—— ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཚེ་རིང་འཚོ་གཞིར་བཟུང་སྟེ་གླེང་བ།
[གནད་བསྡུས] རྩོམ་ཡིག་འདིར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཚེ་རིང་འཚོ་ལགས་ལ་བཅར་འདྲི་བྱས་པ་བརྒྱུད། ཁོ་མོའི་སློབ་གསོའི་བརྒྱུད་རིམ་ལས་ཐུན་མོང་མ་ཡིན་པའི་སློབ་ཁྲིད་བྱེད་ཐབས་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་པ་དམིགས་སུ་བརྗོད་པའི་སྒོ་ནས། དགེ་རྒན་ཞིག་ལ་མཚོན་ན་དེའི་སློབ་ཁྲིད་བྱེད་ཐབས་ནི་རང་ཉིད་ཀྱི་སློབ་གསོའི་བརྒྱུད་རིམ་དང་འབྲེལ་བ་དམ་པོ་ཡོད་ཚུལ་ལ་གཞུང་ལུགས་ཀྱིས་ཟུར་བརྒྱན་ཏེ་བརྗོད་ཡོད།
[གནད་ཚིག] སློབ་ཆེན་དགེ་རྒན། སློབ་གསོའི་བརྒྱུད་རིམ། སློབ་ཁྲིད་བྱེད་ཐབས།
དང་པོ། དགའ་སྐྱོ་འདྲེས་མའི་སློབ་གསོའི་བརྒྱུད་རིམ།
ཚེ་རིང་འཚོ་ལགས་ནི1959ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་ཞང་རྟ་ཕུར་སྡེ་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་སུ་སློབ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་མེད་པས་ལོ་དགུའི་སྟེང་ཕ་དྲིན་ཆེན་གྱིས་ཀན་སུའུ་གཙོས་མཛོ་དགེའི་ཞང་ལྟེ་བའི་སློབ་ཆུང་དུ་བསྐྱལ། སྐབས་དེར་རྒྱ་ཡིག་དང་རྒྱ་སྐད་སོགས་མི་ཤེས་པའི་རྐྱེན་གྱིས་དཀའ་ངལ་མང་བོར་འཕྲད་ཀྱང་། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས། 1977ལོར་མཐོ་རྒྱུགས་ལ་ཞུགས་ཏེ་ནུབ་བྱང་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་རྒྱུགས་འཕྲོད། དེ་གར་ཡང་རྣམ་གཡེང་དང་ལེ་ལོ་སོགས་ཀྱི་དབང་དུ་མ་སོང་བར་ཞི་དུལ་བག་ཡོད་ཀྱི་སྤྱོད་པ་ལྷུར་བཞེས་ནས། སློབ་སྦྱོང་ལ་བརྩོན་པ་བསྐྱེད་པ་དང་། བསླབ་ཚན་མཐའ་དག་ལ་སྦྱངས་པ་གང་ལེགས་མཛད་ནས་སྦྱངས་འབྲས་གཟེངས་སུ་ཐོན་པ་བླངས་ཏེ་སྤྱི་ལོ1981ལོར་དངོས་གཞི་མཐར་ཕྱིན། དེ་དུས་ཁོ་མོས་དཔེ་མཛོད་ཁང་ཞིག་ཏུ་བྱ་བ་གཉེར་ཚེ་དཔེ་ཆ་མང་པོ་བལྟ་ཐུབ་པར་བསམས་ནས་བྱ་བ་གཉེར་གྲབས་བྱེད་སྐབས། དགེ་རྒན་དཔའ་རིས་སངས་རྒྱས་ཀྱིས་མོ་རང་ལ་དགེ་རྒན་གྱི་འགན་འཁུར་རོགས་ཞེས་པའི་བཀའ་གསུང་དང་ལེན་མཛད་དེ་ནུབ་བྱང་མི་རིགས་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གཉེར། དགེ་རྒན་ཚེ་རིང་འཚོའི་སེམས་རྒྱུད་ན་སློབ་གསོའི་བློ་སྦྱོང་ངེས་ཅན་ཞིག་གྲུབ་ཡོད་ལ། ཤེས་ཚོར་རྣོ་བའི་ལྟ་ཞིབ་ཀྱི་ནུས་པ་དང་བབ་བསྟུན་གྱི་དཔེ་ཁྲིད་ནུས་པ་ཞིག་ཀྱང་ལྡན། སྒེར་སེམས་བྲལ་ཞིང་འདྲ་མཉམ་གྱི་འདུ་ཤེས།
བརྩེ་སེམས་དང་ཁུར་སེམས་བླ་མེད་ལྡན། དགེ་རྒན་གྱི་ཁུར་བཞེས་རྗེས་བོད་ཡིག་སྡེ་ཁག་ཏུ“སྙན་ངག་གཞུང་ལུགས”སློབ་ཁྲིད་གནང་། སློབ་ཁྲིད་བྱེད་ཐབས་ཐད་དཀའ་ངལ་མང་པོར་འཕྲད་པ་དང་། དགེ་རྒན་དང་སློབ་མ་སྐོར་ཞིག་གིས་སྙན་ངག་གི་བསླབ་བྱའི་ནང་དོན་གོ་བདེར་བཏང་ན་སྙན་ངག་གཞུང་ལུགས་ཀྱི་སྙན་ངག་ཅེས་པའི་བྲོ་བ་ཉམས་འགྲོ་བར་འདུག་སོགས་ཀྱི་བསམ་འཆར་མི་འདྲ་བ་མང་པོ་བཏོན་མྱོང་བར་བཤད། དགེ་རྒན་གྱི་ལས་ཀར་གསར་ཞུགས་ཀྱི་ལོ་སྔོན་མ་དག་ལ་རྒན་ཚེ་རིང་འཚོས་རྟག་པར་སློབ་མ་སྐྱོང་ཐབས་དང་ཁྲིད་ཐབས་ཐད་ཕྱིར་རྟོག་དང་བསམ་གཞིག་མང་པོ་བྱས་ནས་སྲོལ་རྒྱུན་ཁྲིད་ཐབས་ལས་བརྒལ་ཏེ་སྤྱི་ཚོགས་ཅན་དང་། གོ་བདེ་ཅན། དངོས་ཡོད་དང་ཟུང་འབྲེལ་བྱེད་ཐུབ་པའི་ལམ་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་མཛད། དེ་རྗེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཟབ་སྦྱོང་ལ་ཕྱིན། དེར་དུང་དཀར་བློ་བཟང་འཕྲིན་ལས་དང་ཚེ་ཏན་ཞབས་དྲུང་། དོན་གྲུབ་རྒྱལ་སོགས་མཁས་དབང་མང་པོའི་ཞབས་ལ་གཏུགས་ནས་གསུང་གི་བདུད་རྩི་ཅི་འདོད་དུ་མྱོང་བའི་སྐལ་བ་བྱུང་སྟེ། རིག་པའི་གནས་སྤྱི་ལ་བག་ཆགས་ཟབ་མོ་བཞག
