ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་སྐབས་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-29



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་སྐབས་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་གྱིས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད། ཀྲུང་ཧྥེའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་བཅུ་སོང་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་དབར་ལ་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་བའི་ཐད་ལས་སྟེགས་གལ་ཆེན་བཏོད་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་མིག་དཔེར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་ཧྥེའི་སྨྱན་སྦྱོར་གྱིས་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་མཁན་དང་། གཞུང་དྲང་དྲང་བདེན་ལ་སྲུང་སྐྱོབ་བྱེད་མཁན། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་ཧྥེའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་མིའི་རིགས་ཀྱི་ཐུན་མོང་རིན་ཐང་བརྒྱུད་སྤེལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་དེ་ཚེས་25ཉིན་པེ་ཅིང་དུ་གཉེར་བ་དང་བརྗོད་དོན་གཙོ་བོ་ནི་ཕུགས་འདུན་གསར་པ་དང་། འཕེལ་རྒྱས་གསར་པ། མཉམ་ལས་གསར་པ་བཅས་ཡིན་པ་དང་། ཀྲུང་གོ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཨ་ཧྥེ་རི་ཁའི་རླུང་འཕྲིན་མནའ་འབྲེལ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1