༄༅།། སྡིག་གཅོད་ཤན་པས་གུར་དཀར་རྒྱལ་པོ་ལ་བཤོལ་འདེབས་ཕུལ་བའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 08-22


   གླུ་ཐ་ལ་ལ་མོ་ཐ་ལ་རེད། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   ཧོར་ཨ་ཡན་རྒྱལ་པོའི་དགྲ་ལྷ་མཆོད། །

   མ་ཡན་རྒྱལ་པོའི་ཟོ་དོར་མཆོད། །

   ངང་ཡག་ཐེལ་མོ་སྤུན་དགུ་མཆོད། །

   མགར་བའི་ཐེལ་མོ་རྐང་གཅིག་མཆོད། །

   ལྷ་དེ་བས་ཡན་ལ་འདི་མཆོད་མེད། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཧོར་གུར་དཀར་ཡ་རྩེ་མཁར་དམར་རེད། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   ཕུ་ལུང་རྡོ་རྗེ་བྲག་སྟེང་ན། །

   མཛོ་མོ་རུ་རྫོང་མཁར་ནང་ན། །

   ཧོར་སྡིག་གཅོད་ཤན་པ་རྨེ་རུ་རྩེ། །

   གསེར་ཁྲི་སེར་པོའི་གོང་རོལ་ན། །

   དཔོན་པོ་གུར་དཀར་རྒྱལ་པོ་ལགས། །

   ཐུགས་མ་གཡེང་ང་ལ་ཚུར་གསོན་དང་། །

   ཉི་མ་དེ་རིང་ཕན་ཆད་ལ། །

   ཧོར་སེར་ད་ར་མཁར་དགུ་དང་། །

   ཁྲ་མོ་གླིང་གི་ས་ཆ་གཉིས། །

   ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་དང་། །

   གླིང་ཆོས་འཕེན་ནག་པོ་དུས་མཉམ་རེད། །

   ཐོག་རྨོག་རལ་ཆེན་རྒྱལ་པོ་དང་། །

   གླིང་ཆོས་ལ་འཕེན་གཉིས་དུས་མཉམ་རེད། །

   དགྲ་ཕར་འགྲོ་ཚུར་འོང་མ་དར་ཟེར། །

   ཁྱོད་གུ་ཡང་གནམ་གྱི་རྒྱལ་པོ་དང་། །

   གླིང་གི་སེང་ཆེན་རྒྱལ་པོ་གཉིས། །

   གོང་མ་ལྷ་ནས་བཀའ་བསྒོ་ལོག །

   བར་མ་གཉན་ནས་ཐ་ཚིག་ཤོར། །

   འོག་མ་ཀླུ་ནས་དམ་ཚིག་ཉམས། །

   མི་ཡི་ཡུལ་ནས་ཁ་ཆད་བགོས། །

   ལས་རྩོད་རྒྱུ་མེད་པའི་གླིང་རྒྱུ་བྱུང་། །

   དེ་སྟེ་གུར་དཀར་རྒྱལ་པོ་ལགས། །

   དམག་ཁྲ་མོ་གླིང་ལ་མི་འགྲོ་ལགས། །

   མི་འགྲོའི་རྩ་བ་བཤད་པ་ན། །

   གླིང་ས་མཐོང་བ་ཀུན་སྨོན་དེ། །

   འཛམ་བུ་གླིང་གི་ལྟེ་བ་རེད། །

   ས་དེ་ལ་དམའ་འབེབས་ཕོད་ས་མིན། །

   འཛམ་གླིང་སེང་ཆེན་རྒྱལ་པོ་དེ། །

   ཨོ་རྒྱན་པདྨའི་སྤྲུལ་བ་རེད། །

   དགྲ་ལྷ་གེར་མཛོ་གཉན་པོ་རེད། །

   རིགས་རུས་སེང་བློན་རྒྱལ་པོ་རེད། །

   སྡོངས་གྲོགས་མ་དང་མཁའ་འགྲོ་རེད། །

   རྩེ་མོ་ཡར་ཟུག་ལྷ་ལ་ཟུག །

   ལྷ་ཚངས་པ་དཀར་པོའི་ཐུགས་སྲས་རེད། །

   སྐེད་པ་བར་ཟུག་གཉན་ལ་ཟུག །

   གཉན་སྐུ་ལྷ་གེར་མཛོའི་ཚ་བོ་རེད། །

   རྩ་བ་མར་ཟུག་ཀླུ་ལ་ཟུག །

   ཀླུ་གཙུག་ན་རིན་ཆེན་ཡང་ཚ་རེད། །

   ནག་པོ་བདུད་ཀྱི་ཁ་གནོན་རེད། །

   སེར་པོ་ཧོར་གྱི་གཉའ་ཤིང་རེད། །

   འདྲེ་སྲིན་རྣམས་ཀྱི་ཁ་གནོན་རེད། །

   འཛམ་བུ་གླིང་གི་སྐྱབས་མགོན་རེད། །

   མི་དེ་ལ་འགྲན་ཡ་འཛུགས་དོན་མེད། །

