ཟླ་བ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་སྒྲོག་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟླ་བ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་། ཟླ་བ་བདུན་པའི་ཚེས་ཉེར་ལྔ་ཉིན་གྱི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་དང་། ལིའོ་ཉིང་ཞིང་ཆེན་ལ་རྟོག་ཞིབ་གནང་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱེད་པ་དང་། སི་ཁྲོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱེད་པ་མ་ཟད། ཉེ་དུས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་ལས་ཀ་དང་གློག་ཤུགས་མཁོ་འདོན་འགན་སྲུང་གནས་ཚུལ་གྱི་སྙན་ཞུ་ལ་གསན་ནས། འབྲེལ་ཡོད་ལས་ཀ་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། འབྲེལ་ཡོད་ཡིག་ཆ་ལ་གྲོས་ཞིབ་བྱས་པ་རེད། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་མཛད་པ་མ་ཟད་གསུང་བཤད་གནང་བ་རེད།
གྲོས་ཚོགས་ཐོག ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་གྲོས་ཚོག་ཐོག་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་ཁོང་དུ་ཡག་པོ་ཆུད་ནས། བསམ་བློ་ལ་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀ་ལ་སྐུལ་སྤེལ་བཅས་ཀྱི་ཐད་ལ་སྤྱད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་དགོས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་དམ་འཛིན་ཡག་པོ་བྱེད་པ་དང་། ནུས་ལྡན་གྱིས་ལས་ཀ་སོ་སོ་སྤེལ་ནས། སྲིད་ཏང་བར་གྱི་འབྲེལ་བ་དང་མི་རིགས་བར་གྱི་འབྲེལ་བ། ཆོས་ལུགས་བར་གྱི་འབྲེལ་བ། གྲལ་རིམ་བར་གྱི་འབྲེལ་བ། རྒྱལ་ཕྱི་ནང་གི་སྤུན་ཟླའི་བར་གྱི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྔར་བས་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་འབྲེལ་བ་གལ་ཆེན་དང་ལས་འགན་གལ་ཆེན་དམ་འཛིན་ཡག་པོ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་མཐུན་སྒྲིལ་དང་འབད་འབུངས། རྒྱ་བསྐྱེད། འཁྲུག་ཆ་དོད་པོ་བཅས་ཀྱི་རྣམ་པ་ཡག་པོ་ཇེ་བརྟན་དང་འཕེལ་རྒྱས་ཡོང་བ་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཀར་སྔར་བས་བྱས་རྗེས་འཇོག་དགོས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་འགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བའི་བླང་བྱ་གལ་ཆེན་དམ་འཛིན་ཡག་པོ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་སི་ཁྲོན་དུ་ལག་བསྟར་དོན་འཁྱོལ་དང་། ཕན་འབྲས་ཐོན་པ་བཅས་ཡོང་བ་བྱེད་དགོས་ཞེས་བཏོན་པ་རེད།
གྲོས་ཚོགས་ཐོག ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ནས་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ལས་ཀའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་དམ་དུ་འཛིན་དགོས། ནུས་ལྡན་གྱི་དགོས་མཁོ་རྒྱ་བསྐྱེད་གང་ཐུབ་དང་། དཔལ་འབྱོར་ཡང་བསྐྱར་བརྟན་པོ་ཡོང་བའི་འཕེལ་ཕྱོགས་ཇེ་བརྟན་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་མཁོ་འདོན་ཇེ་བརྟན་དུ་བཏང་ནས། ཐོན་ལས་རིགས་གསུམ་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས། བཅོས་བསྒྱུར་ཇེ་ཟབ་དང་སྒོ་འབྱེད་རྒྱ་བསྐྱེད་བཏང་ནས། དཔལ་འབྱོར་འཕེལ་རྒྱས་སྒུལ་ཤུགས་དང་གསོན་ཤུགས་འདོན་སྤེལ་བྱེད་དགོས། དམངས་འཚོ་འགན་སྲུང་ལས་ཀ་ཡག་པོ་བསྒྲུབས་ནས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་རྒྱ་བསྐྱེད་དང་བརྟན་པོ་ཡོང་བ་བྱེད་དགོས། ཉེན་ཁ་ཚབས་ཆེ་སྔོན་འགོག་དང་སེལ་བ་བྱས་ནས། ཉེན་མེད་ཀྱི་མ་མཐའི་ཚད་གཞི་བརྟན་སྲུང་བྱེད་དགོས། རིམས་ནད་འགོག་བཅོས་དྲ་བ་ཇེ་དམ་དུ་བཏང་ནས། རིམས་ནད་ཀྱི་གནོད་པ་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བཏོན་པ་རེད། གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིའོ་ཉིང་དུ་རྟོག་ཞིབ་གནང་དུས། ཚན་རྩལ་གསར་གཏོད་དང་སྐྱེ་ཁམས་ཁོར་སྲུང་། འདུས་ཁུལ་ཞབས་ཞུ་སོགས་ལས་ཀར་དམིགས་ནས་མཛུབ་སྟོན་གལ་ཆེན་གནང་ཡོད། ང་ཚོས་འབྲེལ་ཡོད་ལས་ཀ་ཡག་པོ་སྒྲུབ་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། སི་ཁྲོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་སྐུལ་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ནས། ཐོན་ལས་མ་ལག་དང་གསར་གཏོད་མ་ལག རིན་ཐང་མ་ལག་བཅས་མཉམ་འདྲིས་འཕེལ་རྒྱས་ཡོང་བ་བྱེད་པ་དང་། འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་བསྐྲུན་ལས་རིགས་ཁྱུ་ཚོགས་བསྐྲུན་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཇེ་བརྟན་དུ་བཏང་ནས། འབག་མེད་འཕེལ་རྒྱས་འདུ་ཤེས་དེ་ཁོར་ཡུག་སྲུང་སྐྱོང་དང་། ཐོན་སྐྱེད་བཟོ་བསྐྲུན། གྲོང་ཁྱེར་འཕེལ་རྒྱས། མི་དམངས་འཚོ་བ་སོགས་ཕྱོགས་སོ་སོ་རུ་ལག་བསྟར་བྱས་ཏེ། མཛེས་སྡུག་གི་སི་ཁྲོན་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་དགོས། སྤྱི་ཚོགས་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ནས། འདུས་ཁུལ་གྱི་ཞབས་ཞུ་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་བཏོན་པ་རེད།
གྲོས་ཚོགས་ཐོག ས་གནས་སོ་སོ་དང་ལས་ཁུངས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་གནོད་འཕྲི་སྐོར་གྱི་མཛུབ་སྟོན་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ནས། དུས་དང་རྣམ་པར་ཀུན་ཏུ་ལྷོད་གཡེང་མི་བྱེད་པའི་འགན་འཁྲི་འདུ་ཤེས་བཟུང་ཏེ་གནོད་འགོག་གནོད་འཕྲིའི་ལས་ཀ་སོ་སོ་ཡག་པོ་བསྒྲུབས་ནས། མི་སེར་གྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་བྱེད་དགོས། སི་ཁྲོན་ཞིང་ཆེན་དུ་བསྟུད་མར་ཉིན་ཉི་ཤུ་ལྷག་ལ་ཚ་བ་ཆེ་བའི་གནམ་གཤིས་བྱུང་བས། རི་མེ་ཤོར་བའི་ཉེན་ཁ་ཇེ་ཆེ་རེད། ས་གནས་སོ་སོས་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། རི་མེ་ཤོར་བའི་ཉེན་ཁའི་སྔོན་བརྡ་ཇེ་དྲག་ཏུ་གཏོང་བ་དང་། བྱེད་ཐབས་ནུས་ལྡན་ལག་ལེན་བསྟར་ནས་ནགས་ཚལ་མེ་སྐྱོན་ལ་སྔོན་འགོག་བྱེད་པ། རི་བོ་སྲུང་ཐུབ་པ་དང་། མི་དོ་དམ་ཐུབ་པ། མེ་ཚོད་འཛིན་ཐུབ་པ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཞོད་འགོག་དང་བཏུང་ཆུ་འགན་སྲུང་། ཞིང་ཆུ་འདྲེན་པ་བཅས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས། ད་ཡོད་ཀྱི་ཆུ་བེད་ལས་གཞི་སྒྲིག་ཆས་ཀྱི་ཆུ་གསོག་ནུས་པ་དང་ཆུ་འདོན་གཏིང་ཤུགས་སྔོག་འདོན་བྱས་ཏེ། སྡོད་དམངས་ཀྱི་བཏུང་ཆུ་ཉེན་མེད་ཀྱི་མ་མཐའི་ཚད་གཞི་སྲུང་བ་དང་། ཞིང་ཆུ་འདྲེན་པའི་དགོས་མཁོ་སྐོང་གང་ཐུབ་བྱེད་དགོས་ཞེས་བཏོན་པ་རེད།
གྲོས་ཚོགས་ཐོག གློག་ཤུགས་མཁོ་འདོན་འགན་སྲུང་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཡོངས་ཁྱབ་དང་འབྲེལ་བ་ཆེ་ཞིང་། སྤྱི་ཚོགས་བརྟན་བརླིང་གི་ཡོངས་ཁྱབ་དང་འབྲེལ་བ་རེད། ཞིང་ཆེན་ཡོངས་ཀྱིས་གློག་ཤུགས་མཁོ་འདོན་འགན་སྲུང་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ཏེ་དམ་དུ་འཛིན་པ་དང་། མ་མཐའི་བསམ་བློ་དང་མཐའ་འཁྱོལ་བའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྲིད་གཞུང་དང་ཁེ་ལས་ཀྱི་ཕྱོགས་མང་མཉམ་འབྲེལ་དང་གློག་ཁུངས་དང་གློག་དྲ། ཐེག་ཚད། གསོག་ནུས་བཅས་མཐུན་སྦྱོར་ཡོང་བ་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དེ་དཀའ་སེལ་འགག་སྒྲོལ་དང་རྒྱུན་མཐུད་འབད་པའི་ལས་ཀའི་ལས་སྟངས་དར་སྤེལ་བཏང་ནས། གློག་ཤུགས་མཁོ་འདོན་ཉེན་མེད་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་གནོད་པ་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བཏོན་པ་རེད།