[གནད་བསྡུས] དཔྱད་རྩོམ་འདིའི་ནང་དེང་རབས་ཆ་འཕྲིན་མ་ལག་འཐུས་ཚང་དང་འཕེལ་རྒྱས་སུ་སོང་བ་དང་བསྟུན། སློབ་གསོ་སློབ་ཁྲིད་དང་ཇི་ལྟར་ཟུང་འབྲེལ་བྱ་དགོས་པའི་སྐོར་དབྱེ་ཞིབ་དང་། ཁྱད་པར་དུ་ཆ་འཕྲིན་ཅན་གྱི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱས་ཏེ་དེང་རབས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་ཆ་འཕྲིན་ཅན་གྱི་སློབ་གསོའི་ཁོར་ཡུག་གི་ནུས་པ་འདོན་དགོས་པའི་ལྟ་ཚུལ་བཏོན་ཡོད།
[གནད་ཚིག] ཆ་འཕྲིན་ཅན་གྱི་སློབ་གསོ། སློབ་ཁྲིད་ནུས་པ། ཐབས་ཇུས།
གླེང་གཞི།
དེང་རབས་ཆ་འཕྲིན་ཅན་གྱི་མ་ལག་འཐུས་ཚང་འཕེལ་རྒྱས་སུ་སོང་བ་དང་བསྟུན། ཆབ་སྲིད་དང་དཔལ་འབྱོར། ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། ཁྱད་པར་དུ་འཚོ་བའི་ཁྲོད་ཐོན་སྐྱེད་བྱེད་སྟངས་དང་ཐོན་སྐྱེད་འབྲེལ་བའི་བར་སྟབས་བདེ་ཅན་དང་མགྱོགས་མྱུར་ཅན། འཐུས་ཚང་ཅན། མ་ལག་ཅན་དུ་འགྱུར་བཞིན་པ་ཤིན་ཏུ་མང་། ཆ་འཕྲིན་ཅན་ནི་འཚོ་བའི་དགོས་མཁོ་གལ་ཆེན་དུ་འགྱུར་བཞིན་ཡོད་པ་དང་། མི་རྣམས་ཀྱང་ཆ་འཕྲིན་ཅན་གྱི་དུས་རབས་སུ་གཞི་ནས་གོམ་པ་སྤོས། དུས་རབས་གསར་བའི་ཆ་འཕྲིན་མ་ལག་གི་འཕེལ་རྒྱས་དང་འཐུས་ཚང་ཅན་དུ་འགྱུར་བཞིན་པའི་སྣང་ཚུལ་འདིས་སློབ་གསོ་སློབ་ཁྲིད་དང་སློབ་སྒྲུབ་ཀྱི་བྱ་བར་བླང་བྱ་ནན་མོ་བཏོན་ཡོད་ལ། སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་མ་འོངས་པ་ལ་ཁ་ཕྱོགས་པ། འཛམ་གླིང་ལ་ཁ་ཕྱོགས་པ་ཞེས་པའི་གལ་ཆེའི་དགོངས་དོན་ཡང་མདོར་ན་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་སློབ་གསོ་སློབ་ཁྲིད་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་གཉིས་ཀྱི་བར་མཚུངས་ཆོས་སུ་གྲུབ་དགོས་པའི་དགོངས་གཞི་བཏོན་ཡོད་པ་དང། ཕན་ཚུན་ཟུང་འབྲེལ་བྱ་དགོས་པའི་དམིགས་འབེན་ཡང་བརྗོད་ཡོད། དགེ་རྒན་གྱིས་སློབ་ཁྲིད་འཆར་གཞི་དང་སློབ་ཁྲིད་བྱེད་སྟངས། སློབ་ཁྲིད་བྱེད་ཐབས་སོགས་ཐད་བརྟག་དཔྱད་ཞིབ་འཇུག་ལེགས་པོ་བྱས་ཏེ་སློབ་ཁྲིད་ཀྱི་བྱ་བ་སྔར་ལས་འཐུས་ཚང་དང་སྟབས་བདེ། གོ་ཆོད་ཅན་དུ་བྱ་རྒྱུ་ནི་ཆ་འཕྲིན་སློབ་གསོ་ཁོར་ཡུག་གིས་བཏོན་པའི་རེ་འདུན་ཚ་ནན་ཡིན་ལ། དགེ་རྒན་གྱིས་ངེས་པར་སློབ་སྦྱོང་བྱ་དགོས་པའི་འོས་འགན་གལ་ཆེན་ཡང་ཡིན།
