རྩོམ་སྒྲིག་པའི་གཏམ།
“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཞེས་པ་ནི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤིི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གལ་ཆེའི་དོན་སྙིང་གསལ་བཤད་གཏིང་ཟབ་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཝུན་ཅང་ཆུས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བ་སྤྱི་འདོམས་སུ་རྒྱུན་འཁྱོངས་བྱས་ཏེ། གནད་སྨིན་དབུལ་སྐྱོར་དང་དམངས་འཚོ་ལེགས་བཅོས། ཐོན་ལས་གསོ་སྤེལ་གཙོ་གནད་དུ་བཟུང་ནས།“ཁྲག་འདྲེན་རྣམ་པའི”རོགས་སྐྱོར་དང“ཁྲག་སྐྲུན་རྣམ་པའི”རོགས་སྐྱོར་ཟུང་དུ་སྦྲེལ་ནས་གསེར་རྟ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཐེངས་འདིའི་ལེ་ཚན་དུ“མཐོ་སྒང་ལ་གཅེས་སེམས་ཕུལ”ཞེས་པའི་བརྗོད་དོན་གཙོ་བོར་བྱས་ཏེ། ཁྲེན་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་ལ་ལོ་བཅུའི་རིང་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་ཕྱོགས་བསྡོམས་དང་དབུལ་སྐྱོར་གཏམ་རྒྱུད་བརྗོད་ཡོད།
གསེར་རྟ་ཝུན་ཅང་སེམས་པ་གཅིག་ཏུ་སྦྲེལ།ལོ་བཅུའི་རོགས་སྐྱོར་འབྲས་བུ་གཡུར་ཟ་སྨིན།
དེ་ཡང་2012ལོར་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། ཝུན་ཅང་ཆུས་ཨུ་དང་ཆུས་སྲིད་གཞུང་གིས“ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་གྱིས་མཛུབ་སྟོན་དང་། གསེར་རྟ་ལ་མཁོ་བ། ཝུན་ཅང་གིས་སྒྲུབ་ཐུབ་པ”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། ཆུས་ཀྱིས་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ཆུས་ཨུ་དང་ཆུས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དུས་བཀག་བཞིན་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ནས། ལོ་ལྟར་རུ་ཁག་གི་སྣེ་ཁྲིད་དེ་གསེར་རྟ་རྫོང་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་དང་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ། ལས་དོན་ལ་སྐུལ་སྤེལ་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཤིང་། རེས་སྐོར་6གི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་162བདམས་ཏེ་ཁ་གཏད་རོགས་སྐྱོར་ལས་ཀ་ལེགས་སྒྲུབ་བྱས་པ་དང་། བསྡོམས་རྩིས་ལྟར་ན་སྲིད་གཞུང་གི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་2.2ལྷག་བཏང་བར་མ་ཟད། རེས་སྐོར་གཉིས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་ལེགས་སྒྲུབ་བྱས་ནས་གསེར་རྟའི་མི་དམངས་ཀྱི་དབུལ་གྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལོ་ངོ་སྟོང་གི་ཕུགས་འདུན་མངོན་འགྱུར་ཡོང་བར་རམ་འདེགས་བྱས་ཡོད།
2012ལོ་ནས་ད་བར་ཝུན་ཅང་ཆུས་ཀྱིས་བསྡོམས་པས་སྲིད་གཞུང་གི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཁྲི་21788བཏང་ནས་གསེར་རྟ་རྫོང་ལ་རྣམ་གྲངས་35རོགས་སྐྲུན་བྱས་པ་དེའི་ནང་དམངས་འཚོའི་རྣམ་གྲངས་7དང་། ཐོན་ལས་རྣམ་གྲངས་7 བདེ་སྡོད་རྣམ་གྲངས་5 སྐྱེ་ཁམས་རྣམ་གྲངས་1 རྣམ་གྲངས་གཞན་པ་15བཅས་ཡོད་པ་དང་། གསེར་རྟ་རྫོང་ཆ་ཚང་སློབ་ཆུང་གཉིས་པ། སྦོ་མདའ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་། གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས། ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ལྟེ་གནས། ཁམས་བདེ་སྤྱི་ཁུལ་དབུལ་སྐྱོར་གནས་སྤོ་དང་ལྗང་འགྱུར་སོགས་རོགས་འཛུགས་རྣམ་གྲངས་གལ་ཆེན་17སྔ་རྗེས་སུ་ལེགས་གྲུབ་བྱུང་བ་དང་། ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་དང་གྲོང་གསེབ་དར་རྒྱས་སྔོན་སྐྱོད་དཔེ་སྟོན་གྲོང་ཚོ་སོགས་ཀྱི་རྣམ་གྲངས་5འཛུགས་སྐྲུན་བྱེད་བཞིན་པ་རེད།
ལོ་ངོ་བཅུའི་ཁ་གཏད་རོགས་སྐྱོར་བྱས་པ་བརྒྱུད། 2020ལོར་གསེར་རྟ་རྫོང་ཡོངས་ཀྱི་གྲོང་ཚོ་དབུལ་པོ་89ཚང་མ་དབུལ་གྲོལ་བྱུང་བ་དང་། དུད་ཚང་3785ཡི་དབུལ་པོ་མི་འབོར་16757ཚང་མ་དབུལ་གྲོལ་བྱུང་བ། དབུལ་པོར་འགྱུར་ཚད་32.5%ནས་0མར་ཆག་པ། “རྫོང་ཡོངས་ཀྱི་དབུལ་ཞྭ་འབུད་པའི”ལས་དོན་ལ་ཞིང་ཆེན་རིམ་པའི་དཔྱད་ཞིབ་དང་ཕྱོགས་གསུམ་པའི་དཔྱད་དཔོག་བདེ་བླག་གྲུབ་ཏེ། 2020ལོའི་ཟླ་2པའི་ཚེས་18ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གསེར་རྟ་རྫོང་དབུལ་ཕོངས་རྫོང་ནས་ཕྱིར་འཐེན་བྱ་རྒྱུར་ཆོག་མཆན་གནང་།
2010ལོའི་ཟླ་6པ་ནས་2012ལོའི་ཟླ་7པའི་བར། ཝུན་ཅང་ཆུས་ཀྱི་ཁག་དང་པོའི་རོགས་སྐྱོར་ལས་བྱེད་པ་7གྱིས་སི་ཁྲོན་ཞིང་ཨུའི“ཁག་དང་པོའི་ལས་བྱེད་ཤེས་ལྡན་མི་སྣ་སྟོང་གིས་བོད་འབྲེལ་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད”ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ་གསེར་རྫོང་དུ་བསྐྱོད་ནས། ཝུན་ཅང་དང་གསེར་རྟ་ས་ཆ་གཉིས་ཀྱི་རོགས་སྐྱོར་ལས་ཀའི་འགོ་བཙུགས།
2012ལོའི་ཟླ་7པ་ནས་2014ལོའི་ཟླ་7པའི་བར། ཝུན་ཅང་ཆུས་ཀྱི་ཁག་གཉིས་པའི་རོགས་སྐྱོར་ལས་བྱེད་པ་20གསེར་རྟ་རུ་བསྐྱོད་དེ་ཁ་གཏད་རོགས་སྐྱོར་གྱི་རྒྱང་སྐྱོད་ལམ་བུར་དངོས་སུ་ཞུགས་པ་དང་། 《ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་ལྔའི་ལག་བསྟར་འཆར་འགོད(2012ལོ་ནས་2016ལོ་བར)》གཏན་འབེབས་བྱེད་པར་ཞུགས་ཤིང་། རྫོང་ཆ་ཚང་སློབ་ཆུང་གཉིས་པ་དང་། སྦོ་མདའ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་། གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་བཅས་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས།
2014ལོའི་ཟླ་8པ་ནས་2016ལོའི་ཟླ་8པའི་བར། ཝུན་ཅང་ཆུས་ཀྱི་ཁག་གསུམ་པའི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་21གསེར་རྟ་རུ་བསྐྱོད་ནས། གསེར་རྟ་རྫོང་ཡར་ལུང་ཡུལ་ཤོག་ཏུ་གྲོང་ཚོ་རིམ་པའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་། ས་གནས་གཉིས་ཀྱི་ཤང་གྲོང་གི“གཅིག་གཏད་གཅིག”གི་ཆ་སྒྲིག་མཉམ་སྐྲུན་ལས་དོན། དེ་མིན“དགེ་རྒན་གྲགས་ཅན་གྱི་འཆད་ཁྲིད་ཚོགས་པའི”སློབ་ཁྲིད་སྐྱེལ་བའི་བྱེད་སྒོ་ལག་བསྟར་བྱས།
2016ལོའི་ཟླ་9པ་ནས་2018ལོའི་ཟླ་9པའི་བར། ཝུན་ཅང་ཆུས་ཀྱི་ཁག་བཞི་པའི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་28གསེར་རྟ་རུ་བསྐྱོད་པ་དང་། 《ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད(2017ལོ་ནས་2021ལོའི་བར)》གཏན་འབེབས་བྱེད་པར་ནང་ཞུགས་བྱས་ཤིང་། དབུལ་ཕོངས་མང་ཚོགས་ཀྱི་སྡོད་ཁང་གི་དཀའ་ངལ་སེལ་བ་དང་། གྲོང་གསེབ་ཡུལ་སྐོར་མགྲོན་ཁང་དང་ཡུལ་གཞན་དུ་གནས་སྤོ་བཀོད་སྒྲིག་དཔེ་སྟོན་ས་ཚིགས། དེ་མིན“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་རམ་བྱེད་པའི”བྱ་སྤྱོད་ལས་ཞོག་ཁོག་སྨུག་པོའི་དཔེ་སྟོན་འདེབས་འཛུགས་གླིང་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས།
2018ལོའི་ཟླ་10པ་ནས་2021ལོའི་ཟླ་4པའི་བར། ཝུན་ཅང་ཆུས་ཀྱི་ཁག་ལྔ་པའི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་61སྟེ། དེའི་ནང་ཁ་གཏད་རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་28དང་། འགན་བཏགས་བྱས་པའི་དབུལ་ཕོངས་ཤང་གྲོང་གི་ཧྲུའུ་ཅི་གཞོན་པ་8དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་25གསེར་རྟ་རུ་བསྐྱོད་ནས། གེ་སར་རིག་གནས་གླིང་ཁུལ་གྱི་ཚོང་དོན་དབུལ་སྐྱོར་ཕྱོགས་བསྡུས་གཙོ་གཟུགས་ཏེ་ཤང་གྲོང་སྤུས་དག་ཨར་ཁང(གསེར་རྟའི་གནམ་མཐའི་གསོལ་མགྲོན་ཁང)དང་། ཤེལ་གྲུབ་ཡུལ་ཤོག་གི་སྔོ་ཚལ་རྟེན་གཞི། གསེར་རྟ་རྫོང་གི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་ལྟེ་གནས་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས།
2021ལོའི་ཟླ་5པ་ནས་ད་བར། ཝུན་ཅང་ཆུས་ཀྱི་ཁག་དྲུག་པའི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་25གསེར་རྟ་རུ་བསྐྱོད་དེ། 《ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད(2021ལོ་ནས་2025ལོ་བར)》གཏན་འབེབས་བྱེད་པར་ནང་ཞུགས་བྱས་ནས། གསེར་རྟ་རྫོང་གི་སྨན་རྫས་སྙིགས་རོ་ཐག་གཅོད་ལྟེ་གནས་དང་། གསེར་རྟ་རྫོང་གྲོང་གསེབ་དར་རྒྱས་སྔོན་སྐྱོད་དཔེ་སྟོན་གྲོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དང་། དེ་མིན“ལྟེ་གནས་གཅིག་དང་ལས་སྟེགས་གཉིས”ཀྱི་ངལ་ནུས་ཕྱིར་གཏོང་བྱེད་སྟངས་གསར་པ་བཏོད་ནས་མི་1183ལ་ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་ཏེ་དུད་ཚང་386དབུལ་གྲོལ་ཐུབ་པ་རེད།
ལོ་བཅུའི་རིང་། གསེར་རྟ་རྫོང་གི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.29ནས་སྒོར་དུང་ཕྱུར་16.59བར་འཕར་བ་དེ་བསྡུར་གཞི་ཡོད་པའི་འཕར་ཚད་ལས་287%འཕར་བ་དང་། ལོ་རེར་ཆ་སྙོམས་འཕར་ཚད་7.8%ཟིན་པ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དེ་སྒོར་ཁྲི་2000ནས་སྒོར་ཁྲི་5900བར་བསྣན་པས་195%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་4.41ནས་སྒོར་དུང་ཕྱུར་11.79བར་འཕར་ནས་167%འཕར་ཡོད། བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི་790ནས་སྒོར་ཁྲི་1700བར་འཕར་ནས་115%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་ཚོང་རྫས་སིལ་འཚོང་བྱེད་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་1.06ནས་སྒོར་དུང་ཕྱུར་3.55བར་འཕར་ནས་235%འཕར་ཡོད། ཝུན་ཅང་ཆུས་ཀྱིས་སེམས་ཤུགས་ཆེན་མོའི་ངང་རོགས་སྐྱོར་བྱས་པ་བརྒྱུད། གསེར་རྟ་རྫོང་གི་དམངས་འཚོ་ལེགས་བཅོས་ཡོང་འཕར་མངོན་འགྱུར་བྱུང་ཡོད་དེ། ལོ་གཉིས(2016ལོ་ནས་2018ལོའི་བར)རིང་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཁྲི་5211བཏང་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ། དཀར་མཛེས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཆ་རྐྱེན་ལེགས་ཤོས། རྨང་གཞིའི་སྒྲིག་བཀོད་ལྷུ་ལག་ཚང་ཤོས་བཅས་ཀྱི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་སྟེ། ཁམས་བདེ་སྤྱི་ཁུལ་སྐྲུན་པ་དང་། 2020ལོར་སླར་ཡང་རོགས་སྐྱོར་མ་དངུལ་སྒོར་ཁྲི་320བཏང་ནས་ཁམས་བདེ་སྤྱི་ཁུལ་གྱི་ལྗང་འགྱུར་ཆུ་ཚད་མཐོ་རུ་བཏང་བར་མ་ཟད། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཛའ་བརྩེའི་ནགས་ཚལ”བསྐྲུན་ནས་སྤྱི་ཁུལ་མཛེས་ལྗོངས་ཁུལ་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། ལོ་གསུམ(2016ལོ་ནས་2019ལོའི་བར)ནང་རོགས་སྐྱོར་མ་དངུལ་སྒོར་ཁྲི་1360བཏང་ནས་གསེར་རྟ་རྫོང་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ལྟེ་གནས་བསྐྲུན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་3102ཟིན་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་ཉོ་ཚོང་ལས་སྟེགས་བཏོད་དེ་ཞིང་ཕྱུགས་ཐོན་རྫས་ཐག་ཉེ་སར“གཅིག་འཐུས་རྣམ་པའི”བྲིན་ཚོང་ཐུབ་པ་མངོན་འགྱུར་བྱུང་བར་མ་ཟད། རྣམ་གྲངས་དེ་ཉིད་ཀྱི་ཚོང་འགུགས་ལས་གྲོང་ཚོ་དབུལ་པོ་8དང་མི་འབོར་དབུལ་པོ་1272ལ(ད་ཆ་ཚང་མ་དབུལ་གྲོལ་བྱས་པ)ལ་ཕན་པ་ཐོབ་ཡོད། གཞན་ཡང་རོགས་སྐྱོར་མ་དངུལ་སྒོར་ཁྲི་160བཏང་ནས་ཤེལ་གྲུབ་ཡུལ་ཤོག་གི་སྔོ་ཚལ་རྟེན་གཞི་བསྐྲུན་ཞིང་། རྣམ་གྲངས་ཀྱི་རྒྱ་ཁྱོན་མུའུ་250ཟིན་པ་དང་རྣམ་གྲངས་ཐོན་སྐྱེད་གཉེར་སྐྱོང་ཡོང་འབབ་གསེར་བ་ཆུས་ཀྱི་ཡུལ་ཤོག་དང་གྲོང་རྡལ་5ཡི་གྲོང་ཚོ་32ཀྱི་དུད་ཚང་2284ཡི་མི་གྲངས་9332ལ་བགོ་བཤའ་བརྒྱབ་ཏེ་རྒྱུན་མཐུད་འབབ་འཕར་མཁོ་འདོན་བྱས་འདུག །ཡང་ལོ་བཞི(2016ལོ་ནས་2020ལོའི་བར)ཡི་ནང་དུ་མ་དངུལ་སྒོར་ཁྲི་3302གཏོང་འཇོག་བྱས་ཏེ། “ཁོངས་བརྒལ་དབུལ་སྐྱོར། ཚོགས་སྒྲིག་ཕྱུག་འགྱུར”གྱི་བྱེད་ཐབས་སྤྱད་དེ། བོད་ཁྱིམ་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་གྲོང་གསེབ་མགྲོན་ཁང་7བསྐྲུན་པ་དང་འབྲེལ་གྲོང་ཚོ་དབུལ་པོའི་མཉམ་སྡེབ་དཔལ་འབྱོར་མགྲོན་ཁང་སྟེ་གསེར་རྟ་གནམ་མཐའི་གསོལ་མགྲོན་ཁང་ལ་མ་རྐང་བཞག་ནས་འཛུགས་སྐྲུན་བྱས་ཏེ། ཤང་གྲོང་15ཡི་དུད་ཚང་དབུལ་པོ་3000ལྷག་ཙམ་གྱི་ཡིག་ཚགས་དང་ཁཱ་བཟོས་པའི་མི་1156(ད་ཆ་ཚང་མ་དབུལ་སྒྲོལ་ཟིན་པ)ལ་རྒྱུན་མཐུད་འབབ་འཕར་བྱུང་ཡོད། དུས་མཚུངས་སུ། ཝུན་ཅང་ཆུས་ཀྱིས་ཁྱད་ལྡན་ཐོན་ལས་རོགས་སྐྱོར་བྱས་ནས་གསེར་རྟ་རྫོང་གི་རང་རྐྱ་འཕེར་བའི་འཕེལ་རྒྱས་སྐུལ་ཤུགས་ཇེ་ཆེར་བཏང་བ་དང་།
ལོ་གསུམ(2012ལོ་ནས་2015ལོའི་བར)ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་900བཏང་ནས་གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་དེ་རིམ་སྤོར་བྱས་ནས་བཏོད་པ་དང་། དེར་མཐུད་2017ལོར་རྒྱལ་ཁབ་ཀྱི་AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདེ་བླག་ངང་བཏོད་ནས་གསེར་རྟ་རྫོང་གི་གེ་སར་རིག་གནས་ཀྱི་འགྲེམས་སྟོན་སྐར་ཁུང་དང་ཡུལ་སྐོར་གྲགས་ཡུལ་དུ་གང་ལེགས་ངང་འདོན་སྤེལ་བྱས་ཡོད། 2021ལོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་600བཏང་ནས་གནུབས་ཟུར་གྲོང་རྡལ་དང་ཁེས་སྐོར་ཡུལ་ཤོག་གི་ཞན་འགྱུར་རྩྭ་ས་མུའུ་1800མི་ཐབས་ལ་བརྟེན་ནས་རྩྭ་འདེབས་བྱས་ཏེ། སྔོ་ཁེབས་སླར་གསོ་དང་། སྐྱེ་ཁམས་སླར་གསོ། དགུན་དུས་ནོར་གནག་ལ་གཟན་རྩྭ་མཁོ་སྤྲོད་ཀྱི་འབྲེལ་ཐག་ཁ་གསབ་བཅས་བྱས་ནས་སྐྱེ་ཁམས་དང་ཐོན་ལས་གཉིས་ཕན་མངོན་འགྱུར་བྱུང་བ་རེད།
ལོ་བཅུའི་རིང་། ཝུན་ཅང་འཕྲོད་བསྟེན་མ་ལག་གིས་བསྡོམས་པས་མ་དངུལ་སྒོར་ཁྲི་1509བཏང་བ་དང་། བསྡོམས་པས་སྨན་བཅོས་རུ་ཁག་ཁག་10དང་ཁྱོན་སྨན་བཅོས་མི་སྣ་200ལྷག་ཙམ་མངགས་གཏོང་བྱས་ཏེ(དེའི་ནང“བརྒྱུད་རོགས་ཁྲིད་གསུམ་རྣམ་གྲངས”ཀྱི་མི་96ཚུད་པ)གསེར་རྟ་རུ་སྨན་བཅོས་རོགས་སྐྱོར་བྱེད་པར་ཕྱིན་པས། ས་གནས་གཉིས་པོའི་འཕྲོད་བསྟེན་བདེ་ཐང་མ་ལག་གི“ས་ཁོངས་ཀྱི་རོགས་སྒྲིག”མངོན་འགྱུར་བྱུང་བ་དང་། གསེར་རྟ་རུ་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་35ནང་འདྲེན་དང་། དགེ་རྒན་གྱིས་སློབ་མ་118ཁྲིད་པ། གསེར་རྟའི་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་ལ་རིམ་པ་གཉིས་པའི་ཀ་རིམ་པ་གཏོད་པ་དང་། མ་བུ་བདེ་སྲུང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་གཉིས་ལ་རིམ་པ་གཉིས་པའི་ཁ་རིམ་པ་གཏོད་རྒྱུར་རོགས་རམ་བྱས་པ། སྦོ་མདའ་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་ཁང་དང་གནུབས་ཟུར་གྲོང་རྡལ་འཕྲོད་བསྟན་ཁང་ལ་རིམ་པ་དང་པོའི་ཚད་ལྡན་ཅན་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ། གསེར་རྟ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་རིམ་པ་གཉིས་པའི་ཀ་རིམ་པ་སོགས་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་རྨང་གཞིའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། དེའི་ཁྲོད་དུ་སྦོ་མདའ་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་ཁང་ལ་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཁྲི་864བཏང་ནས་ལོ་གཉིས་ནང་ལེགས་གྲུབ་བྱུང་ཞིང་། ལས་གྲྭའི་གཙོ་གཟུགས་ལ་སྨི་གྲུ་བཞི་མ་3395.88ཡོད་དེ་སྒོ་བསྟེན་སྨན་ཁང་དང་། ནད་སྡོད་ཁང། འཚོ་བའི་ཁང་པ་བཅས་དང་དེ་བཞིན་སྒོ་རའི་ནང་གི་ལྗང་འགྱུར་ཨར་འདམ་སོགས་ཞོར་གཏོགས་སྒྲིག་ཆས་ཚུད་ཡོད་པ་དང་། གསེར་བ་ཆུས་ཀྱི་ཤང་གྲོང་5ཡི་མང་ཚོགས་རྣམས་ཐག་ཉེ་སར་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་པས། གསེར་རྟ་རྫོང་མི་དམངས་སྨན་ཁང་དེ་ནད་བརྟག་སྨན་བཅོས་ས་ཁོངས་ཀྱི་ལྟེ་གནས་དང་། ཤང་གྲོང་གི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་སུ་ཁྱབ་པའི་སྨན་བཅོས་དྲ་བ་ཆགས་ཡོད་པས། སྐྱེས་མ་ཐག་པའི་ཕྲུ་གུའི་ཤི་ཚད་དེ་2014ལོའི་5.44‰ནས་2020ལོའི་4.0‰མར་ཆག་པ་དང་། སྦྲུམ་མ་ཤི་ཚད་དེ་2014ལོའི་ཁྲི་4.94/‰ནས་2020ལོའི་གཅིག་ཀྱང་མ་ཤི་བ་མངོན་འགྱུར་བྱུང་སྟེ། སྨན་བཅོས་སྤུས་ཚད་ཅུང་མཐོ་རུ་ཕྱིན་ཞིང་། རྒྱུན་མཐོང་ནད་དང་བྱུང་མང་བའི་ནད་རིགས་སྨན་བཅོས་བྱ་རྒྱུ་དེ་རིམ་གྱིས་ཚད་ལྡན་དུ་གྱུར་བ་དང་། ནད་གཞི་ལྕི་མོའི་ཐག་གཅོད་ཆུ་ཚད་མཐོ་རུ་ཕྱིན་ཡོད།