ཁོ་མོས་རྟག་པར་རང་ཉིད་ལ་རེ་བ་ནན་མོ་བཏོན་ཏེ་ཞིབ་འཇུག་དང་འཚོལ་ཞིབ་ཀྱི་ལས་ལ་འབད་པའི་ཞོར་ལ། དབྱིན་ཡིག་ལ་དཀའ་སྤྱད་འབད་བརྩོན་མཛད་དེ་དབྱིན་ཡིག་ཆེད་ཚན་སློབ་གྲྭ་ཆེན་མོ་པའི་སློབ་ཐོན་ཐོབ་ཐང་ཡང་བླངས། 2005ལོནས2006ལོའི་བར་ཨ་མེ་རི་ཁའི་ཧ་ཧྥོ་སློབ་གྲྭ་ཆེན་མོའི་ཧི་མ་ལ་ཡའི་ཞིབ་འཇུག་ཁང་དུ་སོང་ནས་མཚམས་གཟིགས་མཁས་པ་མཛད་མྱོང་། རྒན་ཚེ་རིང་འཚོ་ལགས་ཀྱིས་ཧ་ཧྥོ་སློབ་གྲྭ་ཆེན་མོའི་སློབ་གསོའི་རིགས་ལམ་ལས་ཐོབ་པའི་བསམ་གཞིག་མང་པོ་བྲིས་ཡོད་ལ། དེ་ཡང་ཁོ་མོའི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་འགྱུར་བ་གཏོང་བའི་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
གཉིས་པ། སློབ་གསོ་སློབ་ཁྲིད་བྱེད་ཐབས།
1.དོགས་སློང་བློ་བསྐྱེད་སློབ་ཁྲིད་བྱེད་ཐབས། དོགས་སློང་བློ་བསྐྱེད་ནི་སློབ་ཆེན་སློབ་ཁྲིད་ཀྱི་ཁྱད་ཆོས་དང་གནད་འགག་ཅིག་ཡིན་པས། སློབ་ཁྲིད་ཐབས་ལམ་ནམ་ཡང་དོགས་སློང་གིས་སྣེ་ཁྲིད་པར་རྒྱུན་འཁྱོངས་བྱ་རྒྱུ་དེའོ། ། དོགས་སློང་གིས་སྣེ་ཁྲིད་བྱེད་པ་ནི་དགེ་རྒན་གྱིས་གཏན་ལ་ཕབ་པའི་དམིགས་འབེན་གཞིར་བཟུང་ནས་སློབ་མ་ལ་དྲི་བ་འདོན་པ་དང་། དྲི་བ་ལ་འཚོལ་ཞིབ་དང་དྲི་བ་ཐག་གིས་བཅད་དེ་སློབ་མའི་གསར་གཏོད་ཀྱི་བློ་དང་སློབ་གཉེར་གྱི་འདུན་པ། འཚོལ་ཞིབ་ཀྱི་མོས་པ་བཅས་ལ་སྐུལ་སློང་བྱ་དགོས་པ་དེ་ཡིན།
དགེ་རྒན་ལགས་ཧ་ཧྥོ་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ལ་ཞུགས་སྐབས་སུ་སློབ་ཁྲིད་བྱེད་ཐབས་ཐད་ཁོ་མོ་ལ་བྱིན་པའི་ཚོར་བ་ནི་དགེ་རྒན་གྱིས་དྲི་བ་འདོན་པ་ནས་སློབ་ཁྲིད་ཀྱི་མགོ་རྩོམ་པ་དང་དྲི་བ་བསྐྱུར་བ་ནས་མཇུག་རྫོགས་པ་དེ་དང། སློབ་མ་ནམ་རྒྱུན་སློབ་ཁྲིད་ལ་ཞུགས་སྐབས་དྲི་བས་བཀང་བའི་ཀླད་པ་དེ་འཁྱེར་ནས་སློབ་ཁང་དུ་ཡོང་ཡོད་པ་དེ་ཡིན་ཟེར།“དཀར་དམར་སེར་གསུམ་གྱི་འཇིག་རྟེན་དང་འཇིག་རྟེན་གྱི་ཤེས་བྱ་སྣ་ཚོགས་ལ་ཡ་མཚན་པའི་བློ་སྐྱེས་ནས་དྲི་བ་འདོན་པ་ནི་དྲི་བ་འབྱུང་བའི་ཁུངས་ཤིག་ཡིན་པ་དང་། དྲི་བ་འབྱུང་བའི་ཁུངས་གཞན་པ་ཞིག་ནི་ཁྱོད་ལ་དོགས་པ་ཟ་བའི་བློ་ཡོད་པ་དེ་ཡིན་གསུངས”①དོགས་སློང་བློ་བསྐྱེད་སློབ་ཁྲིད་བྱེད་ཐབས་དེ་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་དང་མི་འདྲ་ལ། ད་ལྟའི་ཆར་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གིས་བྱེད་ཐབས་འདིར་སློབ་སྦྱོང་དང་ལག་ལེན་དུ་བསྟར་བཞིན་མཆིས།
ཁོ་མོས་སློབ་ཁྲིད་སྐབས་སུ་རྒྱུན་པར་དྲི་བ་འདོན་པ་དང་། ལན་ལྡོན་པ་ལ་ཡང་དག་དང་ལྟར་སྣང་གཙོར་མི་འཛིན་ལ། དགེ་རྒན་དང་སློབ་མའི་བར་ལ་ང་ཆེ་ཁྱོད་ཆུང་སོགས་མཐོ་དམན་གྱི་འདུ་ཤེས་མེད་པས། དགེ་སློབ་ཕན་ཚུན་བར་གྱི་བར་ཐག་སྐྱུང་བའམ་སྙིང་ཉེ་བར་བསྐུལ་བའི་ནུས་པ་ལྡན། ཐུན་མིན་གྱི་སློབ་ཁྲིད་བྱེད་ཐབས་དེ་ནི་སློབ་གསོའི་བརྒྱུད་རིམ་ལས་བཏུས་པའི་ཉམས་མྱོང་དང་ཉམས་མྱོང་ལག་ལེན་དུ་བསྟར་བའི་དགེ་མཚན་ཡིན་ཞེས་བརྗོད་ཆོག བྱམས་བརྩེའི་བྱེད་ཐབས་དེས་ང་ཚོ་དགེ་སློབ་ཕན་ཚུན་ལ་ཡིད་ཆེས་དང་གསར་གཏོད། ནོར་བཅོས་བཅས་ཀྱི་བློ་ཡོད་དུ་བཅུག་པས། ང་ཚོས་རྒྱུན་པར་མོ་ལ་ཨ་མ་ཚེ་རིང་འཚོ་ཞེས་སྙིང་ཉེ་བས་འབོད་བཞིན་ཡོད།
2.ཁ་བརྡའི་ཚུལ་གྱི་སློབ་ཁྲིད་བྱེད་ཐབས། ཁ་བརྡའི་ཚུལ་གྱི་སློབ་ཁྲིད་བྱེད་ཐབས་ནི་ཁ་བརྡ་གཙོ་བྱས་ནས་གྲུབ་པའི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན། ཁྲིད་སྟེགས་སྟེང་དགེ་རྒན་གཅིག་པུས་ཁེར་ལབ་བྱེད་པ་ནས་སློབ་མ་མང་པོས་བཤད་པ། ཤེས་བྱ་དག་དགེ་སློབ་བར་དང་། སློབ་མ་ཕན་ཚུན་བར་ལ་བརྒྱུད་སྤྲོད་དང་སྤེལ་རེས་བྱེད་པ་ཞིག་གོ། རྒན་ལགས་ཀྱིས“ང་ཚོའི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ནི་དགེ་རྒན་གཙོ་བོ་བྱེད་པ་དང་། སློབ་མ་ཚོས་ཉན་པ་དེ་རེད། ཧ་ཧྥོ་སློབ་གྲྭ་ཆེན་མོས་དེ་ལས་ལྡོག་སྟེ། དགེ་རྒན་གྱིས་ཅུང་ཙམ་བཤད་རྗེས་སློབ་མ་ཚོར་དྲི་བ་འདོན་པ་དང་། དེ་ནས་སློབ་མ་ཚོས་ལྟ་ཚུལ་བཤད་པ་སོགས་སློབ་མའི་མྱོང་ཚོར་དང་རྣམ་འགྱུར་གཙོ་བོར་འཛིན་པ་ཞིག་དང་། དགེ་སློབ་གཉི་གའི་བར་ལ་སེམས་དང་བསམ་པ། ཕྱིའི་རྣམ་འགྱུར་དང་ཡིད་ཀྱི་འགྱུར་བ་ལ་དོ་སྣང་བྱེད་པ་ཞིག་རེད། ངས་ཀྱང་ད་ལྟའི་བར་སློབ་ཁྲིད་བྱེད་ཐབས་དེ་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱས་ཡོང་བ་ཡིན།”ཞེས་གསུངས་པ་ལས་ཤེས་རྟོགས་བྱུང་བ་ནི།
དགེ་རྒན་གྱིས་ཁྲིད་སྟེགས་སྟེང་ནས་རྒྱང་རིང་ཞིག་ལ་བལྟས་ནས་ཁེར་རྐྱང་གི་ཆིག་ལབ་བྱེད་མཁན་ནས་སློབ་མ་ཚོའི་རྣམ་འགྱུར་ལ་མཉམ་བཞག་ཅིང་སློབ་མ་ལ་མིག་གིས་འཚོས་ནས་སློབ་ཁྲིད་བྱེད་པར་གོམས་པར་བྱ་རྒྱུ་གལ་ཆེ་བ་དེའོ། །
ཁ་བརྡའི་ཚུལ་གྱི་སློབ་ཁྲིད་བྱེད་ཐབས་འདིས་སློབ་མར་བརྒྱུད་རིམ་ཞིབ་པ་དང་བློ་སྒོ་འབྱེད་པ། ལྟ་བ་ཆགས་པ། འཚར་ལོངས་འབྱུང་བ་སོགས་ཀྱི་མྱོང་བ་ཟབ་མོ་སྟེར་ནུས་ལ། ཁ་བརྡའི་ཁྲིད་ཐབས་བརྒྱུད་དགེ་སློབ་ཕན་ཚུན་བར་ལ་བརྩེ་བ་བསྐྱེད་ཐུབ། དེ་ནས“བློ་འབྱེད”སློབ་གསོའི་བྱེད་ནུས་མངོན་འགྱུར་དང་། མི་རྩ་བར་འཛིན་པའི་སློབ་གསོའི་གསོན་ཤུགས་ཀྱང་མངོན་ཐུབ། གཅིག་ནས་ཁ་བརྡའི་སློབ་ཁྲིད་ཁྲིད་ཐབས་འདི་ལ་མཚོན་ན་ཐོག་མར་མི་སུ་ཡིན་ཡང་ནང་དུ་ཞུགས་ཆོག་སྟེ། དགེ་སློབ་གང་རུང་ཞིག་དཀྱིལ་སྙིང་དུ་འཛིན་པའམ་ཤེས་བྱ་གང་ཞིག“ཡང་དག”ཏུ་སྨྲ་བའི་སྒེར་གཅོད་ཀྱི་རྒྱ་ལས་ཡོངས་སུ་ཐར་ཏེ། མི་སྒེར་སོ་སོ་འདྲ་མཉམ་དྲང་བཞག་གི་སྒོ་ནས་གཞན་གྱི་བསླབ་བྱ་རྒྱུད་ལ་ལེན་པའི་ཁེ་དབང་ཡོད། གཉིས་ནས་ཁ་བརྡའི་བརྒྱུད་རིམ་ཁྲོད་རང་རང་སོ་སོ་གཞན་ཕྱོགས་ནས་འགྲེང་སྟེ་གནད་དོན་ལ་བསམ་གཞིག་བྱས་ཏེ་སྐད་ཆ་བཤད་ཆོག
དམིགས་ཡུལ་ནི་རང་ཉིད་ཀྱིས་བཤད་འདོད་པ་གང་ཞིག་གསལ་བོར་མཚོན་དུ་འཇུག་པ་ལས། ཅི་ཐུབ་ཀྱིས་ཕ་རོལ་པོར་ཟུར་ཟ་དང་འཕྱ་སྨོད་གཏོང་བ་ནི་མིན་ནོ། །
གསུམ་པ། དེའི་སྐོར་གྱི་བློ་འབྱེད་དང་བསམ་གཞིག