   མི་དེ་ལ་འགྲན་ཡ་འཙུགས་པ་ན། །

   ཁོས་མེ་ལོང་ནང་ནས་མེ་གཅིག་འབུད། །

   ཨ་ལོང་ནང་ནས་ཨ་གཅིག་ཟེར། །

   རལ་གྲིའི་ཁ་ནས་རྟ་གཅིག་རྒྱུག །

   མདུང་མོ་རྩེ་ནས་བྲོ་གཅིག་འཁྲབ། །

   རྒྱ་ཁབ་སྟེང་ནས་གར་གཅིག་བསྒྱུར། །

   སྐུ་བརྗིད་པོ་རི་རྒྱལ་ལྷུན་པོ་འདྲ། །

   སྟོབས་ཆེན་པོ་སེངྒེའི་རྩལ་དང་འདྲ། །

   ཐབས་ཤེས་རབ་ནམ་མཁའི་གློག་དང་འདྲ། །

   ལས་མྱུར་བ་བསེར་མ་རླུང་དང་འདྲ། །

   སྐུ་མི་འགྱུར་འཕགས་པ་འཇམ་དབྱངས་རེད། །

   གསུང་མི་འགག་ཐུགས་རྗེ་ཆེན་པོ་རེད། །

   ཐུགས་མི་གཡོ་ཕྱག་ན་རྡོ་རྗེ་རེད། །

   མི་ཁོང་ལ་འགྲན་ཡ་བཙུགས་པ་ན། །

   ད་གཟོད་ལས་ཀྱི་སོ་ནམས་ལ། །

   ཁྱོད་གུར་དཀར་གསོན་བཤའ་བྱེད་དང་གཅིག །

   ང་ཤན་པའི་ལྷུ་དྲུག་ཤོར་དང་གཉིས། །

   ཧོར་སེར་པོ་བྱུང་མལ་མེད་དང་གསུམ། །

   གཏམ་རྒྱུད་དེ་གླིང་རྒྱུ་ཡོད་དང་བཞི། །

   ལས་ཕུང་བཞི་ཆེན་པོ་འཇོག་ངེས་ཡིན། །

   གླིང་གི་དཔའ་བརྟུལ་སུམ་ཅུ་ཏེ། །

   གྲུབ་ཆེན་སུམ་ཅུའི་སྤྲུལ་བ་རེད། །

   ཡང་ཐུལ་དམ་པའི་མི་བདུན་དེ། །

   འཛམ་གླིང་པཎ་ཆེན་མི་བདུན་རེད། །

   ཉིང་ཐུལ་ཁྲ་གླག་སྤྱང་གསུམ་དེ། །

   གླིང་གི་གཙོ་བོ་མི་གསུམ་རེད། །

   ལས་དེ་ལ་འགྲན་ཡ་ཨེ་དགའ་ན། །

   ཁ་ཁ་རོག་སྡོད་དང་ཁ་མཆུ་མེད། །

   མགོ་རུམ་ནང་བཅུག་ན་ལྷགས་པ་མེད། །

   རྟ་མ་བརྒྱུགས་བསྡད་ན་ཆད་གློ་མེད། །

   གཞུ་མ་འཐེན་བསྡད་ན་ཆག་རྒྱུ་མེད། །

   བྱ་ཁྭ་ཏའི་ཁ་ལ་ཉན་དགོས་མེད། །

   དཔོན་པོ་བྱ་ཁ་ཐོགས་ཉེན་ཡོད། །

   ཡིན་གཅིག་མིན་གཉིས་ཡིན་བསམ་ན། །

   ཧོར་གྱི་བྱ་ཐན་བསེ་བོ་དེ། །

   ཁྲ་མོ་གླིང་ལ་ཉུལ་མ་ཐོངས། །

   འཛམ་གླིང་གེ་སར་རྒྱལ་པོ་དེ། །

   གཞིས་པ་བྱེས་པ་ལྟོས་ལ་ཤོག །

   ཚོ་ཆེན་ལྷ་སྡེ་དཀར་པོ་དེ། །

   ཕོ་ལ་རྒོད་ཞན་ལྟོས་ལ་ཤོག །

   རྟ་ལ་མགྱོགས་བུལ་ལྟོས་ལ་ཤོག །

   མདའ་ལ་སྐྱེན་ཞན་ལྟོས་ལ་ཤོག །

   ས་ལ་ས་བཙན་ཅི་འདུག་ལྟོས། །

   རྫོང་ལ་རྫོང་བཙན་ལྟོས་ལ་ཤོག །

   ཆུ་ཁ་རབས་སོ་ལྟོས་ལ་ཤོག །

   སྐྱ་ལོའི་སེང་ལྕམ་འབྲུག་མོ་ལ། །

   སྔོན་གྱི་མནའ་ས་ལྟོས་ལ་ཤོག །

   རྒྱབ་ཀྱི་ཕ་མིང་ལྟོས་ལ་ཤོག །

   བོས་ན་ཡོང་ལེ་ཨེ་འདུག་ལྟོས། །

   བསླངས་ན་སྟེར་ལེ་ཨེ་འདུག་ལྟོས། །

   འཕྲོག་ན་ཐོབ་ལེ་ཨེ་གདའ་ལྟོས། །

   ལ་བཞིན་དཔོན་པོ་གུར་དཀར་ལགས། །

   བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། །

   བློ་རྩེ་ཉི་ཤུ་རྩ་ལྔ་ཁོད། །

   ཧོར་གུར་དཀར་ཐུགས་ལ་དེ་འདྲ་ཞོག །

   ཅེས་ཟེར་བ་དང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1