ལོ་བཅུའི་རིང་། ཝུན་ཅང་སློབ་གསོའི་མ་ལག་གིས་རྐང་འཛིན་དགེ་རྒན་138དེ་ཁག་དྲུག་གསེར་རྟ་རུ་མངག་གཏོང་བྱས་ཏེ། “སྒྲོན་འོད་གསོ་སྦྱོང་འཆར་གཞི”དང“གླག་ཕྲུག་གསོ་སྐྱོང་ལས་གཞི”“སློབ་གྲྭའི་ཁོངས་ཡོངས་ཀྱི་ཆ་སྒྲིག་ལས་གཞི”བཅས་བྱ་སྤྱོད་ཆེན་པོ་གསུམ་ལག་བསྟར་བྱས་པ་དང་།“མིང་གྲགས་དགེ་རྒན་གྱི་འཆད་ཁྲིད་ཚོགས་པའི”བྱེད་སྒོ་ཐེངས་15སྤེལ་ནས་གསེར་རྟའི་དགེ་རྒན་300ལྷག་ཙམ་ཝུན་ཅང་དུ་རེས་སྐོར་གསོ་སྦྱོང་བྱེད་པར་བསྡུ་ལེན་བྱས་པ། “ཝུན་ཅང་དང་གསེར་རྟའི་རྒྱང་ཁྲིད་སློབ་གསོའི་ཆ་འཕྲིན་མཉམ་འགུལ་ལས་སྟེགས”བཙུགས་ནས་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱུང་བ། གསེར་རྟའི་སྐར་དམར་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ཐོག་མ་བཙུགས་ཏེ། གསེར་རྟ་རྫོང་གི་སློབ་ཞུགས་སྔོན་གྱི“རྫོང་དང་། ཡུལ་ཤོག །གྲོང་ཚོའི”རིམ་པ་གསུམ་གྱི་སློབ་གསོའི་ཞིབ་འཇུག་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་རྒྱུར་སྐུལ་མ་བཏང་། ལོ་བཅུའི་རིང་འབད་བརྩོན་བྱས་པ་བརྒྱུད། གསེར་རྟ་རྫོང་གི་སློབ་གྲྭར་སྐྱོད་པའི་སློབ་མ་2012ལོའི་མི་གྲངས་5485ནས་ད་བར་མི་ཁྲི་1.2ལས་བརྒལ་བ་དང་119%འཕར་བ། སློབ་གྲྭར་ཞུགས་ཚད་50%མི་འདང་བ་ནས་98%ཡན་ཟིན་ཡོད། ལྷག་པར་དུ་མ་དངུལ་སྒོར་ཁྲི་6000བཏང་ནས་བཙུགས་པའི་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་37860ཟིན་པ་དང་། ལྷུ་ལག་ཆ་ཚང་བའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་། སློབ་མའི་ཟ་ཁང་། སློབ་མའི་ཉལ་ཁང་། ཚད་ལྡན་གྱི་ལུས་རྩལ་ཁང་། དེ་མིན་དགེ་རྒན་གྱི་ལས་ཤག་སོགས་སུ་འཛིན་གྲྭ་30ཡི་སློབ་མ་1350བསྡུ་ལེན་བྱེད་ཐུབ། 2019ལོར་ཆ་ཚང་སློབ་ཆུང་གཉིས་པར“ཀྲུང་གོ་བཟོ་ཞིང་དམར་དམག་གི་གསེར་རྟའི་དམར་དམག་སློབ་ཆུང”ཞེས་པར་མིང་བསྒྱུར་བ་དང་སྔ་རྗེས་སུ“སི་ཁྲོན་ཞིང་ཆེན་གྱི་ན་ཆུང་བྱིས་པའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པ”དང་། “སློབ་གྲྭའི་ཁྲིམས་ལུགས་འཛུགས་སྐྱོང་གི་སྔོན་ཐོན་ཚན་པར”བདམས་པར་མ་ཟད། 2021ལོར་གསེར་རྟ་རྫོང“རྒྱལ་ཁབ་བདེ་འཇགས་སློབ་གསོའི་དཔེ་སྟོན་རྟེན་གཞིར”བདམས། མིག་སྔར་གསེར་རྟའི་སློབ་གྲྭ་འབྲིང་ཆུང་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་ཁྲིད་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། 2019ལོར་གསེར་རྟ་རྫོང་ལ“དཀར་མཛེས་ཁུལ་གྱི་སློབ་ཁྲིད་སྤུས་ཚད་ཀྱི་རིག་ཚན་རྐྱང་པའི་མཉམ་སྡེབ་བྱ་དགའ་ཨང་དང་པོ”ཐོབ་པ། 2021ལོར་སྐད་ཡིག་སློབ་ཁྲིད་རྩལ་ནུས་འགྲན་བསྡུར་ཆེན་མོར་གསེར་རྟ་ཡིས་དཀར་མཛེས་ཁུལ་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་ཡོད་དོ། །
གསེར་རྟ་ཝུན་ཅང་སེམས་པ་གཅིག་ཏུ་སྦྲེལ།རོགས་སྐྱོར་ཞབས་རྗེས་ས་མཐོའི་ཡུལ་དུ་བཞག
ཀྲུང་ཏི་ཁུའེ་ཡིས་སློབ་མར་རོགས་སྐྱོར་བྱས་པ།
ཁ་བའི་འདབ་མ་མཐོ་སྒང་དུ་ལྷུང་དུས། ལྷིང་འཇགས་སུ་གནས་ན། ད་གཟོད་ཁྱོས་ཁ་བའི་དབྱངས་རྟ་ཐོས་ཐུབ། རྒྱང་རིང་དུ་དཀར་པོའི་གོས་ཀྱིས་བཀླུབས་པའི་ལྷུན་པོ་གྲལ་ལྟར་བསྒྲིགས་ཤིང་། ཞིབ་ཏུ་བལྟས་པ་ན་རི་བོའི་ཁྲོད་དུ་ནོར་གནག་འགུལ་བཞིན་ཡོད་པ་མཐོང་། གཞུང་ལམ་དུ་དར་འཁྱགས་བརྩེགས་ཤིང་། ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཤིན་ཏུ་དཀོན། ཁ་བ་རླུང་བུ་དང་འགྲོགས་ནས་ངོ་གདོང་དུ་བབས་ཤིང་གྲང་ངར་ཆེ། འཕྲུལ་རྟའི་མེ་སྦར་མི་ཐུབ་ལ། རླངས་འཁོར་ནི་དེ་བས་མདུན་དུ་སྐྱོད་ཐབས་བྲལ། བོད་རིགས་སྤུན་ཟླས་བློ་སེམས་རྣམ་པར་དག་པས་ཁྱེད་སླེབས་ཡོད་དམ། ང་ཚོས་ཁྱེད་ཁྱིམ་དུ་སྒུག་བསྡད་ཡོད་ཅེས་བརྗོད། རྐང་ཐང་དུ་རི་འགོར་འཛེགས། ཀྱག་ཀྱོག་གི་རི་ལམ་དུ་ཁ་བའི་རྡུལ་ཕྲན་མཐུག་པོ་ཆགས། ཆུང་དུས་གངས་ལོག་རྒྱག་པའི་སྤྲོ་བ་མེད་ཀྱང་། འབྲོག་པའི་ཁྱིམ་དུ་སྐྱོད་པའི་བརྩེ་སེམས་ཀྱིས་ཁེངས། ཐབ་ཀར་བསྐོར་ནས་དྲོད་ཁོལ་ལྡན་པའི་ཇ་བསྲུས་མ་ཕོར་གང་འཐུང་། དབུལ་གྲོལ་འབྱོར་འབྲིང་བཤད། ཕྱུག་འགྱུར་ལམ་བུ་གླེང་།
རོགས་སྐྱོར་གྱི་རྐང་རྗེས་གངས་ལྗོངས་མཐོ་སྒང་དུ་བཞག་ཡོད། འདི་ནི་ཀྲུང་ཏི་ཁུའེ“གསེར་རྟར་ཐེངས་ཤིག་སྐྱོད། མཛའ་བརྩེ་གཏན་དུ་བཅངས”པའི་མི་རིགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱས་པའི་ཡིད་འོང་འཕྲོག་པའི་གཏམ་རྒྱུད་ཀྱི་གནས་ཚུལ་དངོས་རེད།
རོགས་སྐྱོར་དགེ་རྒན་གྱིས་བྱིས་པ་ལ་རི་མོ་ཁྲིད་བཞིན་པ།
ཀྲུང་ཏི་ཁུའེ། ཕོ། ལོ་46ཡིན། ཀྲུང་གུང་ཏང་ཡོན། ད་ལྟ་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཐེན་ཧྥུ་ཁྲོམ་ལམ་ཕྱིར་འཐེན་དམག་མི་ཞབས་ཞུ་ས་ཚིགས་ཀྱི་འགོ་པ་ཡིན། སྤྱི་ལོ་2018ལོའི་ཟླ་7པ་ནས་སྤྱི་ལོ་2021ལོའི་ཟླ་5པའི་བར། ཁོང་ཝུན་ཅང་ཆུས་ཁ་གཏད་རོགས་སྐྱོར་ལས་བྱེད་པ་ཁག་ལྔ་པའི་གྲས་སུ་གཏོགས་པའི་ངོས་ནས། གསེར་རྟ་རྫོང་རྒྱ་ཤོད་གྲོང་རྡལ་བརྒྱད་ཁག་གྲོང་པའི་ཧྲུའུ་ཅི་དང་པོ་དང་། ཝུན་ཅང་ཆུས་གསེར་རྟ་རྫོང་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ལས་དོན་རུ་ཁག་གི་གནས་སྐབས་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར། སྔར་གསེར་རྟ་རྫོང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཕུལ་བྱུང་ལས་བྱེད་པ་དང་། གསེར་རྟ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྣ། ཁྲེང་ཏུའུ་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་ཡར་ཐོན་མི་སྣ། སི་ཁྲོན་ཞིང་ཆེན་དབུལ་གྲོལ་འགག་སྒྲོལ“གཅིག་ཅན་ལྔ”ཡི་ཕུལ་བྱུང་ཧྲུའུ་ཅི་དང་པོ་སོགས་སུ་བདམས་པ་རེད།
དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་ཁ་གཏད་རོགས་སྐྱོར་ཀྱི་ལས་དོན་སྒྲུབ་སྐབས། ཁོས་ཕྱོགས་གང་མང་ལ་འབྲེལ་བ་བྱས་ནས་སྒོར་ཁྲི་22.02བསྡུ་རུབ་ཐུབ་པ་དང་། དེ་ནས་རང་གི་སྒོར་ཁུག་ནས་སྒོར་ཁྲི་3བཏོན་ནས། ས་གནས་དེ་གའི་ཏང་ཡོན་དང་མང་ཚོགས་རྣམས་སྣེ་ཁྲིད་དེ་འོས་འགན་ལས་སྒྲུབ་ཀྱིས་སྨི་གྲུ་བཞི་མ་900ཡོད་པའི་རིག་གནས་ཐང་ཆེན་བསྐྲུན་པ་དང་། གསེར་རྟ་རྫོང་ཡོངས་སུ་གྲོང་སྡེ་རིམ་པའི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཚད་ལྡན་ཅན་ཐེངས་དང་པོ་འཛུགས་སྐྲུན་ལེགས་གྲུབ་བྱས་པར་མ་ཟད། “མི་རིགས་སེམས་མཐུན་གྱི་འདུག་སྟེགས”བསྐྲུན་པ་རེད། ཁོང་དང་ཁྲེང་ཏུའུ་པེ་ཡུས་སྨན་རྫས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་10དང“ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ཕྲག་སྐྱོབ”ཅེས་པའི་ཆ་སྒྲིག་རོགས་སྐྱོར་གྲོས་མཐུན་ཡིག་ཆ་ལ་མིང་རྟགས་བཀོད་ནས། ཐེངས་དང་པོ་གྲོང་མི་གཅིག་བདེ་ལེགས་ངང་ཁྲེང་ཏུའུ་རུ་ལས་ཞུགས་བྱེད་ཐུབ་ནས་སྔར་གཅིག་ཀྱང་མེད་པའི་རྣམ་པ་བསྒྱུར་བ་དང་། གསེར་རྟ་རྫོང་གི་མི་18ཁྲེང་ཏུའུ་ཐའེ་མེ་ཁེ་ཤེལ་གཟུགས་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་8ལ་ལས་ཞུགས་བཀོད་སྒྲིག་ལེགས་གྲུབ་བྱས། ཀྲུང་ཏི་ཁུའེ་ནམ་ཡང་ཡུལ་མི་རྣམས་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་ཆེད་དུ་བྲེལ་བཞིན་ཡོད།
སྤྱི་ལོ་2022ལོའི་ཟླ་1པོར། ཁོ་གསེར་རྟ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡུན་རིང་དུ”གསེར་རྟ་རྫོང་མི་ཤུགས་ཐོན་ཁུངས་ཀྱི་བློ་འདྲི་ས”ལ་གདན་ཞུ་བྱས་པ་དང་། ཀྲུང་ཏི་ཁུའེ་ཡིས་ཝུན་ཅང་ཐེན་ཧྥུ་ཁྲོམ་ལམ་དུ“གསེར་རྟ་རྫོང་ཝུན་ཅང་བཅའ་སྡོད་ལས་དོན་ཕྱིར་གཏོང་ལས་ཀའི་ཞབས་ཞུ་ས་ཚིགས”དང”གསེར་རྟ་རྫོང་ལས་བཟོ་པའི་ཁྱིམ”བཅས་བཙུགས་པར་ནང་ཞུགས་བྱས་ཤིང་། མི་ཐེངས་30ལ་ལས་ཞུགས་བཀོད་སྒྲིག་བྱས། དེས་མ་ཚད་སི་ཁྲོན་ཧའོ་ཚའེ་ཐུང་ཞིང་རིག་གནས་སྤྱི་གཉེར་ཁང་དང་སི་ཁྲོན་ཧྲི་ཅི་ཁྲུན་ཀྲེན་ཁེ་ལས་སྤྱི་གཉེར་ཁང་།
ཁྲུན་ཆིའུ་འཛུགས་སྐྲུན་ཚོགས་པ་སྤྱི་གཉེར་ཁང་སོགས་ཁེ་ལས་4ནང་འདྲེན་ལེགས་གྲུབ་བྱུང་། “བོད་འབྲེལ་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་པའི་འཆར་གཞི”དང“ཤེས་ལྡན་མི་སྣར་བརྩེ་སེམས་བཅངས་བའི་འཆར་གཞི”“ཁྲུན་ཆིའུ་བརྩེ་བས་ཤེས་ལྡན་མི་སྣ་སྐྱོང་བའི་འཆར་གཞི”བཅས་སྤེལ་བ་དང་། སློབ་སྡོད་སློབ་ཆེན་སློབ་མའི་ཟླ་རེའི་འཚོ་བའི་འགྲོ་གྲོན་དང་སློབ་མ་གཞན་པ་སོགས་བསྡོམས་པས་མི་ཐེངས་120ལ་རོགས་སྐྱོར་བྱས་ཡོད། མི་སྒེར་གྱིས་སློབ་མ་མི་ཐེངས་13ལ་རོགས་སྐྱོར་བྱས།(ཟླ་རེར་འབྲིང་རིམ་ཆེད་ལས་སློབ་མ་རེ་ལ་འཚོ་བའི་འགྲོ་གྲོན་སྒོར་500བྱིན)རོགས་སྐྱོར་མ་དངུལ་སྒོར་འབུམ་4ལྷག་ལ་སླེབས་ཤིང་། མིག་སྔར་ཁོང་གིས་ད་དུང་སློབ་མ་69ལ་རོགས་སྐྱོར་བྱེད་བཞིན་ཡོད། །
ཙེང་རུང་། གསེར་རྟ་ཝུན་ཅང་ཁྱིམ་ཚང་གཅིག །སྨན་བཅོས་བོད་སྐྱོར་བརྩེ་བ་ཟབ།
2016ལོའི་ཟླ་9པར་ཙེང་རུང་གིས་རང་འགུལ་ངང་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ། ཁོ་མོ་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་མ་བུ་བདེ་སྲུང་ཁང་བུད་མེད་བདེ་སྲུང་ཁུའོ་ཡི་ཀྲུའུ་རེན་དང་སྨན་རམས་པ་གཞོན་པ་ཡིན་པའི་ངོས་ནས། རང་ཉིད་ལ་འོས་འགན་དང་འགན་འཁྲི་ཡོད་པའི་ཚོར་སྣང་ཟབ་མོ་སྐྱེས་ཤིང་མ་བུ་བདེ་སྲུང་གི་ཤེས་བྱ་གང་མང་གང་ཡག་གསེར་རྟར་ཁྱེར་ནས་ས་གནས་དེ་གའི་བུད་མེད་དང་བྱིས་པ་ཚོར་ཡང་ནང་ལོགས་ས་ཆ་དང་འདྲ་བའི་སྨན་བཅོས་ཞབས་ཞུའི་ཆ་རྐྱེན་ལོངས་སུ་སྤྱོད་ཐུབ་པ་བྱས།
ཝུན་ཅང་ཆུས་ཀྱི་ཁག་བཞི་པའི་རོགས་སྐྱོར་སྨན་དོན་མི་སྣའི་གྲས་ཀྱི་གཅིག་ཡིན་པའི་ངོས་ནས། ཙེང་རུང་གིས་ས་མཐོའི་རང་བྱུང་ཆ་རྐྱེན་ངན་པའི་འོག་བློ་གཅིག་སེམས་གཅིག་གིས་འཕྲོད་བསྟེན་དབུལ་སྐྱོར་ལས་དོན་སྤེལ་ནས་ལོ་གཉིས་ལྷག་ཙམ་ནང་ཁྱོན་ནད་པ་མི་ཐེངས་2000ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་། སྦྲུམ་མ་200ལྷག་ལ་ལུགས་བཙའ་དང་། སྦྲུམ་མ་50ལྷག་ལ་གཤགས་བཅོས་བུ་བཙའི་མཛུབ་སྟོན་བྱས་པ། བརྒྱུད་རིམ་དེའི་ཁྲོད་ཀྱི་གཤགས་བཅོས་ཐེངས་ཤིག་གིས་ཁོ་མོར་དྲན་ཤེས་ཟབ་མོ་ཞིག་བཞག། 2017ལོའི་ཟླ་8པའི་ཉིན་ཞིག་གི་མཚན་མོར་སྨན་ཁང་གིས་བུ་སྣོད་དབྲལ་ནས་ཁྲག་མང་ཟག་པའི་བོད་རིགས་སྦྲུམ་མ་ཞིག་ལ་སྨན་བཅོས་བྱས་ཤིང་། སྐབས་དེ་དུས་སྦྲུམ་མའི་གནས་ཚུལ་ལ་ཉེན་ཁ་ཧ་ཅང་ཆེན་པོ་འདུག །འོན་ཀྱང་སྨན་ཁང་གི་ཁྲག་མཛོད་དུ་ཉར་བའི་ཁྲག་གིས་འདང་བཞིན་མེད་ཅིང་། ནད་པ་མྱུར་སྐྱོབ་བྱ་ཆེད། ཙེང་རུང་གིས་རང་འགུལ་ངང་ནད་པར་ཁྲག་400mlབྱིན་པར་མ་ཟད། མཚན་མོ་དེར་གཤགས་བཅོས་བྱས་ཏེ་སྦྲུམ་མའི་ཚེ་སྲོག་བསྐྱབས། དེ་བཞིན་ཁོ་མོས་ས་གནས་དེ་གའི་སྨན་བཅོས་ཆུ་ཚད་དང་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏང་ཆེད། ནད་ཁང་བརྟག་སྐབས་འགྲེལ་བཤད་ནན་ཏན་དང་། གཤགས་བཅོས་ཁྲོད་སློབ་ཁྲིད་བྱས་པ། ལག་རྩལ་སྤེལ་རེས་གསོ་སྦྱོང་དང་དཔེ་མཚོན་འཆད་ཁྲིད་བཅས་མཐའ་འཁྱོངས་བྱས་ཏེ་སྔ་རྗེས་སུ་རྫོང་རིམ་པ་དང་སྨན་ཁང་རིམ་པ། ཁུའོ་རིམ་པ་བཅས་ཀྱི་སྨན་བཅོས་ཤེས་བྱའི་འཆད་ཁྲིད་ཐེངས་100ལྷག་ཙམ་དང་མི་ཐེངས་1000ལྷག་ཙམ་ལ་གསོ་སྦྱོང་བྱས། ཁོ་མོའི་སྣེ་ཁྲིད་འོག་གསེར་རྟ་རྫོང་གི་མ་བུ་བདེ་སྲུང་སྨན་ཁང་དུ་ད་ཆ་སྨན་ཁང་དུ་སྡོད་པའི་ལས་སྒོ་དང་། སྦྲུམ་བུ་བདེ་བཙའ། སྦྲུམ་བུ་གཤགས་ལེན་སོགས་མངོན་འགྱུར་བྱུང་བར་མ་ཟད། རིམ་པ་གཉིས་པའི་ཁ་རིམ་པ་སོགས་ཀྱི་མ་བུ་བདེ་སྲུང་སྨན་ཁང་གི་དཔྱད་དཔོག་བདེ་བླག་ངང་གྲུབ་ཡོད།
