ཀྲུང་གུང་སི་ཁྲོན་ཞིང་ཨུའི“ཀྲུང་གོའི་ལོ་བཅུའི་རིང་གི་སི་ཁྲོན”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཏེ།
ཝང་ཞའོ་ཧུའེ་ཡིས་བརྗོད་དོན་གཙོ་བོའི་ཁྱབ་བསྒྲགས་གནང་བར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།
ཧོང་ཆང་གིས་འབྲེལ་ཡོད་དྲི་བར་ལན་བཏབ།
སྤྱི་ཟླ་8པའི་ཚེས་18ཉིན། ཀྲུང་གུང་སི་ཁྲོན་ཞིང་ཨུའི“ཀྲུང་གོའི་ལོ་བཅུའི་རིང་གི་སི་ཁྲོན”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་བརྗོད་དོན་གཙོ་བོའི་ཁྱབ་བསྒྲགས་གནང་བར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཞིང་དཔོན་གཞོན་པ་ལི་ཡུན་ཙེ་གཉིས་ཀྱིས་འབྲེལ་ཡོད་དྲི་བར་ལན་བཏབ།
ཝང་ཞའོ་ཧུའེ་ཡིས་བརྗོད་དོན་གཙོ་བོའི་ཁྱབ་བསྒྲགས་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུ་དེ་སྤྱིར་བཏང་བ་ཞིག་དང་རང་ག་པ་ཞིག་གཏན་ནས་མིན་ལ། ལོ་འདི་དག་གི་རིང་ལ་དཀའ་ངལ་མང་པོ་གཅིག་ཐོག་གཅིག་བརྩེགས་ཀྱི་ཛ་དྲག་ཆེ་བའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་གསུམ་གྱི་ལས་འགན་ལ་དམིགས་ཏེ། སི་ཁྲོན་ཞིང་ཆེན་ཏང་ཨུས་བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། ཡང་དག་པ། ཁྱོན་ཡོངས་ངང་དོན་འཁྱོལ་བྱས་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མངགས་བཅོལ་བློ་ལ་བརྟན་པོ་བཅངས་ནས། བཀའ་དྲིན་ཚོར་ཞིང་འབད་འབུངས་དོན་གཉེར་བྱས་ནས་འགག་སྒྲོལ་དཀའ་སེལ་ཁྲོད་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ། བརྟན་ཐོག་ཡར་འཕེལ་ཁྲོད་གྲུབ་འབྲས་བརྩོན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་བཅས་བྱས་ཏེ། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་བྱ་གཞག་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅེས་གསུངས།
ཝང་ཞའོ་ཧུའེ་ཡིས་ཞིབ་ཕྲའི་གཞི་གྲངས་དང་གསོན་ཉམས་ལྡན་པའི་དཔེ་མཚོན་ལ་བརྟེན་ནས། ཕྱོགས་དྲུག་ནས་སི་ཁྲོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་གནང་ཡོད་དེ། གཅིག་ནི་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3གྱི་སྐས་རིམ་ལས་བརྒལ་ནས། 2012ལོའི་སྒོར་དུང་ཕྱུར་ཁྲི་2.39ནས་ན་ནིང་གི་སྒོར་དུང་ཕྱུར་ཁྲི་5.38བར་འཕར་ཡོད། གཉིས་ནི་གསར་གཏོད་དང་གསར་སྐྲུན་བྱེད་ནུས་མངོན་གསལ་མཐོར་འདེགས་བྱུང་། མཐོ་གསར་ལག་རྩལ་ཁེ་ལས་ཁྲི་1ལས་བརྒལ་བ་དེ་2012ལོའི་ལྡབ་7.4ཡིན་པ་དང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2.3ཟིན་པ་དེ་2012ལོའི་ལྡབ་2.8ཡིན་པ་དང་། ས་ཁོངས་ཀྱི་ཕྱོགས་བསྡུས་གསར་གཏོད་ནུས་པ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གསུམ་ནི་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན། སི་ཁྲོན་ནས་འགྲོ་འོང་བྱེད་པའི་བགྲོད་ལམ་ཆེན་པོ་19གསར་དུ་བསྣན་པ་དང་བསྡོམས་འབོར་40ཟིན། ལྕགས་ལམ་སྐྱེལ་འདྲེན་གྱི་ལམ་ཐག་སྤྱི་ལེ་5687ཟིན་པ་དང་། ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ནས་སྤྱོད་འགོ་ཚུགས་པ། མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་8727བར་རིང་དུ་ཕྱིན་པ། འགྲིམ་འགྲུལ་སྟབས་བདེ་བའི་མཚོ་འགྲུལ་མ་ལག་གཞི་རྩའི་ཐོག་གྲུབ་པ། བཞི་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན། སི་ཁྲོན་གྱི་དོན་དངོས་ལ་དམིགས་ཏེ་བཅོས་བསྒྱུར་ལ་བརྟེན་ནས་འགག་རྐྱེན་སེལ་བ་དང་ནུས་པ་སྤྲད་དེ་འཕེལ་རྒྱས་བཏང་ནས། ངེས་པ་དོན་གྱིས་ཤང་དང་གྲོང་རྡལ་གྱི་སྲིད་འཛིན་ཁུལ་དང་གྲོང་ཚོ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་དང་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བས། ན་ནིང་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་9513ཟིན་ཡོད། ལྔ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གནད་སྨིན་དབུལ་གྲོལ་འགག་སྒྲོལ་དམག་འཐབ་ལས་རྣམ་པར་རྒྱལ་ཏེ། སློབ་གསོ་དང་སྨན་བཅོས། རྒན་གསོ། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་ཞབས་ཞུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་བསྡུར་ཚད་རྒྱུན་མཐུད་ངང་ཆུང་དུ་བཏང་ཡོད། སྤྱི་པའི་རིག་གནས་ཞབས་ཞུའི་དྲ་བ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁེབས་པ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེར་བཏང་ནས་རླུང་ཁམས་ཆེན་མོའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་བཏང་བ་དང་། ཆུའི་ཁོར་ཡུག་སྤུས་ཚད་ལོ་བཅུའི་ནང་གི་ཆུ་ཚད་ཡག་ཤོས་བཏོད་པ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དེ་བས་སྲ་བརྟན་བཏང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་བྱས་ཏེ་མི་རིགས་ས་ཁུལ་གྱི་ལས་དོན་ཁག་ལ་དམ་འཛིན་ནན་མོ་བྱས་ནས། མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁྲིམས་སྐྱོང་སི་ཁྲོན་དང་དུས་བདེའི་སི་ཁྲོན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད། དྲུག་ནི་ཏང་དོ་དམ་དང་ཏང་སྐྱོང་ནན་མོའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་ནས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་སྒྲིག་ཁྲིམས་ནན་གཏོང་གིས་རུལ་སུངས་ལ་ངོ་རྒོལ་རྒྱུན་མཐུད་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་བས་ཆབ་སྲིད་ཀྱི་ཁོར་ཡུག་ལ་རྒྱུན་མཐུད་ངང་དགའ་འོས་པའི་འགྱུར་ལྡོག་ཕྱིན་ཡོད།
ཝང་ཞའོ་ཧུའེ་ཡིས་དུས་རབས་གསར་པའི་ལོ་བཅུའི་རིང་གི་སི་ཁྲོན་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་མཚོན་བྱེད་ཅིག་རེད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་ཕྱོགས་སྟོན་ཁྲིད་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་ཇུས་འགོད་བྱེད་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཞིག་དང་། ང་ཚོས་ངེས་པར་དུ་ལན་འདེབས་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། འབད་འཐབ་དངོས་སྒྲུབ་དང་དཀའ་སྤྱད་སྙིང་རུས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས།
ཚོགས་འདུའི་ཐོག སྨྱན་སྦྱོར་གྱི་གསར་འགོད་པས་དྲི་བ་བཏོན་ཞིང་། ཝང་ཞའོ་ཧུའེ་དང་། ཧོང་ཆང་། ལི་ཡུན་ཙེ་བཅས་ཀྱིས་སི་ཁྲོན་གྱི་དོན་དངོས་ལ་དམིགས་ནས། རེ་རེ་བཞིན་ལན་གནང་བ་རེད།