོའི་གཞོན་ནུ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཕེལ་རིམ་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱི་ལང་ཚོའི་ལེའུ་བརྩམས་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། གསར་བརྗེའི་གཞོན་ནུ་ཁྲི་སྟོང་མང་པོས་ཏང་གི་འགོ་ཁྲིད་འོག་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་ཆེད་རང་སྲོག་བློས་གཏོང་བར་མི་འཛེམ་པར་ཁྲག་བཏོན་དམར་འཛིང་བྱས་ཏེ་“འཚོ་དུས་རླབས་ཆེ་ཞིང་ཤི་དུས་གཟི་བརྗིད་ལྡན་”ཞེས་པར་གསལ་བཤད་གཏིང་ཟབ་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། ཚན་རིག་གི་ཕྱོགས་སུ་དཔུང་འཇུག་དང་། དཀའ་ངལ་གྱི་ཕྱོགས་སུ་དཔུང་འཇུག། ས་རྒོད་དུ་དཔུང་འཇུག་བཅས་བྱས་ཏེ། ལང་ཚོ་མེས་རྒྱལ་ལ་ཕུལ་ཞིང་“གཞོན་ནུ་འཕྲལ་རྒོལ་རུ་ཁག་”དང་“གཞོན་ནུ་གསར་སྦོལ་རུ་ཁག་”སོགས་ཁྲག་དྲོན་དར་ཆ་རེ་རེ་བཞིན་མཐོན་པོར་བསྒྲེངས་ཡོད། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པའི་ནང་། གཞོན་ནུ་རྣམས་ཀྱིས་“མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་དར་རྒྱས་སུ་གཏོང་དགོས་”ཞེས་པའི་དུས་རབས་ཀྱི་འབོད་སྒྲ་བསྒྲགས་ཏེ། མཆོང་ཕོད་སྒྲུབ་ཕོད་དང་དར་སྲོལ་གྱི་སྣེ་ཁྲིད་དེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ཕྱོགས་སོ་སོའི་ནང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ནང་། རང་རྟོན་རང་འབད་བྱས་པའི་ཀྲུང་གོའི་གཞོན་ནུ་རྣམས་ཀྱིས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་རང་རྟོགས་ངང་ཏང་གི་བཀོད་འདོམས་ལ་ཉན་ནས། ཚན་རྩལ་གསར་གཏོད་དང་། དབུལ་བྲལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་དང་འཐབ་རྩོད་གལ་ཆེན་ནང་འབད་འཐབ་དང་ལེགས་སྐྱེས་འབུལ་ཞིང་། དཔུང་པ་མཉམ་གཤིབ་ཀྱིས་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་ནས་དཔའ་ངར་ཆེར་སྐྱེད་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་ཡོད།


 ཀྲུང་གོའི་གུང་ཁྲན་ཏང་མེད་ན་ཀྲུང་གོའི་གུང་གཞོན་ཚོགས་པ་ཡོད་མི་སྲིད་པ་ནི་ལོ་རྒྱུས་ཀྱི་ཐོག་ནས་གསལ་ཞིང་གཏིང་ཟབ་པའི་སྒོ་ནས་ཁྱབ་བསྒྲགས་བྱས་ཡོད། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ་ནི་ཀྲུང་གོའི་གཞོན་ནུའི་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་ཉམས་མྱོང་རྩ་ཆེ་ཤོས་དེ་ཡིན་པ་དང་། ཁྲག་རྒྱུན་ནང་མཉམ་འདྲེས་གཏིང་ཟབ་བྱུང་བའི་དམར་པོའི་གཞི་རྒྱུ་ནི་ཀྲུང་གོའི་གཞོན་ནུ་རྣམས་ཀྱིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་གཞོན་ནུ་རྣམས་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས། ཏང་གིས་གཞོན་ནུ་དོ་དམ་བྱེད་པའི་རྩ་དོན་གསལ་པོ་བཏོན་པ་དང་། གཞོན་ནུ་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་དར་སྤེལ་ཤུགས་ཆེན་བཏང་ཞིང་། གཞོན་ནུའི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཡར་ཐོན་མངོན་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ལ། ཀྲུང་གོའི་གཞོན་ནུ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནུས་པ་གང་ཡོད་བཏོན་ནས་གཞོན་ནུའི་ལས་དོན་ལ་གྲུབ་འབྲས་གཡུར་ཟ་ཐོབ་ཡོད།