གཞན་ཡང་ཁོ་མོས་ད་དུང་ཧུར་ཐག་གིས་མི་སྣ་སྒྲིག་འཛུགས་བྱས་ནས་གསེར་རྟའི་ཤང་གྲོང་ཁག་གི་སློབ་གྲྭར་ཚན་རིག་ཁྱབ་གདལ་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དང་ཤེས་བྱ་འཆད་ཁྲིད་བྱས་ནས་སློབ་མ་མི་ཐེངས་2500ལྷག་ཙམ་ལ་འོས་འགན་སྨན་བཅོས་དང་གསོ་སྦྱོང་བྱས་པ་དང་། སྤྱི་ཕན་ཞལ་འདེབས་བསྡུ་བའི་བྱེད་སྒོ་ཧུར་ཐག་གིས་སྤེལ་ནས་དགུན་ཆས་1000ལྷག་དང་། དྲོད་སྲུང་ལྷམ་200ལྷག །དྲོད་ཕོར་1000ལྷག །སློབ་སྐྱོར་རོགས་དངུལ་སྒོར་ཁྲི་གཉིས་ལྷག་བཅས་ཞལ་འདེབས་སུ་ཕུལ། ཁོ་མོས་འབྲེལ་གཏུགས་བྱས་པ་བརྒྱུད་ནས་གསེར་རྟ་རྫོང་གི་བྱིས་པ་མཆུ་ཤོ་5ལ་ཁྲེང་ཏུའུ་ནས་རིན་མེད་ངང་གཤགས་བཅོས་བྱས་སོ། །
ཧྥུའུ་ཁྲུན་ཧུའེ། ས་མཐོར་རྩ་བ་བརྟན་པོ་ཚུགས། ནུས་ཤུགས་བསྒྲིལ་ནས་ཕྱུག་འགྱུར་འབད།
དེ་ཡང་ཝུན་ཅང་ཆུས་ཡུང་ཉིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཧྥུའུ་ཁྲུན་ཧུའེ་ནི་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་དུ་ཕྱིན་པའི་རོགས་སྐྱོར་ལས་བྱེད་པ་ཁག་ལྔ་པའི་གྲས་ཀྱི་གཅིག་རེད། ཁོས་ལག་ལེན་དངོས་ནས་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི“འགན་འཁྲི་ཞིག་དང་། དད་སེམས་ཤིག །
བརྟན་སྲུང་ཞིག །ལས་འགན་ཞིག”ཡིན་པའི“ཝུན་ཅང་གི་ལེའུ”གསལ་བཤད་བྱས་པ་དང་། ཁོ་ལ་ལས་ཀའི་གྲུབ་འབྲས་བཟང་པོ་ཡོད་པས་ཝུན་ཅང་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་གཟེངས་བསྟོད་བྱས་པ་དང་། ལྷག་པར་དུ་སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་2018ལོའི་ཁ་གཏད་རོགས་སྐྱོར་གྱི་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་གནང་བ་རེད།
2017ལོའི་ཟླ་12པར། ཧྥུའུ་ཁྲུན་ཧུའེ་ཡིས་རང་ཉིད་ཀྱི་རོགས་སྐྱོར་ལས་ཀའི་ལམ་བུ་བཏོད་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་གསེར་རྟ་རྫོང་མཆོག་གཙང་ཡུལ་ཤོག་ཏུ་འགན་བཏགས་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར། “དཀའ་སྡུག་ལ་མི་སྐྲག་ཅིང་། གསོ་རླུང་མི་འདང་བར་སྙིང་སྟོབས་མི་ཉམས་པ། འགན་ཁུར་བར་གདོང་ལེན་བྱེད་ཕོད་པ། ལེགས་སྐྱེས་འབུལ་རྒྱུར་དགའ་བ་བཅས་བྱས་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་དགོས” ཞེས་པ་ནི་ཁོས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་ཡིན་ལ། བྱ་སྤྱོད་དངོས་ནས་ལག་ལེན་བསྟར་བའི་མི་ཚེའི་བསྲུང་བྱ་ལྟ་བུ་ཞིག་ཀྱང་རེད། མཆོག་གཙང་ཡུལ་ཤོག་ཏུ་འགན་བཏགས་ལོ་གསུམ་བྱས་རིང་། ཧྥུའུ་ཁྲུན་ཧུའེ་རྒྱུན་པར་ཞིང་འབྲོག་མང་ཚོགས་ཀྱི་ཉེ་འཁོར་དུ་བསྐྱོད་དེ་ས་གནས་དེ་གའི་དབུལ་པོའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་ཡོད། ཐ་ན་ས་མཐོར་མ་འཕྲོད་པར་གནས་སྐབས་དྲན་ཤེས་ཉམས་པའི་གནས་ཚུལ་འོག་ཁོས་སྔར་བཞིན་ལས་ཀ་རྒྱུན་འཁྱོངས་བྱས་ཏེ་ཡུལ་ཤོག་ཡོངས་ཀྱི་དུད་ཚང་800ལྷག་ཙམ་ལ་འཕྲད་འདྲི་བྱ་རྒྱུ་མཐའ་འཁྱོངས་བྱས་པར་མ་ཟད། སྡོད་ཁང་480ལྷག་ཙམ་གྱི་དགོས་མཁོའི་དོན་དངོས་གཞི་གྲངས་བསྡོམས་རྩིས་བྱས་ནས་དབུལ་སྐྱོར་གནས་སྤོའི་སྡོད་ཁང་འཛུགས་སྐྲུན་ལ་ཡང་དག་པའི་གཞི་འཛིན་ས་མཁོ་འདོན་བྱས།
ཧྥུའུ་ཁྲུན་ཧུའེ་ཡིས་ཏང་གི་བྱ་གཞག་རླབས་པོ་ཆེར་དགའ་ཞེན་ཚད་མེད་དང་། བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ལ་དགའ་ཞེན་ཚད་མེད་བཅངས་བཞིན། འགན་འཁྲི་བློ་ལ་བརྟན་པོར་འཆང་ཞིང་བརྩེ་བ་ཟབ་མོས་རོགས་སྐྱོར་བྱེད་བཞིན་ཡོད། ཁོས་དཀའ་ཚེགས་ཀྱི་སྟོན་གྲངས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཐོབ་ཐབས་བྱེད་པ་དང་། གསེར་རྟ་ཡི་དབུལ་སྒྲོལ་བྱ་གཞག་ལ་ལེགས་སྐྱེས་འབུལ་འདོད་ཡོད་པས་བརྟན་སྲུང་ཁྲོད་ལེགས་སྐྱེས་ཕུལ་བ་དང་མི་སེམས་འགུལ་བའི་གཏམ་རྒྱུད་སྙན་མོ་བརྩམས་ཡོད། ཁོས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་དེ་ལས་འགན་གཙོ་བོར་བཟུང་སྟེ། མཆོག་གཙང་ཡུལ་ཤོག་ལ་མ་དངུལ་སྒོར་ཁྲི་200དང་སྒོར་ཁྲི་50ལྷག་ཙམ་གྱི་དངོས་ཟོག་བརྩོན་ལེན་བྱས་ཏེ། གྲོང་ཚོ་གཉིས་ཀྱི་མཉམ་སྡེབ་དཔལ་འབྱོར་འཛུགས་སྐྲུན་ལ་ཁྲིད་སྟོན་བྱས་ཤིང་། ས་གནས་དེ་གའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཆེད། ཁོས་རང་ཉིད་ཀྱིས་ཉེན་ཁ་ལ་མི་འཛེམ་པར་ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་ནང་བཞིན། སྡོད་ཁང་འཛུགས་སྐྲུན་དང་གཞུང་ལམ་འཛུགས་སྐྲུན། ཡང་ན་ཁྲོན་པ་བཟོ་བའི་ལས་ཡུལ་སོགས་གང་ས་ནས་རྟག་ཏུ་ཁོའི་གཟུགས་བརྙན་མཐོང་རྒྱུ་ཡོད། དེ་ཡང་ས་གནས་དེ་གའི་མང་ཚོགས་ཀྱིས་སྔོ་ཚལ་སོས་པ་ཟ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཁོས་སྔོ་ཚལ་དྲོད་ཁང་བཟོ་བའི་མ་དངུལ་སྒོར་ཁྲི་5མཐུན་སྦྱོར་ཧུར་ཐག་བྱས་པ་དང་། སློབ་མ་དབུལ་པོའི་སློབ་ཞུགས་གནད་དོན་ཐག་གཅོད་བྱ་ཆེད། ཁོས་སློབ་གསོའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་30ལྷག་ཙམ་དོན་འཁྱོལ་བརྩོན་ལེན་བྱས། དེ་དང་དུས་མཚུངས་སུ། ཧྥུའུ་ཁྲུན་ཧུའེ་ཡིས་གྲོང་གསེབ་ཀྱི་ལས་བྱེད་པའི་བྱང་ཚད་གསོ་སྦྱོང་མི་ཐེངས་200ལྷག་ཙམ་སྒྲིག་འཛུགས་ཧུར་ཐག་བྱས་ནས། ས་གནས་དེ་གར་ནམ་ཡང་གནས་པའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས། 2022ལོར་ཧྥུའུ་ཁྲུན་ཧུའེ་ཡིས་ད་དུང་གསེར་རྟ་རྫོང་ལ་སྨན་རྩྭ་སེར་པོ་འདེབས་འཛུགས་ཀྱི་རྣམ་གྲངས་ནང་འདྲེན་བྱས་པ་དེས་ཁེ་སྤོགས་མངོན་འགྱུར་བྱུང་ཞིང་རྫོང་ཡོངས་སུ་རྣམ་གྲངས་ཀྱི་ཁེ་སྤོགས་སྒོར་ཁྲི་500བགོས་པ་དང་། དེའི་ནང་དུད་ཚང་དབུལ་པོར་ཁྱོན་སྒོར་ཁྲི་80བགོ་བཤའ་བརྒྱབ་ཡོད་དོ། །
