བོད་ཀྱི་བརྩམས་སྒྲུང་དང་སྙན་དངགས་རིང་མོར་གྲགས་པའི་གླིང་གེ་སར་རྒྱལ་པོའི་རྟོགས་པ་བརྗོད་པ་འདི། ད་སྐབས་ས་ཡི་གོ་ལ་ཧྲིལ་བོར་སྙན་པའི་བ་དན་དང་གྲགས་པའི་དྲི་བསུང་ཕྱོགས་ཕྱོགས་སུ་ཁྱབ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་། གླིང་གི་རྗེས་ཤུལ་གསར་འཚོལ་བྱེད་པ་ལ་རང་རེ་ཡུལ་གཙང་སྟོད་དང་གཙང་སྨད་བྱ་བའི་འབྲོག་སྡེ་གཉིས་སུ་གཞན་དང་ཐུན་མོང་མ་ཡིན་པའི་གླིང་གེ་སར་སྒྲུང་དང་འབྲེལ་བ་ཡོད་པའི་བཤད་རྒྱུན་དང་རྗེས་ཤུལ་སྐོར་ཅུང་ཙམ་གླེང་བར་བྱེད་པ་ལ།
ཐོག་མར། གཙང་སྟོད་ལྷ་སྡེ་ཕྱུག་མོ་དང་གེ་སར་སྒྲུང་གཉིས་ཀྱི་བཤད་རྒྱུན་དང་རྗེས་ཤུལ་སྐོར་ལ།
༡ གཙང་ཐང་པདྨ་འདབ་བརྒྱད།འཕགས་མཆོག་ཕྱག་ན་པདྨོའི་ཞིང་ཁམས། ཕྱོགས་བཞིར་ར་བཞི་དང་རྟེན་བཞིའི་བསྐོར་བའི་གནས་མཆོག་ཉམས་དགའ་བ་དེར། རིན་པོ་ཆེ་མདོག་སྣ་ཚོགས་ཀྱིས་བཀང་བའི་ཞོང་བའི་ནང་དུ་རིན་ཆེན་གཡུ་ཡི་མཎྜལ་ཆེ་ཆུང་ཟུང་ཞིག་བཤམས་པ་དང་མཚུངས་པ་ནི། གནས་རི་ཐང་པེའམ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྔ་འགྱུར་རྙིང་མའི་རྫོགས་ཆེན་ཀློང་སྡེའི་སྲོལ་འབྱེད་པ་པོ་སྤམ་རྒན་མི་ཕམ་མགོན་པོ་ལ་བཻ་རོ་ཙ་ནས་གདམས་ངག་གནང་སའི་གནས་རི་ཁྱད་པར་ཅན་ཁམས་ཀྱི་ཝ་སེང་བྲག་ཅེས་བྱ། འདི་ནི་སྔར་གླིང་དང་གཡུ་རོང་གཉིས་འཁྲུག་སྐབས་གསེར་རོང་གི་དཔའ་ཐུལ་ལྷ་རྩེ་བདུད་ལྷ་དཔའ་བོ་བྱ་བ་མི་ཕམ་མགོན་པོའི་སྤྲུལ་པ་ཅན་དེ་ཉིད་གདུལ་བྱ་འཕྲིན་ལས་རྫོགས་ནས་སྐུ་བསྲུང་གོ་མཚོན་མཛོད་གསུམ་དང་ལྷ་དམག་ཁྲི་ཕྲག་གཅིག་བཅས་གསེར་གྱི་སྟག་ཐུལ་མགར་བ་གཡུང་དྲུང་ལྕགས་ཐར་ལ་གཏད་ནས་ལུས་མ་སྤང་བར་རྔ་ཡབ་དཔལ་གྱི་རི་ལ་གཤེགས་སའི་གནས་རི་ཁྱད་པར་ཅན་ཞིག་ཡིན། གཡུ་རོང་བསེ་རྫོང་ལས། སྐབས་དེ་དུས་གསེར་གྱི་དམག་ཁྱུ་ནས༔ གྲུབ་ཆེན་བདུད་ལྷ་དཔའ་བོ་ཉིད༔ ཉམས་འུར་ལངས་སྐུ་ལུས་འོད་དུ་གྱུར༔ ལྷོ་མཁའ་ནས་འཇའ་ལམ་མེ་ཏོག་ཆར༔ མ་མཁའ་འགྲོའི་རོལ་བསུས་འཇའ་ལམ་འཕགས༔ བདུད་སྟག་ཐུལ་ལས་དམག་ཁྲི་བཞི་ཁྲིད༔ གནས་རྔ་ཡབ་དཔལ་རིར་མངོན་སུམ་དུ༔ མི་ཀུན་གྱི་དད་པའི་ཡུལ་གྱུར་གཤེགས༔ ཡང་། ཁོང་གྲུབ་ཆེན་རྩང་རྒན་དངོས་སྤྲུལ་བ༔ བདུད་ལྷ་གཤེགས་ཤུལ་སྐྲ་སེན་ལ༔ དཔའ་ཐུལ་ཡོངས་ཀྱིས་ཕྱག་མཆོད་ཕུལ༔ སྐུ་གདུང་མུ་མེན་མཆོད་རྟེན་ནི༔ ཁྲུ་གང་གསེར་གྱི་པ་ཊ་ཅན༔ དད་མོས་ཕྱག་རྟེན་སྤྲུལ་པས་བཞེངས༔ ཕྱི་རབས་ས་བཅུད་ཡུལ་རྟེན་དུ༔ རྩང་ཐང་ཏིས་འབུར་ས་མིག་སྙིང༔ གཏེར་སྦས་འགྲོ་དོན་སྨོན་ལམ་བཏབ༔ ཞེས་སོ།།
༢ ཁམས་ཀྱི་ཝ་སེང་བྲག་གི་གཡོན་ཟུར་གཙང་ཆུ་སྔོན་མོ་དར་དཔྱང་གི་རིས་ལྟར་དལ་གྱིས་འབབ་པ་ནས་འོ་འཁྱིལ་གོང་ཐང་བར་སྔོན་གླིང་གིས་གཡུའི་བསེ་རྫོང་ཕབ་སྐབས་གསེར་ཉི་འབུམ་ལྷ་དམག་གི་གཡུལ་གྱི་ལྟ་གོན་མཛད་སའི་དམག་སྒར་རྒྱག་ས་ཡིན།
༣ ད་ལྟ་གཙང་སྟོད་ཤང་རྒྱ་གྲོང་སྡེ་བའི་དབྱར་ས་མདོ་ཆུ་བཞིའི་གཡག་སྙིང་སྲིབ་ཐང་བྱ་བ་ནས་གླིང་གསེར་གྱི་བློན་པོ་པདྨ་བསྟན་འཛིན་དང་དཔའ་ཐུལ་སྤྱང་ཚ་རྒོད་པོ། བཀྲ་གསར། ལྷ་བཙན། གསེར་ལྷ་བཅས་ཀྱིས་གཡུའི་བྱང་བློན་བྲག་ནག་དང་བདུད་སྟག་ཐུལ་ས་དུག ཆུ་དུག དུག་འཕྲུལ་ལ་དབང་ཐོབ་པ་སྡེ་བཞི་དང་འཐབ་པས་བྱང་བློན་མིན་པ་ཐམས་ཅད་དག་པའི་ཞིང་དུ་སྤར་སའི་གནས་ཡིན།
༤ གཡག་སྙིང་ཐང་མཐའ་ནས་གསེར་བློན་པདྨ་བསྟན་འཛིན་གྱིས་གཡུའི་བྱང་བློན་བྲག་ནག་བྱ་བ་ཕམ་བཅུག་པས་ས་འོག་ནས་བྲོས་པ་ལ་རལ་གྲི་གཡུགས་ནས་གཤགས་པའི་རྗེས་ཤུལ་ད་ལྟའང་ཅུང་ཙམ་མཇལ་རྒྱུ་ཡོད།
