མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་ས་མཚམས་ནས་རིམས་འགོག་ལས་ལ་འབད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-31




མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་ས་མཚམས་ནས་རིམས་འགོག་ཚོད་འཛིན་བྱས།   


    ཁྱེད་རང་གང་དུ་འགྲོའམ། ཁྱེད་ཀྱིས་བདེ་ཐང་བཤེར་རྟགས་དང་འགྲུལ་བཞུད་བཤེར་རྟགས། ཉིང་སྐྱུར་སྙན་ཞུ་སྟོན་རོགས་ཞེས་པའི་སྐད་ཆ་བར་མེད་དུ་རྣ་ལམ་ལ་གྲགས་འོངས། ཟླ་8ཚེས་28ཉིན། མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་རིམས་འགོག་ཚོད་འཛིན་གྱི་འགག་སྒོ་རུ། ལས་སྒྲུབ་པ་སུ་ཡིན་ཡང་འགྲོ་འོང་གི་རླངས་འཁོར་རེ་རེར་ཞིབ་བཤེར་བྱེད་པར་བྲེལ་བཞིན་མཆིས། 


 


    རིམས་ནད་ནི་གནམ་ལྕགས་ཐོག་ལྟ་བུའི་བཀའ་རྒྱ་ཡིན་ལ། རིམས་འགོག་ནི་མ་བསྐུལ་དང་ལེན་བྱེད་པའི་ལས་འགན་ཡིན། མིག་སྔར། རྒྱལ་ཡོངས་སུ་རིམས་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ། རྒྱལ་ཡོངས་ཀྱི་ལྗོངས་སྐོར་ས་ཁུལ་མང་པོ་དང་གྲོང་ཁྱེར་ཁ་ཤས་སུ་རང་སའི་རིམས་ནད་བྱུང་ཡོད། རིམས་ནད་ཕྱི་ལ་ཁྱབ་པའི་ཉེན་ཁའང་ཤིན་ཏུ་ཆེ། ཐེ་བོ་གྲོང་རྡལ་ནི་སི་ཁྲོན་དུ་འོང་སའི་འགག་ལམ་གལ་ཆེན་ཞིག་ཡིན་པས། རིམས་འགོག་ཚོད་འཛིན་གྱི་ལས་འགན་ཤིན་ཏུ་ལྕི། 


    སི་ཁྲོན་དུ་འོང་སའི་འགག་ལམ་བརྟན་པོར་སྲུང་ཆེད། རིམས་འགོག་ཚོད་འཛིན་གྱི་འགག་སྒོའི་ལས་སྒྲུབ་མི་སྣ་རྣམས་ཀྱིས་བསམ་པ་གཅིག་མཐུན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། རང་བབས་འགན་འཁྲི་ཕྲག་ཏུ་ཁུར་ནས། རིམས་ནད་འགོག་ཚིགས་ཀྱི་དུས་ཚོད་24རིང་གི་ལས་རེས་ལས་སྲུང་གི་ལམ་ལུགས་ནན་ཏན་གྱིས་ལག་ལེན་བྱས། ད་ལོ་ནས་བཟུང་། ཁྱོན་རླངས་འཁོར་41622་དང་མི་གྲངས་78198ལ་ཞིབ་བཤེར་བྱས་ཤིང་། དུག་སེལ་རྒྱ་ཁྱོན་སྨི་གྲུ་བཞི་མ་13200ཟིན། སི་ཁྲོན་དུ་ཐོན་མ་ཐག་ཞིབ་བཤེར་བྱས་པའི་མི་གྲངས་6750དང་ཉིང་སྐྱུར་མ་དཔེའི་མི་གྲངས་24112ཡོད།  


    དེ་དང་སྦྲགས་ཐེ་བོ་གྲོང་རྡལ་གྱིས་ཁྱིམ་མཚེས་བར་ལ། ལེགས་ཆ་གསབ་རེས་ཞེས་པའི་རྩ་དོན་ལྟར། ཕན་ནུས་ཆེ་བའི་མཉམ་ལས་ཀྱི་ལམ་སྲོལ་ཆ་ཚང་ཞིག་བཟོས་ཏེ། ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་སྟེང་ཁ་གྲོང་རྡལ་དང་མཉམ་དུ་ཁྲོན་ཀན་ས་མཚམས་བར་གྱི་རིམས་འགོག་འགག་ལམ་གྱི་གནས་སྐབས་མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་ཏེ། རིམས་འགོག་ཚོད་འཛིན་གྱི་འགོ་ཁྲིད་རྩ་འཛུགས་ལ་ཤུགས་བསྣན་ཞིང་། ཐོན་ཁུངས་མཉམ་དུ་ལོངས་སུ་སྤྱོད་པ་དང་གནད་དུ་འཁེལ་བར་ཉིང་སྐྱུར་བརྟག་དཔྱད་བྱེད་པ། མཉམ་དུ་རིམས་འགོག་ཚོད་འཛིན་བཅས་ཀྱི་ཐད་མཉམ་ལས་ཀྱི་སྟོབས་ཤུགས་ཤིག་གྲུབ་ཡོད། 


    རྒྱུས་ལོན་པ་ལྟར་ན། ཐེ་བོ་གྲོང་རྡལ་ནི་ཐེ་བོ་རྫོང་གི་མི་རྣམས་གཙོད་དང་ལན་ཀྲུའུ་རུ་འགྲོ་ན་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཞིག་ཡིན། ཀན་སུའུ་ཞིང་ཆེན་གྱི་ས་མཚམས་བརྒལ་བའི་རླངས་འཁོར་འགྲོ་འོང་ལ་དམིགས་ནས། འགག་སྒོ་ཡིས“113”ཞེས་པའི་ལས་སྒྲུབ་ཐབས་ལམ་ལག་ཏུ་བསྟར་ནས། འགྲོ་སའི་ས་ཆ་འདྲི་བ་དང་གནས་ཡུལ་བཤེར་རྟགས་བཤེར་བ། འགྲུལ་བཞུད་བཤེར་རྟགས་དང་བདེ་ཐང་བཤེར་རྟགས། དུས་ཚོད་48རིང་གི་ཉིང་སྐྱུར་སྙན་ཞུ་བཅས་ལ་ལྟ་བཤེར་བྱེད་པ། རིམས་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་དང་འཚམས་རྗེས་ས་མཚམས་བརྒལ་བའི་དམ་བཅའ་ཡི་གེར་མིང་མཆན་བཀོད་ན་ད་གཟོད་འགྲོ་ཆོག ད་བར་དུ་ས་མཚམས་བརྒལ་བའི་དམ་བཅའ་ཡི་གེ་21700ལྷག་ལ་མིང་མཆན་བཀོད་ཡོད་པས། ཀན་སུའུ་ཞིང་ཆེན་གྱི་མང་ཚོགས་འགྲོ་འོང་ལ་སྟབས་བདེ་བཟོས་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1