དང་པོ། ཆ་འཕྲིན་ཅན་གྱི་སློབ་གསོ་སློབ་ཁྲིད།
ཆ་འཕྲིན་ཅན་གྱི་སློབ་ཁྲིད་ནུས་པ་སྐྱེད་སྲིང་བྱེད་པ་དང་གོང་དུ་སྤེལ་བའི་ཐབས་ཇུས་འདི་ནི་ཕྱོགས་མང་པོ་ཞིག་དང་འབྲེལ་བ་ཡོད། དེ་ནི་རྒྱལ་ཁབ་སློབ་གསོ་པུའུ་ནས་བཏོན་པའི་སྲིད་ཇུས་དང་བླང་བྱ་ཡིན་ལ། ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་སློབ་ཁྲིད་བྱེད་ཐབས་དང་སློབ་ཁྲིད་ཀྱི་རྩ་དོན་ཡང་ཡིན།
2010ལོའི་ཟླ7པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད(2010ལོ—2020ལོ)》དཔར་འགྲེམས་བྱས། རང་རྒྱལ་དེང་རབས་ཅན་གྱི་འཛུགས་སྐྲུན་སྤྱིའི་འཐབ་ཇུས་ལ་དམིགས་ཏེ། འཆར་འགོད་ཁྲོད2020ལོར་རང་རྒྱལ་གྱི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དམིགས་འབེན་དང་། ལས་ཀའི་བྱེད་ཕྱོགས། སྤྱི་ཡོངས་ལས་འགན། བཅོས་སྒྱུར་བསམ་ཕྱོགས། བྱེད་ཐབས་གལ་ཆེན་བཅས་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་ཡོད། 《རྩ་གནད》དུ་ཐེངས་དང་པོར“ཆ་འཕྲིན་ལག་རྩལ་གྱིས་སློབ་གསོ་འཕེལ་རྒྱས་གཏོང་བར་གསར་བརྗེའི་རང་བཞིན་ལྡན་པའི་ཤུགས་རྐྱེན་ཐེབས་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱ་དགོས”ཞེས་ཆ་འཕྲིན་ཅན་གྱི་བྱེད་ཐབས་ཀྱིས་སློབ་གསོ་སློབ་ཁྲིད་གོང་འཕེལ་དུ་གཏོང་བ་དང་ཟུང་འབྲེལ་བྱེད་པར་གོང་རིམ་གྱིས་ཆོག་མཆན་དང་བླང་བྱ་བཏོན་ཡོད་པས། ཚན་རིག་དང་མཐུན་པའི་ངང་ལག་བསྟར་བྱ་རྒྱུ་ནི་དེང་རབས་སློབ་གསོའི་འོས་འགན་ཡིན།
གཉིས་པ། ཆ་འཕྲིན་ཅན་གྱི་སློབ་གསོའི་དགོས་མཁོ།
ཆ་འཕྲིན་ཅན་གྱི་སློབ་གསོའི་དགོས་མཁོ་ནི་ཕྱོགས་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ལ། ཁྱད་པར་དུ་ནང་དོན་སྣ་མང་བ་དང་བྱེད་ཐབས་ཕུན་སུམ་ཚོགས་པ། མ་ལག་འཐུས་ཚང་བ་ཅན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་བྱུང་བ་ཡིན། དེ་ཡང་གཤམ་གསལ་གྱི་ཕྱོགས་འདི་དག་ལ་འབྲེལ་ཡོད་པ་སྟེ།