༥ གཙང་གི་འོ་འཁྱུལ་གོང་ཐང་ནས་གསེར་སྟག་ཐུལ་གེ་འཕན་ཆོས་དབང་། ཨ་སེང་འབྲུག་རྒོད་ཡ་མེད་གཉིས་ཀྱིས་བདུད་སྟག་ཐུལ་ཕག་རྒོད་དུག་འགྱུར་དང་གྲུམ་ནག་ས་དུག་ཡ་མེད་གཉིས་བཏུལ་སའི་གནས་ཡིན།
༦ གཙང་གི་གཡག་སྙིང་སུམ་མདོ་ནས་གླིང་གི་གྲུབ་ཆེན་ལྷ་རིག་རྒོད་པོ་དང་དཔའ་བོ་ཤེས་རབ་དབང་ཕྱུག། གྲུབ་ཆེན་ཤཱཀྱ་ཡ་མེད་བཅས་ཀྱིས་བདུད་གཡུ་བློན་འགོང་སྲིན་སྤྲེལ་གདོངས་ལག་རིང་། ཕུང་བྱེད་རི་བོང་འགོང་རྒྱལ། མི་ཟན་ཁྱི་མགོ་ལྕགས་སེན་རྣམས་དག་ཞིང་དུ་སྤར་ནས་འགོང་སྲིན་ཁ་མི་དར་བའི་ཆེད་དུ་མནན་གཏད་བྱས། གཡུ་རོང་བསེ་རྫོང་ལས། བདུད་འགོང་དགུའི་མགོ་འཕང་སྨད་པའི་ཕྱིར༔ ཁྱོད་མི་རྟའི་ཕུང་སྙིང་ལུས་ཆས་དང་༔ ལུས་གནས་འགོང་དམག་བྱེ་བ་བཅས༔ མ་འོངས་སུམ་ཅུར་མ་ཐུག་བར༔ གཡག་སྙིང་སུམ་མདོར་མནན་གཏད་བྱེད༔ སྔོན་གྱི་ལོག་སྨོན་ངན་བཏབ་མཐུས༔ དམ་སྲིའི་མནན་གཏད་གནམ་ལ་ཤོར༔ དུད་ཧོར་འགོང་དགུས་བོད་ལ་འཚེ༔ སངས་རྒྱས་བསྟན་པ་སྣུབས་པར་བརྩམ༔ མི་འདོད་ནད་མུག་མཚོན་ཆར་འབབ༔ བསྟན་འགྲོ་ཉམས་ཐག་ཉེན་པའི་ཚེ༔ གླིང་གྲུབ་ཆེན་བརྒྱད་བཅུའི་སྤྲུལ་པ་ནི༔ གཙང་ས་སྐྱ་མན་ཆད་བྱང་སོག་ཚུན༔ སྨད་དར་མདོ་འཇང་ཁ་གསེར་ལུང་སོགས༔ རྒྱ་འདྲེ་བཟློག་ཐབས་སྣ་ཚོགས་དང༔ སྔོན་གནས་རྗེས་དྲན་གླེང་རབ་སོགས༔ འགྲོ་དོན་སྐྱེས་བུ་དུ་མ་འབྱུང༔ ལུང་བསྟན་ཚུལ་བཞིན་འགྲུབ་གྱུར་ན༔ བསྟན་འགྲོའི་བདེ་སྐྱིད་ཉམས་པ་གསོ༔ བདུད་ནག་འགོང་དམག་སྟོབས་ཉམས་འགྱུར༔ སུམ་ཅུའི་ཁུག་སྨད་མ་ཐུག་བར༔ བཟློག་མེད་འགོང་དམག་ལྡང་མི་ནུས༔ ཡང་། དེ་བར་གཡག་སྙིང་ཁམས་མདོ་འདིར༔ འཕར་མེད་གཤིན་དོང་རིམ་དགུའི་འོག༔ འཆོར་མེད་ཧོཾ་ཁང་དམ་རྒྱས་བཅིང༔ འགུལ་མེད་རྡོ་རྗེའི་བྲོ་ཡིས་བརྡུངས༔ ལྡང་མེད་རྟོགས་བྲལ་རི་ཡིས་མནན༔ སུམ་ཅུའི་ཁུག་མགོར་མ་ཐུག་བར༔ དངོས་ལྡང་མི་ནུས་ཁ་ཟིལ་ཙམ༔ ལྡང་འཕར་རྟགས་ལ་ལི་རྩང་སྒང༔ ནད་འཁྲུགས་མི་འདོད་སྣ་ཚོགས་དང༔ དུད་ཧོར་འགོང་དགུའི་ཁ་དར་འཚེ༔ རང་ས་མི་ཟིན་གཡོ་ཟེང་རྒྱུག༔ མི་བདེ་ས་མཐའ་ཕྱོགས་ཕྱོགས་འཐོར༔ ལི་གཙང་མི་མེད་བསེར་བུས་འཛིན༔ དེ་མི་འོངས་བཟློག་ཐབས་དུ་མ་དང༔ བཟློག་བྱེད་གླིང་སྤྲུལ་སྐྱེས་བུ་རེ༔ ངེས་མེད་ཚུལ་དུ་ལུང་རྟགས་རྟོལ༔ སྔོན་གནས་རྗེས་དྲན་རྣམ་ཐར་སོགས༔ ཚུལ་བཞིན་ཉམས་བླངས་འགོང་དལ་འཚེ༔ ནད་མུག་མཚོན་སོགས་སྐལ་ངན་ཞི༔ བསྟན་འགྲོའི་རྒུད་པ་གསོ་བ་དང༔ རྒྱལ་ཁམས་བདེ་སྐྱིད་འཕེལ་བར་འགྱུར༔ ཞེས་སོ།།
༧ གཙང་གི་ཏིས་དཀར་ཁམས་མདོ་རུ་རྟའི་རྨིག་རྗེས་ལྟ་བུ་ཆུ་གཙང་གི་རྫིང་བུ་འགའ་ཞིག་ཐང་རྔ་ནས་ཐང་མགོ་བར་རྒྱང་རིང་ནས་བལྟས་ན་དངོས་ནས་རྟ་ཞིག་བརྒྱུགས་སོང་བ་དང་འདྲ། དེ་བཤད་སྲོལ་ལ་གླིང་གེ་སར་རྟ་རྒྱུགས་བྱས་པའི་རྗེས་ཤུལ་ཡིན་ཞེས་གྲགས།
༨ གཙང་གི་ཚྭ་རྫུམ་མམ་འཛོམ་ཚྭ་ཐོག་གི་སྒང་རྒྱུད་དེད་ནས་ཡར་གྱི་ཉག་ཁ་རུ་གླིང་གིས་གཡུ་རོང་ནག་པོ་བདུད་ཀྱི་ཡུལ་ཁམས་དཀར་པོ་ཆོས་ཀྱི་ཞིང་དུ་བཀོད་ནས་ཕྱིར་ལོག་སྐབས་ད་དུང་བདུད་ཞིག་ལྷག་ཡོད་པ་ལ་སྟག་རོང་དཔོན་པོ་ཁྲོ་ཐུང་གིས་མདའ་ཞིག་འཕངས་ནས་བཏུལ་ལོ་ཞེས་བཤད་སྲོལ་ཡོད།
༩ ཡང་གཙང་གི་འོ་འཁྱུལ་ཁམས་མདོ་ནི་གསེར་གྱི་དཔའ་ཐུལ་རིག་འཛིན་རྡོ་རྗེ་ཁྱུང་གཤོག་དང་རྗེས་དཀར་དཔའ་འཛིན་རྒོད་པོ་གཉིས་ཀྱིས་གཡུའི་བདུད་ཐུལ་ཆུ་ཐུབ་དུག་འཛིན་དང་ཡ་མེད་མེ་ཐུབ་བཙན་པོ་གཉིས་བཏུལ་ས་ཡིན།
༡༠ བཀའ་བརྒྱད་ཁྲོ་བོ་རོལ་བའི་ཞལ་མངོན་སུམ་དུ་ཕྱེ་ཡོད་པའི་ཆེ་མཆོག་དཔལ་དགུའི་སྒྲུབ་གནས་ཆེན་པོ་གཙང་བཀྲ་དབུས་བྱ་བའི་གནས་མཆོག་ཉམས་དགའ་བ་དེར་ཡང་འཛམ་གླིང་སྐྱེ་མཆོག་ནོར་བུའི་ལྷ་སྒྲུང་དང་འབྲེལ་བའི་བཤད་རྒྱུན། སྒྲུབ་གནས། ངོ་མཚར་བའི་རང་བྱུང་རྗེས་ཤུལ་སྣ་ཆོགས་མཇལ་རྒྱུ་ཡོད་པ་ནི།
