རོང་བྲག་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཀྲུང་གོའི་ཆེས་མཛེས་བའི་གྲོང་གསེབ་འཛུགས་སྐྲུན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-31


 


        རོང་བྲག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། མི་སྡོད་ཁོར་ཡུག་གི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ། ཀྲུང་གོའི་ཆེས་མཛེས་གྲོང་གསེབ་སྐྲུན་ནས་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གྲོང་གསེབ་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཏེ། ལས་བྱེད་པ་དང་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་ཆེ་རུ་གཏོང་ཆེད། ཉེ་ཆར་རོང་བྲག་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་བ་རེད།


        ཤེས་གསལ་ལྟར་ན། ཐེངས་འདིའི་གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་འཛུགས་སྐྲུན་གྱི་གཙོ་གནད་དེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གད་སྙིགས་གང་བྱུང་དུ་དབྱུག་པ་དང་། བཙོག་ཆུ་གང་བྱུང་དུ་བཞུར་བ། ས་ཆ་གང་འདོད་དུ་བཟུང་བ། ཁང་པ་གང་འདོད་དུ་སྐྲུན་པ། འཛུགས་སྐྲུན་རྒྱུ་ཆ་གང་སར་སྤུངས་པ། གང་འདོད་དུ་འཐེན་པ། དངོས་ཟོག་གང་འདོད་དུ་འཇོག་པ། མཚོན་བྱང་གང་བྱུང་དུ་བཀྲམ་པ། སྦྱར་ཡིག་གང་བྱུང་དུ་འགེལ་བ། བརྡ་ཁྱབ་གང་བྱུང་དུ་སྦྱར་བ། འཁོར་རིགས་གང་བྱུང་དུ་འཇོག་པ། ཕྱུགས་ཟོག་གང་བྱུང་དུ་འགྲོ་བ་སོགས་ཀྱི་ཟང་ཟིང་ཆེ་བའི་སྣང་ཚུལ་སྐོར་ཞིག་བཅོས་སྒྲིག་བྱ་རྒྱུ་རེད། གཞན་ཡང་། ལྗང་མདོག་གི་ལམ་བུ་སྐོར་ཞིག་དང་། ཡུལ་སྐོར་གྱི་གསང་སྤྱོད། དྲིལ་སྒྲོག་སྒྲོམ་སྟེགས། ཞིང་ལས་ཁྱད་ལྡན་ཐོན་རྫས་དང་རིག་གནས་ཐོན་རྫས་ཉོ་ཚོང་ས་ཚིགས་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་གད་སྙིགས་གཙང་སེལ་དང་བརྒྱུད་འདྲེན། གཞུང་ལམ་གཙང་སེལ། རྡུལ་སེལ་སོགས་སྒྲིག་བཀོད་སྒྲིག་ཆས་འཐུས་ཚང་དུ་གཏོང་བའི་ལེ་ལག་ཚང་བའི་ནུས་པ་ཆེ་རུ་བཏང་ནས། ལྗོངས་གཟིགས་སྟེགས་བུ་དང་། མེ་ཏོག་གི་ལུང་གཞུང་། རིག་གནས་གྱང་བཅས་ཁག་གཅིག་བཏོད་དེ་རོང་བྲག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་།


        ཐེངས་འདིའི་གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་འཛུགས་སྐྲུན་གྱི་རིམ་སྤོར་འགུལ་སྐྱོད་ལ་བཀོད་འདོམས་པུའུ་བཙུགས་པ་དང་། རྫོང་ཨུའི་ཧྲུའུ་ཅིའམ་རྫོང་དཔོན་གྱིས་ཕྱོགས་གཉིས་ཀྱི་བཀོད་འདོམས་དཔོན་གྱི་འགན་འཁུར་བ་དང་། དེའི་ཁོངས་སུ་གནས་ཚལ་སྣ་ཚོགས་བཅོས་སྒྲིག་དང་། ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་རྣམ་པ་ཇེ་ལེགས་སུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་ནུས་པ་ལེ་ལག་འཐུས་ཚང་དུ་གཏོང་བ། མེ་ཏོག་གི་ལུང་གཞུང་གཏོད་པ་སོགས་ཀྱི་ལས་དོན་ཚོགས་ཆུང་བདུན་བཙུགས་ཡོད། ཟླ8པའི་ཚེས21ཉིན་ནས་བཟུང་རྣམ་པ་སྣ་ཚོགས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་དྲིལ་སྒྲོག་དང་སྐུལ་སློང་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མི་ཚང་མས་ཤེས་རྟོགས་བྱུང་བ་དང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པ་མ་འཚོག་སྔོན་དུ་རོང་བྲག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཟང་ཟིང་གི་སྣང་ཚུལ་མངོན་གསལ་གྱིས་ཇེ་ལེགས་སུ་གཏོང་བ་དང་། 2023ལོའི་ལོ་མཇུག་ཏུ་རྫོང་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་སྔར་ལས་འཐུས་ཚང་དང་ལེ་ལག་ཚང་བ། རྫོང་ཡོངས་ཀྱི་རྣམ་པ་མངོན་གསལ་གྱིས་ཇེ་ལེགས་སུ་བཏང་ནས། “ཀྲུང་གོའི་ཆེས་མཛེས་པའི་གྲོང་གསེབ”ཅེས་པའི་མིང་བྱང་དེ་སྔར་ལས་ཇེ་ཡག་ཏུ་གཏོང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1