ཁྲོ་ཆུ་རྫོང་ཙ་བུ་གྲོང་རྡལ་གྱིས་སྤུས་ཚད་མཐོན་པོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ཚུལ་བཀོད་པ།
ཁྲོ་ཆུ་རྫོང་ཙ་བུ་གྲོང་རྡལ་དབོ་བོ་གྲོང་སྡེའི་སྲན་མའི་རྟེན་གཞི།
ཐོན་ལས་བཟང་ན་དཔལ་འབྱོར་འཕེལ་རྒྱས་འབྱུང་ལ། ཐོན་ལས་དར་ན་ལས་རིགས་དར་རྒྱས་ཡོང་ཐུབ། ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་ཙ་བུ་གྲོང་རྡལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁར་བརྟེན་ནས་་ཧུར་ཐག་སྒོས་ས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཐོན་ལས་ཀྱི་གྲུབ་ཆ་ཇེ་ལེགས་དང་སྐྱེ་ཁམས་འཕེལ་རྒྱས་ལ་གཞི་ཚུགས་པ། ལྗང་མདོག་གཙོ་བོར་མངོན་པ། རོ་ང་ལས་ཐོན་ལས་ལྗང་མདོག་ཅན་དང་འཕྲུལ་ཆས་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེར་བཏང་བ། སྐྱེ་ཁམས་ཀྱི་ཕན་ནུས་ཆེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་འབྲུ་རིགས་ཀྱི་ཐོན་ཚད་འཕར་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བ་འགན་ལེན་བྱས།
ཙ་བུ་གྲོང་རྡལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་ཆེད། ཟླ་8ཚེས་6ཉིན། ཁྲོ་ཆུ་རྫོང་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱིས་ཁྲོ་ཆུ་རྫོང་རུའེ་ཧོ་ལེའང་ཞིང་ལས་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་འབྲེལ་བྱས་ནས། སི་ཁྲོན་ཞིང་ལས་སློབ་ཆེན་གྱི་འབྲས་ཤིང་རིག་པ་དང་། སྐྱེ་དངོས་རྒྱུད་འཛིན་སོན་གསོ། སྔོ་ཚལ་རིག་པ་སོགས་ཆེད་ལས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེ་མོ་བ་གདན་ཞུས་བྱས་ཏེ། སྔ་རྗེས་སུ་ཙ་བུ་གྲོང་རྡལ་གྱི་འབྲས་ཤིང་དང་སྔོ་ཚལ་རྟེན་གཞི་ཆེ་གྲས་ཁག་ཏུ་བསྐྱོད་ནས་ཡུལ་དངོས་སུ་ལྟ་ཞིབ་དང་འདྲི་རྩད་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད། མིག་སྔའི་གྲོང་རྡལ་དེའི་རིགས་ཁག་གི་འབྲས་ཤིང་དང་སྔོ་ཚལ་སོགས་ཞིང་ལས་སྐྱེ་དངོས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པར་མ་ཟད། འབྲས་ཤིང་དང་སྔོ་ཚལ་གྱི་ཆུ་ལུད་དོ་དམ་དང་། ནད་འབུའི་གནོད་འཚེ་འགོག་བཅོས། ཡལ་ག་ཉམས་གསོ་སོགས་ཀྱི་ལག་རྩལ་ཡུལ་དངོས་སུ་ཁྲིད་སྟོན་བྱས་ནས། མིག་སྔའི་ཐོན་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།
སི་ཁྲོན་ཞིང་ལས་སློབ་ཆེན་འབྲས་ཤིང་རིག་པའི་དགེ་ཆེན་གཞོན་པ་ཐང་ཕུའུ་དབྱིས་བཤད་རྒྱུར། ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ཙ་བུ་གྲོང་རྡལ་གྱི་རྒྱ་ཆེའི་འདེབས་འཛུགས་དུད་ཚང་གིས་ནད་འབུའི་གནོད་འཚེ་འགོག་བཅོས་དང་། ཆུ་ལུད་དོ་དམ། འབྲས་ཤིང་ཡལ་བཞུར་རྒྱག་པ་སོགས་ཀྱི་ཞིང་ལས་བྱེད་སྟངས་སྤྱད་དེ་ཐོན་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་གཏོང་བའི་རེ་བ་ཡོད།
སི་ཁྲོན་ཞིང་ལས་སློབ་ཆེན་གྱི་ཆེད་མཁས། དགེ་རྒན་ཆེན་མོ་བས་ཡུལ་དངོས་སུ་འདེབས་འཛུགས་ལག་རྩལ་ཁྲིད་སྟོན་བྱེད་བཞིན་པ།