 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “གུང་གཞོན་ཚོགས་པ་ནི་ཏང་གི་ལས་རོགས་དང་རྗེས་གྲབས་དཔུང་ཁག་ཅིག་ཡིན་པས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་རྣམས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་ནི་ཐོག་མའི་བསམ་འདུན་ཡིན། ཐོག་མའི་བསམ་འདུན་འདི་བརྗེད་མི་རུང་བ་ནི་རང་རྒྱལ་གྱི་རྒྱ་ཆེའི་གཞོན་ནུ་རྣམས་ཀྱི་ཆབ་སྲིད་ཀྱི་གདམ་ག་ཡིན་ལ། རང་རྒྱལ་གྱི་རྒྱ་ཆེའི་གཞོན་ནུ་རྣམས་ཀྱི་མི་ཚེའི་འགྲོ་ཕྱོགས་ཀྱང་རེད།” རྒྱ་ཆེའི་གུང་གཞོན་ཚོགས་མི་དང་གཞོན་ནུ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་དེ་རང་གི་དར་ཆ་རུ་འཛིན་པ་དང་། ཏང་གི་འདོད་བློ་དེ་རང་གི་འདོད་བློ་རུ་འཛིན་པ། ཏང་གི་འགན་འཁྲི་དེ་རང་གི་འགན་འཁྲི་རུ་འཛིན་པ་བཅས་བྱས་ནས། ལང་ཚོའི་འབད་འཐབ་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་འདྲེས་པ་རེད།


 ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་གསར་བརྗེའི་མེ་ལྕེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས། གུང་གཞོན་ཚོགས་པས་གཞོན་ནུ་རྣམས་སྒྲིག་འཛུགས་བྱེད་པ་ནི་ཕུགས་བསམ་དང་དད་སེམས་ཀྱི་འབོད་སྐུལ་འོག་བློ་བརྟན་འགྱུར་མེད་ངང་དད་སེམས་ཟུང་འབྲེལ་དང་ཚན་རིག་རིང་ལུགས་ཟུང་འབྲེལ་བྱས་པ་ཞིག་རེད། ང་ཚོའི་ཏང་གིས་“གུང་ཁྲན་རིང་ལུགས་”དེ་ཚོགས་མིང་དུ་བཏགས་པ་ནི་ཏང་གི་གཞོན་ནུ་རྩ་འཛུགས་ཀྱིས་ནམ་ཡང་ཕུགས་བསམ་དང་དད་སེམས་ཀྱི་མཐོ་སར་ལངས་ནས་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་གཞོན་ནུ་རྣམས་ལ་དྲག་ཆས་སྤྲས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་སེམས་ལ་བརྟེན་ནས་གཞོན་ནུ་རྣམས་ལ་འབོད་སྐུལ་བྱེད་པ། ཏང་གི་འོད་སྟོང་འབར་བའི་དར་ཆས་གཞོན་ནུ་ལ་ཁྲིད་སྟོན་བྱེད་པ། ཏང་གི་སྤྱོད་ཚུལ་བཟང་པོར་བརྟེན་ནས་གཞོན་ནུ་གསོ་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།