ཀྲོའུ་ཕིང་། ཁྱིམ་གྱི་བོད་སྐྱོར་བརྩེ་སེམས་ཆད་མེད་སྐྱོང་། ལྟ་སྲུང་མཁན་ནས་དངོས་ཞུགས་མཁན་དུ་གྱུར།
ཀྲོའུ་ཕིང་ནི་ད་ལྟ་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་རིག་གནས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན་ལ། སྤྱི་ལོ་2016ལོའི་ཟླ་9པ་ནས་སྤྱི་ལོ་2018ལོའི་ཟླ་9པའི་བར། མོ་རང་ཝུན་ཅང་ཆུས་ཀྱིས་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་ཁ་གཏད་རོགས་སྐྱོར་གཏོང་བའི་ལས་བྱེད་པ་ཁག་བཞི་པའི་གྲས་སུ་གཏོགས་པའི་ངོས་ནས། གསེར་རྟ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས། ཀྲོའུ་ཕིང་གི་བོད་སྐྱོར་གཏམ་རྒྱུད་དེ། དང་པོ་མོའི་ཁྱིམ་ནས་བཤད་འགོ་རྩོམ་དགོས། སྤྱི་ལོ་2010ལོའི་ཟླ་5པར། ཀྲོའུ་ཕིང་གི་བཟའ་ཟླ་ཝང་ཀྲི་ཡུན་ལས་བྱེད་པ་དང་ཤེས་ལྡན་པ་སྟོང་ཕྲག་རྒྱང་རིང་གསེར་རྟ་རུ་གཏོང་བའི་ཁག་དང་པོའི་ཁྲོད་ཀྱི་རྫོང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་ཡིན། སྐབས་དེར་ཁོང་གཉིས་ཀྱི་ཕྲུ་གུ་ད་གཟོད་ལོ་དགུ་སོན་ཡོད་ལ། བཟའ་ཟླའི་རོགས་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱ་ཆེད། ཀྲོའུ་ཕིང་གིས་རང་འགུལ་སྒོས་ཁྱིམ་གྱི་ཁུར་ཆེན་དང་དུ་བླངས། སྐབས་དེར། མོས་རང་གི་ཕྲུ་གུ་དང་ནད་ཀྱིས་མནར་བའི་ཨ་མ་ལ་གཡོགས་བྱེད་དགོས་པར་མ་ཟད། ད་དུང་ཝུན་ཅང་ཆུས་ཧོ་ཧྲེང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར་ཡོད་པས་ལས་དོན་བྲེལ་བ་ཤིན་ཏུ་ཆེ། མོས་བཟའ་ཟླས་བློ་སེམས་བདེ་མོའི་ངང་སེམས་ཤུགས་ཡོད་ཚད་བོད་སྐྱོར་ལས་དོན་ལ་གཏད་ཐུབ་ཆེད། ཁ་ཁུ་སིམ་པོའི་ངང་ཁྱིམ་གྱི་འོས་འགན་ཡོད་ཚད་ཕྲག་ཏུ་བླངས། དེ་དང་དུས་མཚུངས་སུ། མོས་ད་དུང་རང་འགུལ་སྒོས་གསེར་རྟ་རིག་གནས་ལས་དོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། ཝུན་ཅང་ཆུས་ནང་ཁུལ་གྱི་ལས་ཁུངས་ཁག་ཏུ་གསེར་རྟའི་མི་རིགས་རིག་གནས་ཁྱབ་བསྒྲགས་བྱས་ཤིང་། གསེར་རྟའི་གླུ་གཞས་ཟློས་གར《མཁའ་དབྱིངས》དེ་ཁྲེང་ཏུའུ་ཅིན་ཧྲ་རུ་བདེ་བླག་ངང་སྤེལ་བར་བྱས་རྗེས་ཆེན་པོ་བཞག་ཡོད།
སྤྱི་ལོ་2012ལོའི་ཟླ་5པར། བཟའ་ཟླས་ད་དུང་གསེར་རྟའི་འཕེལ་རྒྱས་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ལ། སྐབས་དེར་ཀྲོའུ་ཕིང་གིས་ཕྲུ་གུ་ཁྲིད་ནས་གསེར་རྟ་རུ་བཟའ་ཟླར་ལྟ་ས་སོང་བ་དང་། དེ་དང་དུས་མཚུངས་སུ་ས་གནས་དངོས་སུ་གསེར་རྟའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། གསེར་རྟ་ལ་གཟའ་འཁོར་གཅིག་འདུག་རིང་། གསེར་རྟའི་སློབ་གསོ་འཕེལ་རྒྱས་དང་སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་དངོས་སུ་མཐོང་བར་མ་ཟད། རང་འགུལ་སྒོས་ས་གནས་དེ་གའི་འབྲོག་པའི་ཁྱིམ་ཚང་དུ་སོང་། སྐབས་དེར་ཀྲོའུ་ཕིང་ནི་ཝུན་ཅང་ཆུས་སློབ་གསོ་ཅུས་སུ་ལས་གནས་བསྒྱུར་ནས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཡི་འགན་ཁུར་བཞིན་ཡོད་པས། ཕྱིར་ཁྲེང་ཏུའུ་རུ་སླེབས་རྗེས་གསེར་རྟ་རྫོང་གི་དགེ་རྒན་གྱི་ཆེད་དུ་ཟབ་སྦྱོང་སྡེ་ཁག་ལ་འབྲེལ་བ་བྱས་པར་མ་ཟད། རང་གི་ཉེ་འགྲམ་གྱི་གྲོགས་པོ་དང་ལས་གྲོགས་རྣམས་ལ་གསེར་རྟའི་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་སྐུལ་མ་བྱས་ནས། ས་གནས་དེ་གའི་སློབ་གྲྭ་ལ་སྒོར་མོ་ཁྲི་ཕྲག་དང་དངོས་རྫས་འདྲ་མིན་ཞལ་འདེབས་ཕུལ་ཡོད།
སྤྱི་ལོ་2016ལོའི་ཟླ་9པར། ཝུན་ཅང་ཆུས་ནས་གློ་བུར་དུ་བོད་སྐྱོར་ལས་བྱེད་པ་ཁ་སྣོན་བྱས་པའི་གནས་ཚུལ་འོག །བཟའ་ཟླས་སྔོན་ཆད་ཁ་གཏད་རོགས་སྐྱོར་ལས་དོན་བསྒྲུབས་པས་དེ་ལ་རྒྱུས་ལོན་བྱས་རྐྱེན། ཀྲོའུ་ཕིང་གིས་རང་འགུལ་སྒོས་རེ་ཞུས་བྱས་ནས་ཁ་གཏད་རོགས་སྐྱོར་ཁག་བཞི་པའི་ལས་དོན་རུ་ཁག་གི་འགོ་ཁྲིད་གཞོན་པ་རུ་གྱུར། སྐབས་དེར། མོ་ནི་ལྟ་སྲུང་མཁན་ཞིག་ནས་དངོས་ཞུགས་མཁན་ཞིག་ཏུ་གྱུར་ཅིང་། ཁྱིམ་ཚང་གི་བོད་སྐྱོར་བརྩེ་སེམས་ཀྱི་རྒྱུན་བསྐྱངས་བར་མ་ཟད། རིམ་བཞིན་ཕུལ་དུ་བྱུང་བའི་རོགས་སྐྱོར་ལས་བྱེད་པ་ཞིག་ཏུ་གྱུར། གསེར་རྟ་རུ་ལོ་གཉིས་འདུག་རིང་། མོ་རང་ས་གནས་དེ་གའི་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཧུར་ཐག་སྒོས་ཞུགས་ཤིང་། གསེར་རྟ་རྫོང་སྦོ་མདའ་གྲོང་རྡལ་དང་གྲོང་པ་གསུམ་གྱི་དབུལ་གྲོལ་ལས་དོན་ལ་འབྲེལ་བ་བྱེད་པའི་འགན་ཁུར་བར་མ་ཟད། ས་གནས་དེ་གའི་འཕེལ་རྒྱས་ཆེད་དུ། གང་སར་ལས་གཞི་བཙལ་ཞིང་། རིན་གོང་སྒོར་ས་ཡ་ལ་ཟིན་པའི་རིགས་སོ་སོའི་དངོས་རྫས་བསྡུ་རུབ་ཐུབ་ནས། གྲོང་རྡལ་གཅིག་དང་གྲོང་པ་གསུམ་བདེ་བླག་ངང་དབུལ་གྲོལ་ཐུབ་པར་བྱས་རྗེས་ཆེན་པོ་བཞག་ཡོད། གཞན་ཡང་། མོས་ལྷག་བསམ་རྣམ་དག་གིས་བསམ་པའི་དབུལ་སྐྱོར་དང་། ཐོན་ལས་རྣམ་གྲངས། སྤྱི་ཚོགས་རོགས་སྐྱོར་བཅས་དམ་དུ་བཟུང་ནས། ཕྱོགས་གང་མང་ནས་གསེར་རྟའི་སློབ་གསོ་དང་ཐོན་ལས་འཕེལ་རྒྱས་ལ་འཚམ་པའི་བགྲོད་ལམ་བཙལ་ཞིང་། གསེར་རྟ་རྫོང་ཡོངས་དབུལ་ཞྭ་ཕུད་པར་རང་ཉིད་ཀྱི་ནུས་པ་བཏོན་ནོ། །
སངས་ཁྲེང་། བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས། མཐོ་སྒང་བྱིས་པར་འདུན་པའི་གཤོག་ཟུང་བསྐྲུན།
