དུས་དེབ་འདིའི་གསར་འགོད་པ། སུན་དབྱང་དབྱང་།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲང་མེང་།
ལེ་དབར་བཅུ་ཡི་དབྱར་སྟོད་ཀྱི། ། ཟླ་བ་ལྔ་པའི་ཉིན་མོ་ལ། ། ཉང་ཆུའི་འགྲམ་ནས་འབྲི་ཆུ་ཡི། ། ལྷོ་རྒྱུད་མཛེས་ལྗོངས་བལྟ་བར་བརྩམས། །སྔོ་ལྗང་ཤིང་ཡོལ་གྱིས་བརྒྱན་པའི་འོག་ན་སྒོ་རའི་བཀོད་པ་ཚར་དུ་དངར་བ་མ་ཟད། གྲོང་ཚོའི་ལམ་རྒྱ་ཡངས་ཤིང་གྲ་འགྲིག་པ་དང་ཆུ་ཕྲན་ལང་ལོང་དུ་འབབ་བཞིན་འདུག། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱི་ཀ་ལ་གྲོང་ཚོ་ཡིས་ཆར་པ་སིམ་སིམ་འབབ་པའི་ཁྲོད་དུ་“གངས་ལྗོངས་འབྲི་ཆུའི་ལྷོ་རྒྱུད་”ཀྱི་ཐུན་མོང་མ་ཡིན་པའི་སྒེག་ཉམས་མངོན་གྱི་ཡོད།
2021ལོའི་ཟླ་7ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་ཕེབས་ནས་ཀ་ལ་གྲོང་ཚོའི་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ངོ་སྤྲོད་ལ་གསན་པ་དང་། གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་“ལྗང་མདོག་དངུལ་ཁང་”གི་བརྗེ་ལེན་ཚོང་ཁང་། འཕྲོད་བསྟེན་ཁང་སོགས་སུ་ཕེབས་ནས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་ནས་འཚོ་བའི་སྐོར་དང་འཕེལ་རྒྱས་ཀྱི་སྐོར་གླེང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཀ་ལ་གྲོང་ཚོའི་དགའ་སྐྱིད་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཡིན་པ་དང་། དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད་པའི་ས་ཆ་ཞིག་རེད་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་གསུང་ཚིག་ལས་ཀ་ལ་གྲོང་ཚོའི་དུས་རབས་འཕེལ་རྒྱས་འོག་གི་མཛེས་སྡུག་ལྡན་པའི་འཕོ་འགྱུར་མཚོན་པ་དང་། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་བབ་བསྟུན་འཕྲལ་སྒྲུབ་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་ལེའུ་གསར་པ་ཟམ་མི་འཆད་པར་རྩོམ་པར་སྐུལ་མ་བཏང་ཡོད།
“ཁམ་བུའི་མེ་ཏོག་གི་འབྱུང་ཁུངས་”བསྲུངས་ཏེ་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་ལེགས་པོ་སྐྱེལ་བ། ཀ་ལ་གྲོང་ཚོར་བདག་ཏུ་མ་བཟུང་བའི་ཁམ་བུའི་སྡོང་པོ་1200ལྷག་ཙམ་ཡོད་པས་མུའུ་270ལྷག་ཙམ་གྱི་“ལྷ་ཡུལ་གྱི་ཁམ་བུའི་སྡུམ་ར་”ཞིག་གྲུབ་ཡོད། ལོ་ལྟར་དཔྱིད་ཀ་ཤར་བ་དང་ཁམ་བུའི་མེ་ཏོག་རིམ་བཞིན་བཞད་འགོ་ཚུགས་ཤིང་རི་བོ་ཡོངས་སུ་དམར་སྐྱའི་མདོག་ཏུ་འགྱུར་ཞིང་། ཡུལ་ལྗོངས་མཛེས་སྡུག་ལྡན་ལ་ཡིད་དུ་འོང་། སྙན་ངག་ནང་དུ་འཁོད་པ་འདྲ་བའི་གངས་ལྗོངས་ས་མཐོའི་དཔྱིད་དཔལ་གྱིས་ཀ་ལ་གྲོང་ཚོར་བོད་ཀྱི་“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོའི་”མཚན་སྙན་ཐོབ་པ་མ་ཟད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གཙོ་གཉེར་བྱ་ཡུལ་དུ་ཡང་གྱུར་ཡོད།