 གཞོན་ནུར་ཕུགས་བསམ་ཆེན་པོ་དང་དད་སེམས་བརྟན་པོ་ལྡན་པ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣུམ་ཚོན་རི་མོ་“ཁྲེན་ཧྲུའུ་ཞང་”གི་མདུན་དུ་བསམ་བློ་ཡང་ཡང་བཏང་། ཞང་ཅང་གཡུལ་འགྱེད་ཁྲོད་དུ། ལོ་ངོ་29ལ་ལོན་པའི་དམར་དམག་ཧྲི་34པའི་ཧྲི་དཔོན་གསོན་བཟུང་བྱས་རྗེས། རང་སྲོག་འཛེམ་མེད་ཀྱི་སྒོ་ནས་ཕུགས་བསམ་མངོན་པ་སྟེ་རྒྱུ་མ་རླངས་ནས་བཅད་དེ་སྤོབས་པ་ཆེན་པོས་རང་སྲོག་བློས་བཏང་བ་རེད། “དེར་བློ་སྟོབས་ཆེན་པོ་དང་དད་སེམས་ཆེན་པོ་ཅི་འདྲ་ཞིག་མི་དགོས་སམ།” དུས་རབས་སོ་སོ་མི་འདྲ་ཡང་དད་སེམས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད། “དྭངས་གཙང་གི་བརྩེ་སེམས་ནི། ཀྲུང་གོའི་ཆེད་ལས་མ་འདས།” ལོ་ན་18ལོན་པའི་མཐའ་སྲུང་སྔོན་གཤེགས་དཔའ་བོ་ཁྲེན་ཞང་རུང་གིས་སྐུ་འཚོ་བཞུགས་དུས་སུ་སྐད་ཆ་འདི་བྲིས་ཡོད་དེ། པན་ཀྲང་གིས་དེ་སྔ་ཁོང་ལ་“ཁྱེད་རང་00ལོའི་རྗེས་ཀྱི་དམག་གསར་ཞིག་ཡིན་ཞིང་། འབོད་ཚིག་འདི་འདྲ་‘ཆེ་’དོན་ཅི་ཡིན་ནམ་”ཞེས་དྲིས་མྱོང་། “པན་ཀྲང་ལགས། འདི་ནི་ལོ་ཚོད་དང་འབྲེལ་བ་མེད། ངས་བསམ་བློ་དེ་འདྲ་གཏོང་གི་ཡོད་ལ། དེ་ལྟར་བྱེད་ཀྱི་ཡིན་”ཞེས་བློ་བརྟན་འགྱུར་མེད་ངང་ལན་འདེབས་པ་རེད།


 ཕུགས་འདུན་ཆེན་པོ་བཅངས་ཚེ་གཞི་ནས་མཐོ་སར་འཛེགས་ནས་རྒྱང་ལྟ་བྱེད་ཐུབ་པ་དང་། བློ་ཁོག་ཆེན་པོས་གནམ་འོག་ལ་བསམ་བློ་བཏང་ན་གཞི་ནས་བརྗིད་ཉམས་ཆེ་བའི་འཆར་གཞི་འདིང་ཐུབ། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་རྣམས་ལ་རང་རྟོན་རང་འབད་དང་རྟོག་བསམ་གྱི་སྙིང་སྟོབས་ལྡན། དུས་མཚུངས་སུ་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་སྣ་ཚོགས་ཀྱི་དངོས་ཡོད་ཤུགས་རྐྱེན་དང་ཡང་འཕྲད་ཡོད་པས། ཕུགས་བསམ་དང་དངོས་ཡོད། རིང་ལུགས་དང་གནད་དོན། རང་ཕན་དང་གཞན་ཕན། བདག་ཆུང་དང་བདག་ཆེན། མི་རིགས་དང་འཛམ་གླིང་སོགས་ཀྱི་ཐད་བསམ་བློར་དཀའ་ངལ་འཕྲད་སྲིད་པ་དང་དེ་བས་རིག་པ་རྣོ་བའི་མིག་རྒྱང་ལ་བརྟེན་ནས་སྤྱི་ཚོགས་ལ་ལྟ་ཞིབ་བྱེད་པ་དང་། རིག་པ་གསལ་པོའི་སྒོ་ནས་མི་ཚེ་ལ་བསམ་བློ་གཏོང་བ། བློ་གྲོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འབྱུང་འགྱུར་གཏོད་པ་བཅས་བྱེད་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་སྔ་ཙམ་ནས་བློ་ཐག་ཆོད་པོས་ཕུགས་འདུན་ཆེན་པོ་བཅངས་པ་དང་། སེམས་གཏིང་ནས་ཏང་ལ་ཡིད་ཆེས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས། མར་ཁེ་སིའི་རིང་ལུགས་ལ་དད་མོས་བཅས་ལ་བརྟེན་ནས། བསམ་བློའི་བྱབས་ཁྲུས་དང་ལག་ལེན་གྱི་སྦྱོང་བརྡར་ཁྲོད་ནས་ཀྲུང་གོ་བའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཟམ་མི་འཆད་པར་ཆེ་རུ་བཏང་ནས་གསར་བརྗེའི་མེ་ལྕེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས།


 འབད་འཐབ་ཀྱི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱས་ནས་དུས་རབས་གསར་པའི་རླབས་གཤག་ཕོ་རྒོད་བྱེད་ཕོད་པ་བྱེད་དགོས། 1939ལོའི་ཟླ་5པར་བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་དུ་དཔེ་བཟང་གཞོན་ནུ་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་དུམ་བུ་ཞིག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ལུང་དྲངས་མྱོང་བ་སྟེ། “ཀྲུང་གོའི་གཞོན་ནུའི་ལས་འགུལ་ལ་གསར་བརྗེའི་སྲོལ་རྒྱུན་ཧ་ཅང་ཡག་པོ་ཡོད་ལ། སྲོལ་རྒྱུན་འདི་ནི་‘ཡུན་རིང་འབད་འཐབ་’བྱ་རྒྱུ་དེ་ཡིན། ང་ཚོའི་གུང་ཁྲན་ཏང་ནི་སྲོལ་རྒྱུན་དེ་རྒྱུན་འཛིན་བྱེད་མཁན་ཡིན་པ་དང་། ད་བར་རྒྱུན་འཛིན་བྱས་ཡོད་ལ། ཕྱིན་ཆད་ཀྱང་དེ་བས་མུ་མཐུད་དུ་རྒྱུན་འཛིན་བྱེད་དགོས།” ཏག་ཏག་“ཡུན་རིང་འབད་འཐབ་”ལ་བརྟེན་ནས་ཀྲུང་གོའི་གཞོན་ནུ་རྣམས་ལ་སྟོབས་ཤུགས་རྒྱས་སུ་བཅུག་སྟེ་མི་རབས་ནས་མི་རབས་བར་མི་ཉམས་པར་བྱས་ཡོད།