གཅིག སློབ་མའི་དགོས་མཁོ།
སློབ་གསོ་ནི་སློབ་མའི་ཆེད་དུ་ཡིན་པ། དགེ་རྒན་གྱིས་ཁྲིད་སྟོན་གྱི་ནུས་པ་འདོན་དགོས་པ། དཔེ་ཁྲིད་མི་སྐྱོང་དེ་མི་སྐྱོང་དཔེ་ཁྲིད་ཀྱི་བྱ་བར་བསྒྱུར་དགོས་པ། ཤེས་བྱ་ཁོ་ན་ཁྲིད་པ་ལས་སློབ་སྦྱོང་བྱེད་ཐབས་ཁྲིད་དགོས་པའི་དགོངས་དོན་དང་། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་སློབ་མའི་ནུས་པ་སྔོག་འདོན་བྱེད་པ་བཅས་ལས། སློབ་མ་ནི་དམིགས་བསལ་བ་དང་ཁྱད་པར་ཅན། འཕེལ་རྒྱས་འགྲོ་སྲིད་པའི་མི་སྣ་ཞིག་ཡིན་པ་དེ་བསྟན་ཡོད། དེར་བརྟེན་ཆ་འཕྲིན་ཅན་གྱི་སློབ་གསོའི་དགོས་མཁོ་འདི་ཡང་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་འཇོན་ནུས་སྐྱེད་སྲིང་བྱེད་པའི་ཆེད་དུ་ཡིན་པ་གསལ་བོར་ཤེས་ཐུབ།
གཉིས། དགེ་རྒན་གྱི་དགོས་མཁོ།
སློབ་གསོ་སློབ་ཁྲིད་ཐད་དགེ་རྒན་ལ་འགན་ཁུར་འགའ་ཡོད་དེ། དགེ་རྒན་ནི་སློབ་མའི་སློབ་སྦྱོང་ལ་སྐུལ་འདེད་མཁན་དང་འཕེལ་རྒྱས་ལ་ཁྲིད་སྟོན་མཁན་དང་། སློབ་ཁྲིད་ཀྱི་འཛུགས་སྐྲུན་མཁན་དང་གསར་འབྱེད་པ་ཡིན་ལ། སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་པའང་ཡིན། གོང་གི་བླང་བྱ་འདི་དག་ནི་རང་རྒྱལ་གྱི་སློབ་གསོ་རིག་པའི་ངོས་ནས་དགེ་རྒན་ལ་བཏོན་པའི་གལ་ཆེའི་ལས་འགན་དག་ཡིན། དེར་བརྟེན་ཆ་འཕྲིན་སློབ་གསོའི་ནུས་པ་གོང་འཕེལ་དུ་གཏོང་རྒྱུ་ནི་སློབ་གསོ་སློབ་ཁྲིད་དང་ཐད་ཀར་འབྲེལ་བ་ཡོད་པས། དགེ་རྒན་ལ་ལག་བསྟར་དང་ཞིབ་འཇུག་གཏིང་ཟབ་བྱེད་པའི་འགན་ཁུར་ཡོད་ལ། རང་གི་སློབ་ཁྲིད་བྱེད་ཐབས་ཆ་ཇེ་ཚང་དུ་གཏོང་བའི་ཐབས་དམ་པའང་ཡིན། དགེ་རྒན་གྱིས“རང་ཉིད་ཀྱི་ཆེད་ལས་ཤེས་བྱ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གཞི་གྲངས་ཆེན་པོའི་ཆུ་ཚད་མཐོ་རུ་བཏང་སྟེ་སྔར་ལས་ལེགས་པར་སློབ་ཁྲིད་ལ་ཞབས་ཞུ་བྱས་ནས་རང་ཉིད་ཀྱི་ཆ་འཕྲིན་ཅན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་དགོས།”①ཞེས་པ་བཞིན་གཙིགས་ཆེར་འཛིན་རྒྱུ་གལ་ཆེ།