“2002ལོ་ནས་བཟུང་ཁམ་བུའི་མེ་ཏོག་གི་དུས་ཆེན་སྐབས་དང་པོ་གཉེར་འགོ་ཚུགས་མོད། འོན་ཀྱང་སྐབས་དེ་དུས་ཕག་པ་དང་བ་གླང་གང་སར་རྒྱུགས་ཤིང་། གྲོང་མི་ཚོས་ཁྲོམ་བཀྱག་གང་བྱུང་དུ་འདོན་པ་དང་། གྲོང་ཚོའི་རྣམ་པ་ཞན་པའི་རྐྱེན་གྱིས་སྐབས་བཅུ་ལྷག་ཙམ་གྱི་ཁམ་བུའི་མེ་ཏོག་དུས་ཆེན་ལ་དངོས་ཡོད་ཀྱི་ཕན་པ་དེ་ཙམ་ཐོབ་མེད་”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་དྲན་གསོ་བྱེད་བཞིན་བཤད།
2014ལོར། བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག། ཀ་ལ་གྲོང་ཚོས་“གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་གྲོང་ཚོ་དང་མཛེས་ལྗོངས་གཅིག་ཏུ་སྒྲིལ་བའི་”བསམ་ཕྱོགས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་“ཁམ་བུའི་མེ་ཏོག་གྲོང་ཚོ་”ཞེས་པའི་ཚོང་རྟགས་བཏོད་པ་དང་། ཁམ་བུའི་མེ་ཏོག་གི་ཚལ་གཅིག་གྱུར་ཐོག་གཉེར་སྐྱོང་བྱེད་པ། ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ས་ཚིགས་བཙུགས་པ། མི་ཕྱུགས་ལོགས་སུ་དབྱེ་བ་དང་ནགས་བཟོ་སྔོ་འགྱུར། སྒོ་ར་སྒྱུར་བཀོད། གཞུང་ལམ་སྲ་འགྱུར། ལྕགས་མདོང་དྲ་བ་ས་འོག་ཏུ་བཅུག་པ་སོགས་ཀྱི་ལས་གྲྭར་རིམ་བཞིན་སྐུལ་འདེད་བཏང་སྟེ་གྲོང་ཚོ་ནས་མཛེས་ལྗོངས་ཁུལ་དུ་འཕོ་འགྱུར་བྱུང་འགོ་བརྩམས་པ་དང། ཡུལ་སྐོར་བ་ཇེ་མང་སོང་ནས་ཡུལ་སྐོར་གྱི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་པ་དང་གྲོང་མི་ཚོས་“ཡུལ་སྐོར་”ལ་བརྟེན་ནས་“ཕྱུག་འགྱུར་གྱི་ལམ་བུའི་”ཐོག་དངོས་སུ་བསྐྱོད་ཡོད་པ་རེད།
“ངས་སྤྱི་ཁྱབ་ཧྲུའུ་ཅིར་རི་སྐྱེས་ཁམ་བུའི་ཚལ་དང་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡོང་འབབ་ཀྱི་གནས་ཚུལ་སྙན་སེང་ཞུས་པ་ཡིན། ཁོང་གིས་སེམས་ཁུར་ཆེན་པོ་གནང་གི་འདུག། ད་དུང་ང་ལ་མེས་པོས་བཞག་པའི་དངོས་པོ་དེ་ངེས་པར་དུ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་བྱུང་”ཞེས་སྤེན་པ་ཡིས་དགའ་སྤྲོའི་ངང་གསར་འགོད་པར་བཤད། སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་རྗེས་ཀ་ལ་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་སྔར་བས་གསལ་བ་དང་། ངར་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། གྲོང་ཚོའི་“ཨུ་ལྷན་གཉིས་”ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཀ་ལ་ཁམ་བུའི་མེ་ཏོག་འབྱུང་ཁུངས་དང་། ཞིང་ལས་ཕྱོགས་བསྡུས་རྣམ་པ་སོགས་རྣམ་གྲངས་ལ་དམིགས་ནས་སྐྱེ་ཁམས་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་“ཡུལ་སྐོར་+”འཕེལ་རྒྱས་གཏོང་སྟངས་སྔར་བས་རྒྱ་ཆེར་བཏང་ཡོད། ལྟ་སྐོར་འཐུ་འཐོག་གླིང་བསྐྲུན་པ་དང་། ཞིང་པའི་སྤྲོ་སྐྱིད་ཁང་རིམ་སྤོར་སྒྱུར་བཀོད་བྱེད་པ། མེ་ཏོག་དང་རྩི་ཤིང་གཞན་དག་གི་རྟེན་གཞི་སྐྱེད་སྲིང་བྱེད་པ། དམངས་སྲོལ་ཉམས་ལེན་རྣམ་གྲངས་གསར་སྤེལ་བྱེད་པ། ཉེ་འཁོར་གྱི་རིག་གནས་ཐོན་རྫས་གཏོད་པ། ཁམ་བུའི་མེ་ཏོག་གི་ཁྱད་ཆོས་ལྡན་པའི་ཞིམ་ཟས་བཟོ་བ་བཅས་བྱས་པས། ཡུལ་སྐོར་གྱི་ཐོན་ལས་ཕྲེང་བ་སྔར་བས་སྣུར་སྲིང་ཐུབ་ནས་ཡུལ་སྐོར་བའི་མྱོང་ཚོར་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་རེད། 2021ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་14ལ་སྣེ་ལེན་ཞུས་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་460ལྷག་ཙམ་ཟིན་པ་དང་། འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་150བཞག་པ་ཕུད་གྲོང་ཚོ་ཡོངས་ཀྱི་དུད་ཚང་33ལ་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་10ཙམ་བྱུང་ཡོད་པ་རེད།
“ལྗང་མདོག་ལ་བརྟེན་པ་”དང་སྐྱེ་ཁམས་ཀྱི་མིག་མངས་ཡག་པོ་རྒྱག་པ། “ཐ་མག་འཐེན་འཕྲོས་ཤོག་ཕོར་གང་གིས་སྐར་མ་20བརྗེ་ཐུབ་པ་དང་། འགྱིག་ཁུག་རྒྱ་མ་གང་གིས་སྐར་མ་100བརྗེ་ཐུབ་པ། ཚགས་པར་རྙིང་པའམ་ཤོག་པང་སྤྱི་རྒྱ་5ཡིས་སྐར་མ་300བརྗེ་ཐུབ་སོགས་……” 2021ལོའི་ལོ་འགོར། ཀ་ལ་གྲོང་ཚོར་“ལྗང་མདོག་དངུལ་ཁང་”གི་བརྗེ་ལེན་ཚོང་ཁང་བཙུགས་ནས་རིགས་དབྱེ་ཚུར་བསྡུ་དང་། གནས་གཏན་འཁེལ་གྱིས་ཚོང་ཟོག་བརྗེ་ལེན། གྲོང་ཚོ་མཉམ་སྡེབ་ཀྱིས་རིན་གོང་གི་ཁྱད་པར་ལ་མ་དངུལ་ཁ་གསབ་བཅས་ཀྱི་བྱེད་ཐབས་བརྒྱུད་གྲོང་མིར་གད་སྙིགས་རིགས་དབྱེ་བྱེད་པའི་གོམས་གཤིས་བཟང་པོ་ཆགས་རྒྱུའི་ཁྲིད་སྟོན་བྱས་ནས་གྲོང་ཚོའི་རྣམ་པ་ལེགས་སུ་བཏང་སྟེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན།
གྲོང་མི་ཡེ་ཤེས་ཆོས་སྒྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་“ལྗང་མདོག་དངུལ་ཁང་”གི་བརྗེ་ལེན་ཚོང་ཁང་གི་གཉེར་སྐྱོང་གནས་ཚུལ་ངོ་སྤྲོད་བྱེད་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་སླར་ཡང་མིག་ལ་མཆི་ཞག་འཁོར་ནས་བརྗོད་དོན། “ངས་ངོ་སྤྲོད་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་མགོ་བོ་ལྡེམ་པ་མ་ཟད། འཛུམ་དམུལ་དམུལ་ངང་‘ཁྱེད་ཚོས་ཡག་པོ་བྱས་འདུག ། མུ་མཐུད་ཤུགས་རྒྱོབ། མུ་མཐུད་འབད་བརྩོན་བགྱིས་’ཞེས་གསུངས་བྱུང་།”