 འབད་འཐབ་ནི་ལང་ཚོའི་ཆེས་མཛེས་སྡུག་ལྡན་པའི་གཞི་མདོག་ཡིན་པ་དང་། བྱ་སྤྱོད་ནི་གཞོན་ནུའི་ཆེས་ཕན་ལྡན་གྱི་སྦྱོང་བརྡར་ཞིག་རེད། ཆ་སྙོམས་ལོ་ཚད་ལོ་ངོ་36ལ་ལོན་པའི་བྱང་སྐར་སྤུན་བདུན་སྲུང་སྐར་ཚོགས་པའི་སྲོག་ཤིང་མི་སྣའི་ངོས་ནས་བརྗོད་ན། “འབད་འཐབ་”ནི་རང་སྟོབས་རང་སྤེལ་ཞིག་རེད། ཟློས་ཕྱོད་ཐོན་ཁུངས་མི་འདང་བ་དང་ཉིང་ལྷེབ་མེད་པའི་དཀའ་གནད་སོགས་ལ་འཕྲད་སྐབས་ཁོང་ཚོས་དཀའ་སྤྱད་སྙིང་རུས་དང་བློ་གྲོས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱས་ནས་བྱང་སྐར་སྤུན་བདུན་ཕྱོགས་སྟོན་སྲུང་སྐར་གྱི་འཕྲུལ་ཆས་རྐྱང་པ་དང་འགག་རྩའི་ལྷུ་ལག་རང་རྒྱལ་ནས་ཐོན་ཚད་100%ཟིན་ཡོད། ལམ་ཐུང་མྱུར་ཤུད་ལུས་རྩལ་པ་ཝུའུ་ཏ་ཅིང་གི་ངོས་ནས་བརྗོད་ན་“འབད་འཐབ་”ནི་འདོར་མི་རུང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་“འབད་པ་ཆེན་པོ་གྱིས་”ཞེས་པའི་སྐུལ་ལྕག་བློ་ལ་བརྟན་པོར་ངེས་ནས་ཝུའུ་ཏ་ཅིང་གིས་རྒྱུན་འཁྱོངས་ལྷོད་མེད་བྱས་མཐར་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་སླར་ཡང་བྱ་དགའ་ལེན་པའི་སྟེགས་བུའི་ཐོག་ལངས། ཧུའུ་ནན་གྱི་ཕོ་གསར་ཙོའུ་པིན་གྱི་ངོས་ནས་བརྗོད་ན། “འབད་འཐབ་”ནི་དོན་གཉེར་ཆེ་ཤོས་ཤིག་རེད། ཁོང་གིས་སྤྱིར་བཏང་གི་ལས་གནས་ཐོག་བཟོ་བོའི་སྙིང་སྟོབས་བརྟན་སྲུང་དང་རྩལ་ནུས་ལ་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་བྱས་ཏེ་སྐབས་ཞེ་གསུམ་པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཐོག་ཀྲུང་གོར་རྩིག་པའི་རྣམ་གྲངས་ཀྱི་གཟེངས་བསྟོད་རྟགས་མ་དང་པོ་དེ་བླངས།……རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་རང་ཉིད་ཀྱི་ལང་ཚོ་དང་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་ལས་རིགས་ཁག་ཏུ་མི་རིགས་བསྐྱར་དར་ཡོང་ཆེད་ལམ་བུ་དང་ཟམ་པ་བསྐྲུན་ནས་མེས་རྒྱལ་གྱི་འཛུགས་སྐྲུན་ཆེད་དུ་རང་ནུས་གང་ཡོད་འདོན་གྱི་ཡོད།


 “མི་ཚེ་ཉིས་བརྒྱར་བསྲིངས་གྱུར་ན། ། གང་དུ་བསྐྱོད་ཀྱང་ཐོགས་པ་མེད། །” མི་རིགས་བསྐྱར་དར་གྱི་ལས་འགན་ནི་འབད་འཐབ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་དང་། མི་ཚེའི་ཕུགས་བསམ་གྱི་རླུང་གཡོར་ནི་འབད་འཐབ་ལ་བརྟེན་ནས་བསྒྲེང་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པའི་ཐོག་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་ཡོད་ངེས་ཡིན་ལ། དཀའ་ངལ་དང་ཉེན་ཁ་འཕྲད་སྲིད་ཅིང་། ཐ་ན་རྦ་རླབས་འཇིགས་སུ་རུང་བ་འཕྱུར་ངེས་ཡིན་པས། ལྷག་པར་དུ་གཞོན་ནུ་རྣམས་ཀྱིས་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། འབད་འཐབ་ནི་འབོད་ཚིག་སྒྲོག་པ་ཙམ་མ་ཡིན་པར། འགན་འཁྲི་འཁུར་ཕོད་པའི་ངར་ལྕགས་ཀྱི་ཕྲག་པ་དང་འཇོན་ཐང་ངོ་མ་དེ་བས་ཀྱང་ཡོད་དགོས་ཤིང་། དོན་ཆུང་རེ་རེ་བཞིན་ཡག་པོ་སྒྲུབ་པ་དང་། ལས་འགན་རེ་རེ་བཞིན་ལེགས་འགྲུབ་བྱུང་བ། འགན་འཁྲི་རེ་རེ་བཞིན་ལག་བསྟར་བྱེད་པ་བཅས་ཀྱི་ཁྲོད་དུ་སྙིང་སྟོབས་མངོན་ཐུབ་པ་བྱེད་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་དུས་རབས་གསར་པའི་རླབས་གཤག་ཕོ་རྒོད་བྱེད་ཕོད་པ་དང་། ཆར་རླུང་བརྒྱུད་ཅིང་མཐོང་རྒྱ་བསྐྱེད་པའི་ཁྲོད་སྤོབས་པ་ཆེ་རུ་བསྐྱེད་པ་དང་འཇོན་ཐང་ཆེ་རུ་བཏང་ནས། སྙིང་རུས་ཆེན་པོས་སློབ་སྦྱོང་བྱ་རྒྱུ་དེ་ལང་ཚོའི་རྒྱང་སྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་པ། འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་ལང་ཚོའི་དམར་འཛིང་གི་སྟོབས་ཤུགས་སུ་འགྱུར་བར་བྱེད་པ། ཤེས་ཡོན་དངོས་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་བ། གསར་གཏོད་དང་གསར་སྐྲུན་ལ་བརྟེན་ནས་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས།


 མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་མི་དམངས་མང་ཚོགས་ཀྱི་བརྗིད་ཉམས་ཆེ་བའི་ལག་ལེན་ནང་ཧུར་ཐག་ཞུགས་དགོས། ལྔ་བཞིའི་ལས་འགུལ་དེ་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་འགོ་འཛུགས་ས་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་ཅན་གྱི་གུ་དོག་པའི་ཁྱབ་ཁོངས་ལས་བརྒལ་ཏེ་བཟོ་པའི་གྲལ་རིམ་དང་། འབྱོར་ཆུང་གྲལ་རིམ། འབྱོར་ལྡན་གྲལ་རིམ་བཅས་ཞུགས་ཡོད་པའི་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་མང་ཚོགས་ཀྱི་ལས་འགུལ་ཞིག་ཏུ་གྱུར་པ་དང་། ཐོག་མ་ཉིད་ནས་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་མི་དམངས་མང་ཚོགས་ཟུང་འབྲེལ་བྱེད་པའི་འཕེལ་ཕྱོགས་བཏིངས་ཡོད། དུས་དེ་ནས་བཟུང་ཀྲུང་གོའི་གཞོན་ནུ་རྣམས་མི་རབས་ནས་མི་རབས་བར་ཏང་གི་འགོ་ཁྲིད་འོག་རང་རྟོགས་ངང་མི་དམངས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཞུགས་ཏེ་མི་དམངས་ལ་སློབ་སྦྱོང་དང་མི་དམངས་ལ་ཞབས་འདེགས་ཞུས་ཡོད།


 མི་དམངས་མང་ཚོགས་ཀྱི་ཁྲོད་དུ་བློ་གྲོས་ཆེན་པོ་དང་སྟོབས་ཤུགས་རྫོགས་མཐའ་མེད་པ་གནས་ཡོད་པ་དེ་ནི་གཞོན་ནུ་རྣམས་སྐྱོན་བྲལ་ངང་འཚར་ལོངས་བྱུང་བའི་འཚོ་བཅུད་དངོས་རྫས་ཡག་ཤོས་ཤིག་རེད། ད་ལོའི་ལྔ་བཞིའི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་གསུང་རྒྱུར། “ངས་བཤད་ན་ལིའང་ཅ་ཧོ་ནི་སློབ་ཆེན་ཞིག་ཡིན་པ་དང་གཞི་རིམ་ནི་ང་ཚོའི་སློབ་ཆེན་རེད།” ལོ་དེར། ལོ་ན་16ལ་མ་ལོན་པའི་ཞི་ཅིན་ཕིང་ཧྲའན་ཞི་ཡན་ཁྲོན་རྫོང་གི་ལིའང་ཅ་ཧོ་རུ་ཁག་ཏུ་ཕེབས་ནས་ས་ཞིང་འདེབས་པ་དང་། རྡོ་སོལ་འདྲེན་པ། ཆུ་རགས་རྒྱག་པ། ལུད་སྐྱེལ་བ་བཅས་གནང་ཞིང་།……སྔ་རྗེས་སུ་“ལྗི་བའི་འགག་སྒོ་དང་། བཟའ་བཏུང་གི་འགག་སྒོ། འཚོ་བའི་འགག་སྒོ། ངལ་རྩོལ་གྱི་འགག་སྒོ། བསམ་བློའི་འགག་སྒོ་”བཅས་ལས་བསྒྲོལ་ཏེ། ཡུལ་མི་སྤུན་ཟླ་རྣམས་ལ་སློབ་སྦྱོང་དང་ཉམས་མྱོང་སློབ་སྦྱོང་གནང་ཞིང་ཡུལ་མི་རྣམས་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་གནང་ནས་བརྩེ་དུང་ཟབ་མོ་ཆགས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསུང་རྒྱུར། “ངས་ད་ལྟ་དབུལ་སྐྱོར་ལས་དོན་ལ་ཤུགས་སྣོན་དེ་འདྲ་རྒྱག་དགོས་དོན་ཅི་ཡིན་ནམ་ཞེ་ན། དེ་ནི་བརྩེ་སེམས་ལས་བྱུང་བ་ཞིག་ཡིན་ལ། དེ་ནི་སྐབས་དེ་དུས་ཀྱི་དབུལ་ཕོངས་ཀྱི་འཚོ་བ་མུ་མཐུད་དུ་རྒྱུན་མཐུད་བྱས་མི་རུང་བ་དེ་རེད།”