ཙ་བུ་གྲོང་རྡལ་ལ་ཁྲོ་ཆུ་རྫོང་གི་འབྲུ་མཛོད་ཅེས་འབོད་སྲོལ་ཡོད་པ་དང་ལོ་རེའི་འབྲུ་རིགས་ཐོན་ཚད་དེས་རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཀྱི་བཅུ་ཆ་གཅིག་ཟིན་ཡོད། གྲོང་རྡལ་དེས་གྲོ་དང་། མ་རྨོས་ལོ་ཏོག ཞོག་ཁོག སྲན་མ་སོགས་སྲོལ་རྒྱུན་ཞིང་ལས་སྐྱེ་དངོས་འདེབས་ཀྱིན་ཡོད་པར་མ་ཟད། ད་དུང་ཧུར་ཐག་སྒོས་འབྲས་ཤིང་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་ནས་སུར་པན་དང་། གླང་རྔ་སོགས་བཏབ་ནས་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་ནུས་ལྡན་བཏང་ཡོད།
ཙ་བུ་གྲོང་རྡལ་གཞོ་རོ་གྲོང་སྡེའི་སྡེ་མི་ཀོ་ཅིན་གྱིས་དེ་རིང་། སི་ཁྲོན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཞིག་གིས་ང་ཚོར་ཞིང་ལས་ལག་རྩལ་ཐད་ཀྱི་ཤེས་བྱ་མང་པོ་ཁྲིད་པར་ཕན་འབྲས་ཆེན་པོ་ཐོབ་ཡོད་ལ། ངས་རང་ཉིད་ཀྱི་ལག་རྩལ་མུ་མཐུད་དུ་ཇེ་མཐོར་བཏང་ནས་ལོ་རེའི་ཐོན་འབབ་ཇེ་མང་དུ་གཏོང་རྒྱུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་གིས་ཐོན་ལས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་། སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་ཤུགས་ཆེར་གཏོང་བ། ཞིང་ལས་ཐོན་སྐྱེད་དང་ཐོན་རྫས་ཀྱི་སྤུས་ཚད་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ། ཐོན་ལས་གླིང་ཁུལ་གཏོད་པ་དང་ཁྱད་ལྡན་ཐོན་རྫས་སྐྱེད་སྲིང་བྱེད་པ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་ཞིག་གསོ་བཏང་ཡོད། ཙ་བུ་གྲོང་རྡལ་གྱིས་འདེགས་སྐྱོར་ཤུགས་ཆེ་དང་སྤུས་རྟགས་གཏོད་པའི་འཕེལ་རྒྱས་ཀྱི་བསམ་བློར་གཞིགས་ནས་ས་ཞིང་ནང་བཤུག་དང་ཉེ་སར་ལས་ཞུགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་དང་། ས་གནས་དེའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས། ཞིང་ལས་ཐོན་ལས་གཞན་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ལས་ཞུགས་མཉམ་འདྲེས་ནུས་ལྡན་བྱུང་ཡོད།
ད་ལོར་ང་ཚོས་ཙ་བུ་གྲོང་རྡལ་དུ་ཁྱོན་སྲན་མ་མུའུ་200བཏབ་པ་དང་མུའུ་རེའི་ཐོན་ཚད་རྒྱ་མ་3000ཙམ་ཟིན་པར་ཡོང་འབབ་སྒོར་ཁྲི་160ལྷག་ཡོད། རུའེ་ཧོ་ལེའང་ཞིང་ལས་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་ལི་ཧྥང་ཡོན་གྱིས་གསར་འགོད་པར་བཤད་དོན། ཐེངས་རྗེས་མར་སྲན་མའི་རྟེན་གཞི་མུའུ་2000ཙམ་རྒྱ་ཆེར་གཏོང་རྩིས་ཡོད་པ་དང་མངགས་ཉོའི་ཞིང་ལས་ཀྱི་རྣམ་པས་གྲོང་སྡེ་མཉམ་ལས་ལ་བགོ་བཤའ་བཏང་སྟེ་སྡེ་མིར་སྦྱིན་བདག་བྱེད་དུ་འཇུག་རྒྱུ་ཡིན།
ཤེས་རྟོགས་བྱུང་བ་ལྟར་ན། ཙ་བུ་གྲོང་རྡལ་གྱིས་ད་ལོར་མ་རྨོས་ལོ་ཏོག་དང་། ཞོག་ཁོག གྲོ་སོགས་ཞིང་ལས་ཐོན་རྫས་མུའུ་7700ལྷག་བཏབ་པ་དང་། སྔོ་ཚལ་དང་དེ་བཞིན་ལི་སོབ་མུའུ་1000ལྷག་བཏབ་ཡོད་ལ། སྔོན་དཔག་ལྟར་ན་ཡོང་འབབ་སྒོར་ཁྲི་1800ལྷག་ཟིན་པས། ད་ལོའི་ཁྲོ་ཆུ་རྫོང་གི་འབྲུ་རིགས་སྤྱིའི་ཐོན་ཚད་བརྟན་འཕར་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་དོ།།