2022ལོར། གྲོང་ཚོའི་“ཨུ་ལྷན་གཉིས་”ཀྱིས་ཀྲུང་གོའི་ཞིང་ལས་དངུལ་ཁང་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། “ལྗང་མདོག་དངུལ་ཁང་”གི་ཆ་བསགས་ལམ་ལུགས་གསར་གཏོད་བྱས་ནས་གྲོང་མིར་“ལྗང་མདོག་དངུལ་རྩའི་ཆ་བསགས་མིང་ཐོ་”ཞེས་པའི་འབྱུང་འཕྲོད་ཡིད་རྟོན་ཡིག་ཚགས་བཟོས་ཡོད། ཆ་བསགས་མིང་གྲལ་མདུན་གྲལ་དུ་སླེབས་པའི་གྲོང་མིས་ཞིང་ལས་དངུལ་ཁང་གི་“ཞིང་ཕན་eདངུལ་བུན་”གྱི་ཡིད་ཆེས་འཕར་བ་དང་། ཞིང་དུད་ཀྱི་ཆ་འཕྲིན་ཡིག་ཚགས་བཟོ་བ་དང་། ཡིད་རྟོན་རིམ་པ་ཞིབ་དཔྱད་གཏན་འཁེལ་བྱེད་པ། དངུལ་བུན་གཏོང་ཚད་མཐོ་རུ་གཏོང་བ་སོགས་དངུལ་རྩའི་ཞབས་ཞུ་སྔོན་ལ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད། བྱེད་ཐབས་དེ་ལས་གྲོང་མིར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁེ་སྤོགས་ཏན་ཏིག་ཐོབ་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
“བོད་སྐྱོར་གླུ་དབྱངས་”དཀྲོལ་ནས་དར་རྒྱས་ཀྱི་ལམ་བུ་གཏོད་པ། “ངས་སྤྱི་ཁྱབ་ཧྲུའུ་ཅིར་རང་ཉིད་ཉིང་ཁྲིར་ཁྱིམ་གཞིས་འཛུགས་པའི་སྙན་སེང་ཞུ་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཧ་ཅང་དགའ་པོ་བྱུང་སོང་། ཁོང་གིས་ང་ཚོས་འདི་གར་གཞི་ཚུགས་ཏེ་ཉིང་ཁྲིའི་འཕེལ་རྒྱས་ཆེད་དུ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་”ཅེས་གསུངས་བྱུང་། ལོ་རབས་90པའི་ནང་སྐྱེས་པའི་སློབ་ཆེན་ཐོན་པའི་གྲོང་དཔོན་ཧོང་ཧའེ་ཧྥེང་གིས་“ང་ཀོང་ཏུང་ནས་བོད་དུ་ཡོང་བར་འགྱོད་པ་གང་ཡང་མེད། སྤྱི་ཁྱབ་ཧྲུའུ་ཅི་འཕྲད་རྗེས་རང་ཉིད་ཀྱི་ཐོག་མའི་གདམ་ག་སྔར་བས་བརྟན་དུ་ཕྱིན་སོང་”ཞེས་སེམས་འགུལ་དང་བཅས་བཤད།
ཀ་ལ་གྲོང་ཚོའི་མཛེས་སྡུག་གི་རྣམ་པ་དེ་བོད་སྐྱོར་སྟོབས་ཤུགས་ཀྱི་རྒྱབ་རྟེན་བརྟན་པོ་དང་ཁ་འབྲལ་ཐབས་མེད། 2014ལོ་ནས་བཟུང་། ཀོང་ཏུང་གི་བོད་སྐྱོར་ལས་བྱེད་པ་ནི་སྣེ་ཁྲིད་པ་དང་། ཇུས་འགོད་པ། འཛུགས་སྐྲུན་པ་བཅས་ཡིན་པའི་ཆ་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག། ཁམ་བུའི་མེ་ཏོག་གི་འབྱུང་ཁུངས་རིམ་སྤོར་སྒྱུར་བཀོད་ཀྱི་ཇུས་གཞི་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་། སྐྱེད་ཚལ་ཁེ་ལས་ཀྱིས་གྲོང་ཚོའི་མཛེས་ལྗོངས་འཆར་འགོད་ལ་རྒྱབ་སྐྱོར་བྱས་པ། ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་བྱེ་བྲག་གི་ལག་བསྟར་བྱ་རྒྱུའི་ཐད་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་གྲོང་ཚོ་འཛུགས་སྐྲུན་ནང་ཞུགས་ནས་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་མཉམ་འདྲེས་ཞི་མཐུན་བཅས་ཀྱི་དམིགས་འབེན་རིམ་བཞིན་མངོན་འགྱུར་ཐུབ་ནས་ཀ་ལ་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་དེ་“མྱུར་བགྲོད་འཁོར་ལམ་”ཐོག་བསྐྱོད་པར་སྐུལ་འདེད་བཏང་ཡོད།