 མི་དམངས་དང་མཉམ་དུ་འབད་འཐབ་བྱས་ན་ལང་ཚོ་དར་ལ་བབ་ཐུབ། མི་དམངས་དང་མཉམ་དུ་མདུན་དུ་བསྐྱོད་ན་ད་གཟོད་ལང་ཚོ་རབ་ཏུ་རྒྱས་ཐུབ། མི་དམངས་དང་མཉམ་དུ་ཕུགས་འདུན་འགྲུབ་ན། ད་གཟོད་ལང་ཚོ་ལ་འགྱོད་པ་མེད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཞིག་ཡིན། རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བདེ་སྐྱིད་བཅས་ནི་དེང་རབས་ཀྲུང་གོའི་གཞོན་ནུ་རྣམས་ཀྱིས་ངེས་པར་དུ་འཁུར་དགོས་ལ་འཁུར་ངེས་ཡིན་པའི་ལས་འགན་ལྗིད་མོ་ཞིག་ཀྱང་ཡིན། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་མི་དམངས་ལ་བརྩེ་དུང་ཟབ་མོ་བཅངས་ན་གཞི་ནས་རང་རྟོགས་ངང་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་དང་། ཇུས་ཐག་གཅོད་པ། དོན་དག་སྒྲུབ་པ། བྱ་གཞག་སྤེལ་བ་བཅས་བྱས་ཏེ་མི་དམངས་ལ་ཕན་པ་དང་མི་དམངས་ཀྱི་ཁེ་ཕན་དང་མཐུན་པའི་ལས་ཀ་སྒྲུབ་ཐུབ་པ་རེད། མི་དམངས་དགེ་རྒན་དུ་བསྟེན་པ་དང་། མང་ཚོགས་ལ་སློབ་སྦྱོང་བྱེད་པ། ལག་ལེན་ཁྲོད་སློབ་སྦྱོང་བྱེད་པ། གཞི་རིམ་ལ་སློབ་སྦྱོང་བྱེད་པ་བཅས་བྱས་ཚེ་གཞི་ནས་“ཤེས་བྱ་ངོ་མ་”ཐོབ་ཐུབ་པ་དང་། “དྲག་རྩལ་ངོ་མ་”ཤེས་ཐུབ་པ། “འཇོན་ཐང་ངོ་མ་”ཁོང་དུ་ཆུད་ཐུབ་པ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད་པ། མི་དམངས་ཀྱི་ཁེ་ཕན་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་ཁྲོད་མི་ཚེའི་ལེའུ་རྩོམ་ཐུབ་པ་བཅས་རེད།