ཡང་དག་པའི་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་ལེགས་འགྲུབ་འབྱུང་དགོས་ན་དུས་རབས་དང་འཚམ་པའི་སློབ་ཁྲིད་ཀྱི་སྦྱོར་བ་ལག་ལེན་དུ་བསྟར་རྒྱུ་ནི་དགེ་རྒན་གྱི་འགན་ཁུར་ཉག་ཅིག་གོ །
གསུམ། དུས་རབས་ཀྱི་དགོས་མཁོ།
སློབ་གསོའི་འཕེལ་རྒྱས་ནི་དུས་རབས་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། སློབ་ཁྲིད་ཀྱི་བྱེད་ཐབས་ཀྱང་དུས་རབས་དང་བསྟུན་ནས་སྣ་མང་ཅན་དུ་འགྱུར་བཞིན་ཡོད། ཆ་འཕྲིན་ཅན་གྱི་སློབ་གསོའི་བྱེད་ཐབས་འདི་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་བྱུང་བ་ཡིན་པས། མཉམ་འབྲེལ་དྲ་རྒྱ་དར་ཁྱབ་ཆེ་བའི་དེང་གི་དུས་འདིར་ཆ་འཕྲིན་ལག་རྩལ་ལ་རྨོངས་པ་ནི་དོན་དུ་ཡིག་རྨོངས་པ་ཡིན་པའི་གནས་སྐབས་ཤིག་ཏུ་སླེབས་འདུག ང་ཚོས་ས་གནས་སློབ་གསོའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ཀྱང་ངེས་པར་དུ་དུས་རབས་དང་འགྲོགས་ནས་སྙིགས་དོར་བཅུད་ལེན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།
གསུམ་པ། ཆ་འཕྲིན་ཅན་གྱི་སློབ་གསོའི་ཐབས་ཇུས།
ཆ་འཕྲིན་ཅན་གྱི་སློབ་གསོའི་ཐབས་ཇུས་འདོན་སྤེལ་གང་ལེགས་བྱ་དགོས་ན་ངེས་པར་དུ་ཆ་འཕྲིན་སློབ་གསོའི་ཁོར་ཡུག་ཆགས་རྒྱུ་གནད་ཆེ་སྟེ། དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་བྱེད་པའི་སྐབས་ཆ་འཕྲིན་ཅན་གྱི་སློབ་གསོའི་ནུས་པ་ཇི་ལྟར་གོང་འཕེལ་གཏོང་བ་དང་ཟུང་འབྲེལ་བྱ་དགོས་པའི་སྐོར་ནས་ཐབས་ཇུས་འགའ་བཏོན་ན་འདི་ལྟ་སྟེ།
གཅིག ཆ་འཕྲིན་ཅན་གྱི་སློབ་གསོའི་རྟེན་གཞི་འཛུགས་དགོས་པ།