ཀ སྤྱིར་གནས་རི་འདིར་རི་ཆེ་ཆུང་རི་རྒྱུད་གསུམ་གྱིས་གྲུབ་པ་ཞིག་ཡིན་ཞིང་གཡས་ཕྱོགས་ཀྱི་གནས་རི་དེའི་ངོར་སྤྱི་དཔོན་ཨ་མྱེ་ཁྲ་རྒན་གྱི་སྒྲུབ་ཕུག་ཞིག་ཡོད། དེའི་ནང་དུ་གླིང་སྐྱེས་བུ་ཆེན་པོའི་གསེར་སྒ་ཉི་མ་རང་ཤར་དང་ལྕག་ཚན་བསམ་པའི་དོན་གྲུབ་གཉིས་ཀྱི་རྗེས་ཤུལ་དང་གླིང་སེང་ལྕམ་འབྲུག་མོའི་རྒྱན་ཆར་གྱུར་བ་ལག་གདུབ། སོར་གདུབ། མེ་ལོང་སོགས་ཀྱི་རྗེས་ཤུལ་གྱི་རི་མོ་བཅས་མངོན་སུམ་དུ་མཇལ་རྒྱུ་ཡོད།
ཁ ཡང་རི་དེའི་ངོར་བྲག་ཟོར་ཟོར་ཁང་པའི་གྱང་དང་མཚུངས་པ་ཞིག་ཡོད་པའི་འགོ་རྔ་གཉིས་ཀྱི་བར་ལ་གས་སྲུབས་རིང་པོ་ཞིག་ཡོད་པའི་དཀྱིལ་ཙམ་ལ་བུ་ག་ཞིག་ཡོད་པ་ལས་ཕར་བལྟས་ན་དག་དག་ཆུ་མིག་ཞིག་མཐོང་ཐུབ། འདི་ནི་སྔར་གླིང་སྐྱེས་བུ་ཆེན་པོས་སྤྱིར་སེམས་ཅན་ཡོངས་དང་སྒོས་སུ་བོད་ཀྱི་མི་དང་སངས་རྒྱས་ཀྱི་བསྟན་པར་གནོད་པ་བྱེད་པའི་ཀླུ་བདུད་ནག་པོ་བྱ་བ་དེ་ལ་གབ་ནས་མདའ་འཕངས་ཤིང་བཏུལ་བའི་རྗེས་ཤུལ་ཡིན་ཟེར་སྲོལ་ཡོད།
ག དེ་ནས་གཡོན་རི་ལ་ལྷ་རྟ་རྐྱང་རྒོད་འབར་བའི་རྨིག་རྗེས་དང་ཁྱི་དུང་ལེའི་རྗེས་སོགས་རང་བྱུང་ངོ་མཚར་བ་མང་པོ་མཇལ་རྒྱུ་ཡོད་དོ།།
བར་དུ། ཝ་ཤུལ་གཙང་སྨད་གཡང་སྡེ་ཕྱུག་མོའི་ས་ཆ་དང་འབྲེལ་བ་ཡོད་པའི་གླིང་སྒྲུང་གི་བཤད་རྒྱུན་དང་རྗེས་ཤུལ་སྐོར་ལ།
༡ གཙང་སྨད་གཡང་སྡེ་ཕྱུག་མོའི་སྒག་སྟོད་གདོངས་ལ་དང་གཙང་རྔ་གདོང་ལམ་ཁ་མདོ་མན་ཆད་དང་སྒག་སྐེད་ཁྱ་ལུང་ཡན་ཆད་བར་གླིང་གསེར་གཡུ་གསུམ་འཁྲུག་སྐབས་གཡུའི་བྱང་བློན་བྲག་ནག་ཐོད་རྒྱལ་གྱི་ནག་པོ་བདུད་ཀྱི་དམག་དཔུང་གིས་གླིང་ལ་ཡ་བཟུང་ནས་དམག་སྒར་རྒྱག་སའི་ས་ཆ་ཡིན།
༢ རྩང་རྔ་གཡག་རོའི་ཚྭ་ཐང་ནི་གླིང་གསེར་གྱི་སྟག་ཐུལ་དཔའ་འགྲན་བྲལ་འཆི་མེད་སྟོབས་ལྡན་དང་དམུ་ཆོ་ཚེ་དབང་རྒོད་པོ་གཉིས་ཀྱིས་གཡུའི་བདུད་ཐུལ་ཤན་བུད་ཀོང་དཔལ་དང་དམུ་བདུད་དོམ་ཐར་ཡ་མེད་གཉིལ་བཏུལ་ས་ཡིན།
༣ ཡང་གདོང་ལམ་སུམ་སྣ་ནི་གསེར་གྱི་དཔའ་ཐུལ་ངང་རི་བལ་བློན་འཕྲུལ་ལྡན་དང་ཉུག་བློན་རྗེས་དཀར་དཔལ་འཛིན་གཉིས་ཀྱིས་གཡུའི་བྱང་སྡེའི་བདུད་ཐུལ་མེ་ཐུབ་བླ་སྤྱང་དམར་པོ་དང་ཆུ་ཐུབ་བླ་འཕར་ནག་པོ་གཉིས་དག་ཞིང་དུ་སྤར་ས་ཡིན།
༤ ཡང་གདོང་ལམ་ཁམས་མདོ་ནི་གསེར་གྱི་དཔའ་རྒོད་བཀྲ་ཤིས་རབ་བསྟན་གྱིས་གཡུའི་བདུད་ཐུལ་དུག་གི་རྒྱོགས་མཁན་བསད། ལྷ་རྩེ་བདུད་ལྷ་དཔའ་བོས་གཡུའི་མགར་བ་གཡུང་དྲུང་ལྕགས་ཐར་བྱ་བ་བཙན་གྱིས་བཟུང་ནས་གླིང་ལ་ཁྲིད་ས་ཡིན།
༥ གཙང་སྨད་ཤང་གི་ས་ཁུངས་སུ་གླིང་དམག་འདུག་ས་ཡིན་ཟེར་བའི་གླིང་ཐང་བྱ་བ་ན་གེ་སར་རྟ་ར་བྱ་བ་རང་བྱུང་སའི་དབྱིབས་ལས་ཆགས་པའི་རྟ་ར་ངོ་མཚར་བ་ཞིག་ད་ལྟ་མངོན་སུམ་དུ་མཇལ་རྒྱུ་ཡོད།
༦ གཙང་སྨད་སྒག་ཁོག་གི་མདོར་བུད་ནས་གཡུ་ཁོག་ཕྱོགས་སུ་ཡར་འཁོར་བའི་ལག་པ་གཡས་ཕྱོགས་ཀྱི་གདོང་དུ་སྐབས་དེའི་གཡུ་རོང་རྒྱལ་ཁབ་ཀྱི་སྒག་ཙི་ལེན་རྒྱལ་པོའི་ཕོ་བྲང་གི་ཤུལ་ད་ལྟ་དངོས་སུ་ཡོད།
༧ ཡང་དེའི་ཕ་རི་ན་ཁྲོ་ཤུར་དང་ཁྲོ་འཕོངས་བྱ་བ་ཨ་ཁུ་ཁྲོ་ཐུང་དང་འབྲེལ་བའི་བཤད་རྒྱུན་སྣ་ཚོགས་ཡོད་པའི་ས་ཆ་ཞིག་ཡོད།༼ མཆན། གཙང་སྟོད། གཙང་སྨད་བྱ་བའི་འབྲོག་སྡེ་གཉིས་ཀ་ནི་ད་ལྟའི་དཀར་མཛེས་ཁུལ་བྲག་འགོ་རྫོང་རྩང་སྟོད་ཤང་དང་རྩང་སྨད་ཤང་གཉིས་ལ་གོ་དགོས།༽
མཐའ་མར། མཐོང་དུ་དཀོན་པའི་གེ་སར་སྒྲུང་གི་ཡིག་མིང་འགའ་བཀོད་པ་ལ།
༡ ཆུ་སྨད་མདའ་ཡི་རྫོང་། ༢ མཐའི་ཕྲ་མེན་ཕུབ་རྫོང་།
༣ གཙང་ཤ་མདོ་རྫོང་དྲུག ༤ གཡུ་རོང་བསེ་རྫོང་། ཞེས་པ་འདི་ར་ཧོར་བ་དགེ་འདུན་དར་རྒྱས་ཀྱིས་བྲག་མགོ་རྫོང་གཙང་སྨད་ཤང་དུ་ལས་དོན་སྒྲུབ་སྐབས་དམངས་ཁྲོད་ནས་བསྡུས་པའོ།།