ཝུའུ་ཁི་ལན་གྱིས་འབྲུ་རིགས་ཏུན་ས་ཡ་གཅིག་ཕྱི་ལ་སྐྱེལ་འདྲེན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་ལག་བསྟར་བྱས་པའི་ཚུན་ལ། འབྲུ་རིགས་ཏུན་ས་ཡ་གཅིག་ཝུའུ་ཁི་ལན་གྱི་གྲུ་ཁ་གསུམ་བརྒྱུད་དེ་ཕྱི་རྒྱལ་དུ་སྐྱེལ་འདྲེན་བྱས་ཡོད་ཟེར། ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ཕྱིར་གཏོང་བྱེད་པའི་བཟོད་སྒོམ་བརྗེད་ཐོ་དོན་འཁྱོལ་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། 

        ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཚེས་ཉེར་དྲུག་ཉིན་གཏམ་བཤད་སྤེལ་ཏེ། ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་གྱི་གྲོས་མཐུན་ལག་བསྟར་བྱས་པའི་ཚུན་ལ། འབྲུ་རིགས་ཏུན་ས་ཡ་གཅིག་ཆེ་ཨར་ནོའུ་མའོ་སི་ཁོ་དང་ཨོ་ཏི་སཱ། ཕིས་ཧྥུའུ་ཅན་ནེ་བཅས་ཝུའུ་ཁི་ལན་གྱི་མཚོ་ནག་གི་གྲུ་ཁ་གསུམ་བརྒྱུད་དེ་ཕྱི་རྒྱལ་དུ་སྐྱེལ་འདྲེན་བྱས། དེའི་སྐབས་སུ་བསྡོམས་པས་ཝུའུ་ཁི་ལན་གྱི་འབྲུ་རིགས་དྲུད་པའི་གྲུ་གཟིངས་ཞེ་བཞི་རྒྱལ་ཁབ་བཅོ་ལྔར་བསླེབས་པ་དང་། མིག་སྔར་གྲུ་གཟིངས་བདུན་ཅུ་ཝུའུ་ཁི་ལན་གྱི་གྲུ་ཁར་སོང་ནས་འབྲུ་རིགས་སྐྱེལ་འདྲེན་བྱེད་པའི་རེ་ཞུ་བྱས་ཡོད་ལ། ཝུའུ་ཁི་ལན་གྱི་དམིགས་འབེན་ནི་ཟླ་རེར་འབྲུ་རིགས་ཏུན་ས་ཡ་གསུམ་ཕྱིར་གཏོང་བྱེད་རྒྱུ་དེ་རེད་ཟེར། 

        ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀོད་པའི་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ཕྱིར་གཏོང་གི་བཟོད་སྒོམ་བརྗེད་ཐོ་དངོས་འབེབས་བྱེད་པར་བྱ་བ་མང་བོ་བསྒྲུབས་དགོས་པ་དང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་དེ་འབྲུ་རིགས་དང་ལུད་རྫས་ཐད་བཀོལ་བར་མི་འཚམ་པར་བཤད་ཀྱང་། བཀག་སྡོམ་དབང་གིས་དངུལ་ཁང་གི་རྩིས་ལེན་དང་ཉེན་ཚབ། མཚོ་ཐོག་སྐྱེལ་འདྲེན་སོགས་ཐད་ཀྱི་སྔར་བཞིན་བཀག་རྒྱ་ཐེབས་ཡོད་པས། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་འགན་ཁུར་བའི་རྣམ་འགྱུར་གྱིས་འབྲེལ་ཡོད་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1