དུས་རབས་གསར་བའི་སློབ་གསོའི་ཁོར་ཡུག་ལེགས་པོའི་འོག་ཏུ་སློབ་སྒྲུབ་ཁ་ཕྱོགས་དང་སློབ་གསོའི་སྲིད་ཇུས་དམིགས་སུ་བཟུང་ནས། ཆ་འཕྲིན་ཅན་གྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་ནི་སློབ་གསོ་སློབ་ཁྲིད་ཆ་འཕྲིན་ཅན་དུ་བསྒྱུར་བའི་ཐབས་དམ་པ་ཞིག་ཡིན་པ་མ་ཟད། ད་དུང་སློབ་གསོ་སློབ་ཁྲིད་ཆ་འཕྲིན་ཅན་གྱི་ལམ་དུ་ཡང་དག་པར་སྐྱོད་ཐུབ་མིན་ལ་འབྲེལ་བ་ངེས་ཅན་ཡོད། བློ་འདྲིའི་ལས་ཁུངས་དང་གནད་ཆེའི་རྟེན་གཞི་ཡོད་ཚེ། སློབ་ཁྲིད་བྱེད་ཐབས་ཀྱང་ཆ་འཕྲིན་ཅན་གྱི་སློབ་གསོའི་རྟེན་གཞིའི་བྱེད་ཕྱོགས་དང་དགོངས་དོན། རྩ་དོན་ལྟར་ལག་བསྟར་བྱས་ཆོག་པ་དང། སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་འཐུས་ཚང་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་བྱེད་པར་སྟབས་བདེ་ཡོང་སྲིད་པ་རེད། ཁྱད་པར་དུ་ཆ་འཕྲིན་ཅན་གྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་ཐུབ་ཚེ། རྒྱུ་ཆ་སྣ་ཚོགས་དང་ཉེར་སྤྱོད་དངོས་པོ་སོགས་ནི་རྟེན་གཞི་ས་ཁུལ་ནས་མཁོ་སྤྲོད་དང་བཀོལ་སྤྱོད་བྱས་ཆོག་པ་མ་ཟད། ད་དུང་ཆ་འཕྲིན་ཅན་གྱི་རྟེན་གཞིའི་མིང་ཐོག་ནས་དགེ་རྒན་རྣམས་ལ་ཆ་འཕྲིན་ཅན་གྱི་སློབ་གསོ་སློབ་ཁྲིད་ཀྱི་བྱེད་ཐབས་གསབ་སྦྱོང་དང་ཁྲིད་སྟོན་བྱེད་པར་རམ་འདེགས་དང་ནུས་པ་ཆེན་པོ་ཐོབ་ཐུབ། ཆ་འཕྲིན་ཅན་གྱི་སློབ་ཁྲིད་ནུས་པ་སྐྱེད་སྲིང་བྱ་དགོས་ཚེ། ཆ་འཕྲིན་ཅན་གྱི་སློབ་གསོའི་ཁོར་ཡུག་ནི་རྨང་གཞིར་འཛིན་དགོས། གལ་ཏེ“རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མེད་ཚེ། ཆ་འཕྲིན་ཅན་ནི་གླེང་ཐབས་བྲལ”①ཞེས་པ་དོན་དང་མཐུན།
གཉིས། ཆ་འཕྲིན་ཅན་གྱི་དགེ་རྒན་དཔུང་སྡེ་སྐྱེད་སྲིང་བྱ་དགོས་པ།
སློབ་གསོ་སློབ་ཁྲིད་དང་སློབ་སྒྲུབ་ཁ་ཕྱོགས་གཏན་ཁེལ་བྱེད་སྐབས། ཆ་འཕྲིན་ཆེད་ལས་ཅན་གྱི་དགེ་རྒན་རུ་བསྡུ་བྱེད་པ་གཙིགས་ཆེར་འཛིན་དགོས། ང་ཚོའི་ས་གནས་མང་པོར་སློབ་གྲྭ་གཅིག་གི་ནང་དུ་ཆ་འཕྲིན་དགེ་རྒན་གཅིག་གཉིས་ཤིག་མ་གཏོགས་མེད་ལ། དེ་དག་ལའང་དམིགས་བསལ་གྱི་ལས་བགོས་སོགས་ཆེར་མེད་པས། དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཆ་འཕྲིན་ཆེད་ལས་ཅན་གྱི་དགེ་རྒན་མང་དུ་བསྡུས་ཏེ་སློབ་ཁྲིད་ཀྱི་བགྱི་བ་ལམ་ལྷོང་འབྱུང་བར་རེ་བ་འདོན་དགོས་པ་དང་།