ད་ཆ་ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀ་ལ་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རོགས་བྱས་པ་དང་། བྱེད་ཐབས་སྣ་མང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཐོན་ཁུངས་སྡེབ་སྒྲིག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། ཚོང་རྟགས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ། “མེ་ཏོག་ཡག་པོ་བཞད་དགོས་ལ། དྲི་མ་ཡང་ཞིམ་པོ་འཐུལ་དགོས་”ཞེས་པ་དར་སྤེལ་བཏང་བ་བཅས་བྱས་ནས། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད་པའི་ས་ཆ་དེ་”ནམ་རྒྱུན་སྔོ་ལྗང་དུ་གནས་པར་འབད་བརྩོན་བྱས་ཡོད། 2022ལོའི་ཟླ་3པར་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀོང་ཀྲོའུ་ས་འོག་མེ་འཁོར་ནང་ཁྱབ་ཁོངས་ཆེན་པོའི་ངང་སྒྲོན་སྒམ་སྨྱན་སྦྱོར་སྤེལ་ནས་ཀོང་ཀྲོའུ་ཡི་གྲོང་མིའི་མདུན་དུ་གངས་ལྗོངས་ཁམ་བུའི་མེ་ཏོག་དང་ཀོང་པོའི་རིག་གནས་ཀྱི་བཀྲག་མདངས་“འཚེར་”ཡོད།
སྤེན་པས་གདུང་བ་ཟབ་མོའི་སྒོ་ནས་བརྗོད་དོན། “ཀ་ལ་གྲོང་ཚོར་འགྱུར་ལྡོག་བྱུང་བ་དེ་ནི་ཀོང་ཏུང་གི་བོད་སྐྱོར་ལས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཤིག་རེད། ཀོང་ཏུང་དང་བོད་ཀྱི་མཛའ་གྲོགས་ནི‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་’མཚོན་ཚུལ་ཞིག་རེད་”ཅེས་བཤད།
དཔྱིད་ཀར་ཁམ་བུའི་མེ་ཏོག་བལྟ། ། དབྱར་ཁར་ཞིམ་པའི་འབྲས་བུ་འཐུ། ། སྟོན་ཀར་གྲོང་མིའི་མགྲོན་ཁང་སྡོད། ། དགུན་ཁར་ཁ་བའི་མཛེས་ལྗོངས་རོལ། ། “གངས་ལྗོངས་ཁམ་བུའི་འབྱུང་ཁུངས་”ཀ་ལ་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་རི་མོ་ཇི་ཙམ་བྲིས་པ་དེ་ཙམ་གྱིས་མཛེས་སྡུག་ལྡན་པར་གྱུར་པ་དེ་ནི་གྲོང་མི་ཚོའི་མིག་དབང་འཕྲོག་པའི་ཡུལ་ལྗོངས་ལེགས་པོ་ཞིག་དང་མཚུངས།
གསར་འགོད་པའི་ལག་བྲིས།
“ཡུལ་མི་ཚོའི་འཚོ་བ་ཡག་པོ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་ལ་ཁྱེད་ཚོ་རང་ཉིད་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བཏོད་པ་ཞིག་ཀྱང་རེད།” ཀ་ལ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་བསམ་པ་དེ་འབད་འབུངས་ཡར་བརྩོན་གྱི་བློ་སྟོབས་སུ་འགྱུར་བ་བྱས་ཏེ། ཁྱད་ལྡན་ཐོན་ལས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ཀྱི་གཞི་མདོག་ཇེ་གསལ་གཏོང་བ། མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་འགྲིལ་བ། འཕེལ་རྒྱས་ཀྱི་དགེ་མཚན་བརྟན་དུ་གཏོང་བ་བཅས་བྱས་ནས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་ལ་འཚམ་པ། ཡུལ་སྲོལ་བཟང་པོ། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད།
ལྷག་པ་ཚེ་རིང་གིས་བསྒྱུར།