 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “གཞོན་ནུ་ལས་དོན་གྱིས་དམ་འཛིན་བྱེད་པ་ནི་མིག་སྔར་ཡིན་པ་དང་། རྒྱུན་འཛིན་བྱེད་པ་ནི་རྩ་བ་ཡིན་ལ། ཁ་ཕྱོགས་པ་ནི་འབྱུང་འགྱུར་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་འབྲེལ་ཡོད།” འཐབ་ལམ་གསར་པའི་ཐོག་གུང་གཞོན་ཚོགས་པས་ཏང་གི་བྱ་གཞག་ལ་རྒྱུན་འཛིན་བྱེད་མཁན་ཡོད་པའི་རྩ་བའི་ཇུས་ཆེན་འདིའི་ཐོག་གཞི་ཚུགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་འདི་ཁོང་དུ་བརྟན་པོ་ཆུད་པ་དང་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུའི་བསམ་བློ་ཡར་ཐོན་ལ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་སློབ་གྲྭ་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་གཅིག། རང་རྟོགས་ངང་རང་འགན་གཙང་སྒྲུབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུ་སྒྲིག་འཛུགས་བྱས་ནས་ཡུན་རིང་འབད་འཐབ་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས་པ་དང་གཉིས། རྒྱ་ཆེའི་གཞོན་ནུ་ཡིད་ལ་འཆང་ནས་ཐོག་མཐའ་བར་གསུམ་དུ་ཏང་གིས་གཞོན་ནུ་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་བརྟན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་གསུམ། རང་ངོས་གསར་བརྗེ་བྱེད་ཕོད་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་འབྲངས་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་སྔོན་ཐོན་རྩ་འཛུགས་ཤིག་ཏུ་འགྱུར་བ་བྱེད་དགོས་པ་དང་བཞིའོ།། རྒྱ་ཆེའི་གུང་གཞོན་ཚོགས་པའི་ལས་བྱེད་པས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་བརྟན་དུ་གཏོང་བ། རང་རྟོགས་ངང་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་སྐྱེད་སྲིང་བྱེད་པ། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་བློ་སྦྱོང་གསོ་སྐྱོང་བྱེད་པ་བཅས་ཀྱི་སྒོ་ནས་ཏང་གི་གཞོན་ནུའི་ལས་དོན་ལ་རྨང་གཞི་བརྟན་དུ་གཏོང་བ་དང་ལེགས་སྐྱེས་འབུལ་དགོས།


 རེ་སྒུག་ནན་མོ་སྟོང་ཟད་དུ་མི་གཏོང་བར་ལང་ཚོའི་འགན་འཁྲི་ཕྲག་ཏུ་འཁུར་དགོས། འཐབ་ལམ་གསར་པའི་ཐོག་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་རྣམས་ཀྱིས་ཏང་གི་འབོད་སྐུལ་བློ་ལ་བརྟན་པོར་ངེས་ནས་“ལྕག་ཚན་གཏོང་མི་དགོས་པར་རང་ཉིད་རྒྱུག་པའི་”རང་འགུལ་གྱི་འགན་འཁྲི་འཁུར་ནས་ཕུགས་བསམ་ཆེན་པོ་དང་དད་སེམས་བརྟན་པོའི་དཔེ་བཟང་ཞིག་བྱེད་པ་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་དང་བློ་རྩ་བརྟན་པོས་གསར་གཏོད་བྱེད་པའི་དཔེ་བཟང་ཞིག་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་དཔེ་བཟང་ཞིག་བྱེད་པ། དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་དཔེ་བཟང་ཞིག་བྱེད་པ། སྤྱོད་བཟང་ལ་བརྩི་མཐོང་དང་སྒྲིག་ཁྲིམས་ནན་པོ་སྲུང་བའི་དཔེ་བཟང་ཞིག་བྱེད་པ་བཅས་ཀྱི་ཐོག་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་། དུས་རབས་ཆུད་ཟོས་སུ་མི་གཏོང་བ། མི་དམངས་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ། ཕུགས་བསམ་ཡོད་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་བརྩོན་བྱེད་ཐུབ་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འགྱུར་བར་བརྩོན་ཏེ་ལང་ཚོའི་སྒུལ་ཤུགས་དང་གསར་གཏོད་ནུས་པར་བརྟེན་ནས་མི་རིགས་བསྐྱར་དར་ཡོང་བའི་དཔྱིད་དཔལ་རབ་ཏུ་བཞད་དུ་འཇུག་དགོས།


 མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་


 ཨ་བརྟན་རྒྱལ་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1