དགེ་རྒན་ཚེ་རིང་འཚོ་ནི་དགེ་རྒན་གྱི་ལས་གནས་འདི་ལ་དུང་ཞེན་ཆགས་པའི་རྒྱུ་རྐྱེན་མང་ཞིང་། ལྷག་པར་དུ་དགེ་བའི་བཤེས་གཉེན་གཉའ་གོང་དཀོན་མཆོག་ཚེ་བརྟན་ལྟ་བུའི་རྒན་རབས་པ་མང་པོ་ཞིག་གི་སློབ་གསོར་བཟུང་བའི་རྣམ་འགྱུར་དང་དུང་ཞེན་གྱིས་ཁོ་མོར་ཤུགས་རྐྱེན་དང་བག་ཆགས་ཟབ་མོ་བཞག་ཡོད་སྟབས། མི་ཚེ་ཧྲིལ་བོ་དགེ་རྒན་གྱི་ལས་གནས་ལ་བསྟིམས།
ཁོ་མོ་ནི་ང་ཚོ་ལ་མི་ཇི་ལྟར་བཅའ་བ་དང་། སློབ་སྦྱོང་ཇི་ལྟར་བྱེད་པ། བསམ་གཞིག་ཇི་ལྟར་གཏོང་བ་ལ་ལམ་སྟོན་དང་སྐུལ་ལྕག་གཏོང་མཁན་ཡང་ཡིན། ནམ་ཡང་རིག་པ་ནངས་པར་འཆི་ཡང་བསླབ་དགོས་པའི་འདུ་ཤེས་ཀྱིས་མི་ཚེ་གང་བོར་ཐང་ལྷོད་མེད་པར་སློབ་སྦྱོང་བྱེད་ཀྱིན་ཡོད། སློབ་གསོའི་བརྒྱུད་རིམ་གྱི་ངེས་ཐད་ནས་བལྟས་ཚེ། དེ་ལ“གལ་ཆེ་བའི་མི་སྣ”དང“གཙོ་དོན”གྱིས་ཁོ་མོའི་སློབ་གསོའི་ཀུན་སློང་དང་སློབ་ཁྲིད་བྱེད་ཐབས་ལ་འགྱུར་བ་དང་ཤུགས་རྐྱེན་ཐེབས་ཡོད་པ་ཤེས་ཐུབ། གལ་ཆེ་བའི་མི་སྣ་ཞེས་པ་ནི་ཨ་རིའི་སྤྱི་ཚོགས་རིག་པ་བ་སྨི་ཨེར་སི(查尔斯•赖特•米尔斯)
ཡིས“སྨི་ཏིའི(米德)བདག་ཉིད་འཕེལ་རྒྱས་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་མངོན་གསལ་དུ་བཏོན་པའི་ལྟ་བ་ཞིག་རེད། དེའི་བསྟན་དོན་ནི་སྒེར་གྱི་སྤྱི་ཚོགས་ཅན་གྱི་བརྒྱུད་རིམ་ཁྲོད་སྒེར་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་མི་སྣ་བྱེ་བྲག་པ་དེ་ཡིན།”①ཞེས་པ་ལྟར། རྒན་ཚེ་རིང་འཚོའི་སློབ་གསོའི་བརྒྱུད་རིམ་ནང་རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་དང་ཕ་བསམ་ཤེས་ཅན། དོན་གྲུབ་རྒྱལ་སོགས་དང་འཕྲད་པའི་ཤུགས་རྐྱེན་ལས་དགེ་རྒན་གྱི་ལས་གནས་བདམས་པ་དང་། སློབ་གསོ་གཏོང་སྟངས་དང་སློབ་ཁྲིད་བྱེད་ཐབས། དེ་མིན་དགེ་རྒན་དང་སློབ་མ་ལ་བཟུང་བའི་ལྟ་ཚུལ་བཅས་ལ་ཤན་ཤུགས་ངེས་ཅན་ཐེབས་ཡོད་པ་སྨོས་ཅི། ཁོ་མོའི་སློབ་ཁྲིད་བྱེད་སྒོའང་མི་སྣ་གཙོ་བོ་འདི་དག་གི་སློབ་ཁྲིད་བྱེད་ཐབས་དང་ཁྱད་ཆོས་ལ་བལྟས་ནས་གྲུབ་པ་གདོན་མི་ཟའོ། །