ཁྱད་པར་དུ་ཆ་འཕྲིན་དགེ་རྒན་དག་གིས་ཆ་འཕྲིན་གྱི་ལག་ཆ་ངོ་སྤྲོད་དང་དགེ་མཚན་རྒྱ་ཁྱབ་ཏུ་སྤེལ་ཏེ། སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་གཞན་དག་ལ་ཆ་འཕྲིན་གྱི་ལག་རྩལ་སྣ་ཚོགས་སློབ་ཁྲིད་དུ་བཀོལ་བར་མིག་དཔེ་སྟོན་རྒྱུ་ནི་ཤིན་ཏུ་གལ་ཆེ།“ལས་གཞི་ཞིབ་འཇུག་དང་དྲ་ལམ་གསབ་སྦྱོང་ཟུང་འབྲེལ་གྱི་རྣམ་པ་སོགས་ཀྱིས་དགེ་རྒན་གྱི་དེང་རབས་སློབ་གསོའི་ལག་རྩལ་ནུས་པ་གོང་མཐོར་འདེགས་པ་དང་ཉེ་བར་སྤྱོད་དགོས”①ཞེས་པ་བཞིན། དེང་རབས་ལག་རྩལ་ཐབས་ལམ་གྱིས་ཆ་འཕྲིན་ནུས་པ་འཇོན་ནུས་ཅན་དང་སྣ་མང་ཅན། འཐུས་ཚང་ཅན་དུ་གཏོང་རྒྱུ་ནི་སློབ་གསོ་དེང་རབས་ཅན་གྱི་འོས་འགན་དང་རེ་བ་ཡིན།
གསུམ། ཆ་འཕྲིན་ཅན་གྱི་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་དགོས་པ།
ཆ་འཕྲིན་ཅན་གྱི་སློབ་གསོ་སློབ་ཁྲིད་ཀྱི་བྱང་ཚད་ཅེས་པ་ནི་དགེ་རྒན་གྱི་ལག་རྩལ་དང་། སློབ་ཁྲིད་བྱེད་ཐབས། རིག་ཚན་ནང་དོན་བཅས་ཟུང་འབྲེལ་བྱེད་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་། ལག་རྩལ་ལ་བརྟེན་ནས་སློབ་ཁྲིད་ཀྱི་ནང་དོན་མངོན་འགྱུར་བྱེད་པ་དང་། ལུགས་མཐུན་ངང་སློབ་ཁྲིད་བྱེད་སྟངས་བདམས་ནས་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།
༡.དྲ་ཐོག་སློབ་གསོའི་སྟེགས་བུ་དང་། Appལ་བརྟེན་ནས་དྲ་ཐོག་སློབ་ཁྲིད་ཀྱི་ནང་དོན་ལ་ཉན་ཤེས་བྱེད་པ།
༢.དགེ་རྒན་གྱིས་སློབ་ཚན་དེ“དྲ་ལམ”དང་ཟུང་འབྲེལ་བྱེད་པའི་མཉམ་བསྲེས་ཀྱི་རྣམ་པ་སྟེ། སྤུས་ལེགས་སློབ་ཚན་ཞིག་ཏུ་འགྱུར་བར་དམིགས་པ།
༣.དགེ་རྒན་གྱིས་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་མཉམ་སྦྲེལ་རྣམ་པའི་སློབ་གསོའི་བྱེད་སྒོ་སྤེལ་ནས་དགེ་སློབ་དང་སློབ་མ་མཉམ་འབྲེལ་གྱི་བྱ་ཐབས་འཛུགས་པ།
༤.དགེ་རྒན་གྱིས་སློབ་མར་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་སློབ་སྦྱོང་ལ་གདེང་འཇོག་བྱེད་པར་ཁྲིད་སྟོན་དང་། སློབ་སྦྱོང་གི་ཐབས་ཇུས་ལེགས་སྒྲིག་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་ལེགས་སུ་གཏོང་བ།
༥.དགེ་རྒན་གྱིས་ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་སློབ་མར་སྤྱི་ཚོགས་ལག་ལེན་དངོས་ཀྱི་བྱེད་སྒོར་ཧུར་ཐག་གིས་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། སློབ་མའི་གསར་གཏོད་སྙིང་སྟོབས་དང་ལས་གཏོད་འདུ་ཤེས་གསོ་སྐྱོང་བྱེད་པ་བཅས་སོ། །
ཆ་འཕྲིན་ཅན་གྱི་སློབ་ཁྲིད་ནུས་པ་སྐྱེད་སྲིང་དང་མཐོར་འདེགས་གཏོང་བར་བྱེད་ཐབས་མང་དུ་ཡོད་ཀྱང། ཚན་རིག་དང་མཐུན་པའི་བྱེད་ཐབས་འགའ་ཤས་དམིགས་སུ་བཟུང་ནས་སློབ་གསོ་སློབ་ཁྲིད་ཀྱི་སྐབས་སུ་ལམ་ལུགས་འདི་དག་འཛུགས་ཅི་ཐུབ་བྱས་ཚེ། སློབ་མའི་སློབ་སྦྱོང་གི་སྤྲོ་བ་ཆེ་རུ་འཕེལ་སྲིད་པ་དང་དགེ་རྒན་གྱི་སློབ་ཁྲིད་ནུས་པ་གོང་མཐོར་འགྲོ་སྲིད་པས། སློབ་མའི་གསར་གཏོད་ནུས་པ་དང་ལག་ལེན་ནུས་པའི་ཐད་ཕན་ཆེན་པོ་ཐོགས་སྲིད།
མཇུག་བསྡུ་བ།
ཆ་འཕྲིན་ཅན་གྱི་སློབ་གསོའི་ནུས་པ་གོང་འཕེལ་དུ་གཏོང་བ་དང་བྱ་ཐབས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དགེ་རྒན་ཞིག་ལ་མཚོན་ན་ངེས་པར་དུ་དེང་རབས་སློབ་གསོའི་དགོངས་པ་དང་རྩ་དོན། བྱེད་ཐབས། འཆར་གཞི་སོགས་ལག་བསྟར་ནན་མོ་བྱས་ནས་རང་ཉིད་ཀྱི་ཆ་འཕྲིན་ཅན་གྱི་ནུས་པ་གོང་མཐོར་གཏོང་དགོས་པ་དང་ཁྱད་པར་དུ་ཆ་འཕྲིན་ཅན་གྱི་སློབ་གསོའི་དགོངས་དོན་ཡིད་ལ་འཇགས་པར་བྱས་ཏེ། སློབ་གསོ་སློབ་ཁྲིད་དང་སློབ་ཁྲིད་ཞིབ་འཇུག སློབ་མ་སྐྱེད་སྲིང་བྱེད་པའི་གོ་རིམ་ཁྲོད་ཡང་དག་པ་དང་འཐུས་ཚང་བ། མ་ལག་ཅན་གྱི་ཆ་འཕྲིན་སློབ་གསོ་ཅན་དང་སློབ་གསོ་ཆ་འཕྲིན་ཅན་དུ་གཏོང་བར་འབད་པ་གང་ལེགས་བྱ་དགོས། སློབ་གསོ་ཆ་འཕྲིན་ཅན་གྱི་དགོངས་པ་ནི་དེང་རབས་སློབ་གསོ་རིག་པའི་གལ་ཆེའི་བྱེད་ཐབས་ཡིན་ལ་དུས་རབས་ཉེར་གཅིག་པར་སློབ་ཁྲིད་ཞིབ་འཇུག་གི་དམིགས་འབེན་ཡང་ཡིན་ནོ། །
* སྙིང་ལྕགས་བཀྲ་ཤིས། ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།