ཨོའུ་ཁེ་ཡིས(沃克)“དགེ་རྒན་ཞིག་གི་སློབ་གསོའི་བརྒྱུད་རིམ་ཁྲོད་དོན་གནད་ཆེན་པོའམ་གཙོ་དོན་གྱིས་དགེ་རྒན་དེ་ཉིད་ཀྱི་འཕེལ་ཕྱོགས་ངེས་ཅན་དང་སྤྱོད་ལམ་ངེས་གཏན་ཞིག་འདེམ་པ་ལ་བསྐུལ་བའམ་དོ་སྣང་མཛད་ཡོད།”②
ཅེས་གསུངས། སློབ་གསོའི་བརྒྱུད་རིམ་གྱིས་སློབ་གསོའི་ཀུན་སློང་དང་སློབ་ཁྲིད་བྱེད་ཐབས་ལ་ཤུགས་རྐྱེན་ཐེབས་སྲིད། དཔེར་ན། མོ་རང་ཆུང་དུས་སློབ་གྲྭར་འགྲོ་བར་འཕྲད་པའི་དཀའ་ངལ་མང་པོ་དང་། སློབ་ཁྲིད་བྱེད་སྐབས་གཞན་གྱིས་དོགས་པ་ཟ་བ་དང་ཁས་མི་ལེན་པ་སོགས་ཀྱི་གནོན་ཤུགས། ཡང་ན་ཧ་ཧྥོ་སློབ་ཆེན་སོགས་སུ་སློབ་གཉེར་དང་སློབ་གསོ་མྱངས་པའི་སློབ་གསོའི་བརྒྱུད་རིམ་རེ་རེ་ལ་བསམ་གཞིག་དང་ཕྱིར་རྟོག་བྱས་པ་ན་ཁོ་མོས་རང་ཉིད་ཀྱི་ཁྱད་ཆོས་ལྡན་ཞིང་།
དེང་རབས་བོད་ཀྱི་སློབ་གསོའི་ཆོས་ཉིད་དང་འཚམ་པ། སློབ་མའི་ཤེས་བྱའི་རྨང་གཞི་གཏིང་ཆགས་པ་དང་ཤེས་རྒྱ་བསྐྱེད་ཐུབ་པའི་ཐབས་ལམ་ཞིག་འཚོལ་དཔྱོད་བྱེད་ཐུབ་པར་གྱུར་ཡོད།
མཇུག་སྡུད་པ།
དགེ་རྒན་ཚེ་རིང་འཚོ་ལགས་ནི་སློབ་ཁྲིད་བྱེད་ཐབས་དམིགས་བསལ་ལྡན་པ་ཞིག་ཡིན། དེའང་དམ་པ་མང་པོའི་ཞབས་ལ་གཏུགས་པའི་བཀའ་དྲིན་དང་རྒྱལ་ཁབ་ཕྱི་ནང་དུ་ཐོས་པ་བཙལ་བར་ཕྱིན་པའི་མི་ཚེའི་བརྒྱུད་རིམ་དང་འབྲེལ་བ་དམ་ཟབ་ཡོད། རྒྱུན་པར་སློབ་ཁྲིད་སྐབས་སུ་སློབ་མའི་དོགས་སློང་དང་བསམ་གཞིག་ནུས་པ་བསྐྱེད་པར་འབད་ཅིང་། དགེ་སློབ་བར་ཆེ་ཆུང་དང་མཆོག་དམན་གྱི་བར་ཐག་མི་འཛིན་པར་ཅི་ཡང་བཤད་རུང་བའི་གྲོགས་པོའི་ཚུལ་དུ་སློབ་ཁྲིད་དང་ཁ་བརྡ་བྱེད་ལ། རྣམ་དཔྱོད་བཀྲ་ཞིང་དཔྱད་སྟོབས་ཆེ་བ། སློབ་མར་སྙིང་ཉེ་བའི་མཛད་སྤྱོད་ཀྱིས་སློབ་མའི་ཡིད་ཀྱི་དང་བ་དབང་མེད་དུ་དྲངས་ཡོད། །
* སྒྲོལ་མ། བོད་ལྗོངས་སློབ་གྲྭ་ཆེན་མོའི2021ལོའི་མི་རིགས་རིག་པའི་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མ།