མཐོ་སྒང་གི་ཉི་འོད་སློབ་གྲྭའི་ལུས་རྩལ་ཐང་དུ་འཕྲོས་ཤིང་། ངོ་གདོང་ནག་ཅིང་སྒམ་བརླིང་ལྡན་པའི་ལུས་རྩལ་དགེ་རྒན་ཞིག་གིས་སློབ་མ་ཚོར་ལུས་སྦྱོང་གི་སྣེ་ཁྲིད་བྱེད་བཞིན་མཆིས། རྐང་རྩེད་སྤོ་ལོའི་སློབ་ཁྲིད་དངོས་སུ་འགོ་ཚུགས་རྗེས། དགེ་རྒན་གྱི་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཕྲུ་གུ་ཚང་མར་ནན་ཏན་གྱིས་མཛུབ་ཁྲིད་བྱས། དགེ་རྒན་དེའི་མིང་ལ་སངས་ཁྲེང་ཟེར་ཞིང་དུས་རྒྱུན་སྐད་ཆ་མང་པོ་བཤད་རྒྱུར་དགའ་པོ་མི་འདུག །དེ་ཡང་ཁོ་ལོ་རབས་80པར་སྐྱེས་པའི་ཧྲན་ཏུང་གི་ཕོ་གསར་ཞིག་ཡིན་མོད། ད་ཆ་གསེར་རྟ་རྫོང་གི་ལོ་དགུའི་འོས་འགན་ལམ་ལུགས་ཀྱི་སློབ་གྲྭའི་ཕྲུ་གུ་ཚོར་རང་ཉིད་ཀྱི་བརྩེ་སེམས་འབུལ་བཞིན་འདུག
2020ལོའི་ཟླ་8པར། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཧུའུ་ཧྲེང་སློབ་ཆུང་གི་དགེ་རྒན་སངས་ཁྲེང་གསེར་རྟ་རུ་སློབ་སྐྱོར་བྱེད་པར་ཡོང་། ཁོས་དེ་གར་གསེར་རྟ་རྫོང་སྐར་དམར་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་བཙུགས་པར་མ་ཟད། རུ་རྟགས་ཇུས་འགོད་དང་རུ་གླུ་བརྩམས། འོན་ཀྱང་རྐང་རྩེད་སྤོ་ལོ་རུ་ཁག་འཛུགས་པའི་ཐོག་མའི་དུས་སུ་དཀའ་ངལ་མང་པོར་འཕྲད་ཅིང་། མཐོ་གྲང་གསོ་རླུང་དཀོན་པའི་རང་བྱུང་ཆ་རྐྱེན་དང་། མི་རིགས་ཀྱི་གོམས་སྲོལ་མི་གཅིག་པ། ཁྱིམ་བདག་ཚོས་རྒྱབ་སྐྱོར་མི་བྱེད་པ་སོགས་ཀྱི་དཀའ་ངལ་གང་མང་ཞིག་བྱུང་མོད། ཡིན་ཡང་གནད་དོན་དེ་དག་ལ་སངས་ཁྲེང་གིས་ལྷོད་གཡེང་སྤུ་ཙམ་ཡང་བཏང་མེད། ཁོས་རྩྭ་ཐང་གི་ཡངས་ཚད་གོམ་པས་འཇལ་ཏེ་བོད་རིགས་ཁྱིམ་ཚང་100ལྷག་ཙམ་ལ་འཚམས་འདྲི་བྱས་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་བོད་རིགས་སྤུན་ཟླར་སེམས་འགུལ་ཐེབས་སུ་བཅུག །དེ་བཞིན་རྐང་རྩེད་སྤོ་ལོ་རུ་ཁག་བདེ་བླག་ངང་བཙུགས་རྗེས་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་སློབ་མ་རྣམས་ལའང་དགའ་འོས་པའི་འགྱུར་ལྡོག་བྱུང་ཞིང་། ཁྱིམ་བདག་ཚོས་སྔར་གྱི་དོགས་གཞི་རྦད་དེ་བསལ་བར་མ་ཟད། སངས་ཁྲེང་ཞེས་པའི་རྒྱ་རིགས་དགེ་རྒན་ཁོ་ཉིད་ཀྱི་ལུས་ཐོག་ནས་མི་རིགས་མཐུན་སྒྲིལ་ཆེན་མོའི་དྲོད་སྐྱིད་ཚོར་དུ་བཅུག
ཕྲུ་གུ་ཚོར་སློབ་སྦྱོང་དང་སྦྱོང་བརྡར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། སངས་ཁྲེང་གིས་ཝུན་ཅང་ཆུས་གཅེས་སེམས་ཚོགས་པར་མཐུན་སྦྱོར་བྱས་ཏེ་གསེར་རྟ་ལ་རིན་ཐང་སྒོར་ཁྲི་17ཡོད་པའི་སློབ་ཁྲིད་དངོས་ཟོག་དང་ལུས་རྩལ་ཡོ་བྱད་ཞལ་འདེབས་སུ་ཕུལ་ནས། སློབ་མ་ཚོར་ཁྱོན་ཡོངས་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཐེམ་སྐས་བཏོད། ཁོས་བུད་མེད་རྐང་རྩེད་སྤོ་ལོའི་ལུས་རྩལ་རྣམ་གྲངས་དེ་གསེར་རྟ་རུ་སྤེལ་བ་དང་ཆབས་ཅིག་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ཁྲེང་ཏུའུ་རུ་འགྲན་བསྡུར་དང་ལྟ་སྐོར་བྱེད་པར་ཁྲིད་དེ། རྐང་རྩེད་སྤོ་ལོར་བརྟེན་ནས་སློབ་མ་ཚོའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་པར་མཐུན་རྐྱེན་གང་ལེགས་བསྐྲུན། 2020ལོའི་ཟླ་12པར། ཁོས་སྐབས་དང་པོའི་གསེར་རྟ་དང་ཝུན་ཅང་རྐང་རྩེད་སྤོ་ལོའི་སྤྱི་ཕན་བྱེད་སྒོ་ཇུས་འགོད་དང་སྒྲིག་འཛུགས་བྱས་ནས་རུ་མི་19ཡི་སྣེ་ཁྲིད་དེ། གསེར་རྟ་ནས་སྒོར་བུད་ཅིང་དེ་བས་སྔོན་ཐོན་གྱི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་ནང་ཞུགས་ཤིང་། ཁྲེང་ཏུའུ་ཡི་གཞོན་ནུ་ལོ་ཆུང་རྐང་རྩེད་སྤོ་ལོ་རུ་ཁག་དང་སྤེལ་རེས་འགྲན་བསྡུར་བྱས་པར་མ་ཟད། སི་ཁྲོན་ཅིན་ཆང་སྐྱེས་པའི་སླེ་གྲུག་སྦྱོང་བརྡར་རྟེན་གཞི་དང་ཁྲེང་ཏུའུ་རུང་ཁྲེང་རྐང་རྩེད་སྤོ་ལོའི་རོལ་རྩེད་ཁང་སོགས་སུ་ལྟ་སྐོར་དུའང་ཕྱིན། 2021ལོའི་ཟླ་7པར། ཁོས་རྐང་རྩེད་སྤོ་ལོ་རུ་ཁག་གི་ཕྲུ་གུ་30ཡི་སྣེ་ཁྲིད་དེ་ཝུན་ཅང་དུ་གཉེར་བའི“དྲག་རྩལ་རྐང་རྩེད་སྤོ་ལོའི”ཧྲུའུ་ལའེ་སེང་གེ་བུམ་པའི་གཞོན་ནུ་ལོ་ཆུང་གི་བུད་མེད་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ནང་ཞུགས་པར་མ་ཟད། ལོ་ན་7ཅན་གྱི་ཚོ་ཆུང་གི་ཨང་གཉིས་པ་དང་ལོ་ན་9ཅན་གྱི་ཚོ་ཆུང་གི་ཨང་གསུམ་པ་བླངས། ལོ་དེའི་དགེ་རྒན་དུས་ཆེན་དུ་ཁོས་རང་ཉིད་ཀྱི་ཕུལ་བྱུང་སློབ་སྐྱོར་དགེ་རྒན་གྱི་སྒོར་ཁྲི་གཅིག་གི་བྱ་དགའི་དངུལ་ཚང་མ་རྐང་རྩེད་སྤོ་ལོ་རུ་ཁག་ལ་ཞལ་འདེབས་སུ་ཕུལ་ནས། གྱོན་ཆས་དང་རྐང་རྩེད་སྤོ་ལོའི་ལྷམ་སོགས་སྒྲིག་ཆས་ཉོས་པ་རེད། 2022ལོའི་ཟླ་དང་པོར་ཁོས་སློབ་གྲོགས་32སྒྲིག་འཛུགས་བྱས་ནས་སྐབས་གཉིས་པའི་གསེར་རྟ་ཝུན་ཅང་རྐང་རྩེད་སྤོ་ལོའི་སྤྱི་ཕན་བྱེད་སྒོའི་ནང་ཞུགས་པ་དང་། ལོ་དེའི་ཟླ་7པར་ཁོས་སློབ་གྲོགས་25ཡི་སྣེ་ཁྲིད་དེ་ཁྲེང་ཏུའུ་རྐང་རྩེད་སྤོ་ལོའི་དབྱར་སྒར་བྱེད་སྒོར་ཞུགས།
ལོ་གཉིས་རིང་གི་སློབ་སྐྱོར་ལས་དོན་ཁྲོད། སངས་ཁྲེང་ལ་སློབ་མའི་དགའ་བསུ་ཐོབ་པར་མ་ཟད། སློབ་གྲྭ་དང་ཁྱིམ་བདག་གི་ཡིད་ཆེས་ཐོབ་ཅིང་། རྐང་རྩེད་སྤོ་ལོ་རུ་ཁག་གི་རུ་མི་ཡང་མི་20ལྷག་ཙམ་ནས་མི་100ལྷག་ཙམ་མང་དུ་ཕྱིན་ནས་གསེར་རྟའི་བུ་ཕྲུག་སྔར་ལས་མང་བར་ཕུགས་འདུན་གྱི་གཤོག་ཟུང་བསྐྲུན་ནོ། །
གསེར་རྟ་ཝུན་ཅང་སེམས་པ་གཅིག་ཏུ་སྦྲེལ། སླར་ཡང་ལོ་ལྔའི་ལེའུ་གསར་པ་འབྲི།
2021ལོར་ས་གནས་གཉིས་ཀྱི་འགོ་ཁྲིད་གཙོ་བོའི་བཀོད་སྒྲིག་དང་རྒྱབ་སྐྱོར་འོག《ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད(2021ལོ་ནས་2025ལོ་བར)》ཀྱི་རེས་སྐོར་གསུམ་པའི་འཆར་འགོད་ལེགས་གྲུབ་བྱུང་།
སྔོན་དཔག་ལྟར་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་11755ཡན་གཏང་རྒྱུ་ཡིན་ཞིང་། ལོ་ལྔའི་ནང་རོགས་སྐྱོར་རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་ཐོན་གང་ཐུབ་བྱས་ཏེ། ཁྱད་ལྡན་ཐོན་ལས་མ་ལག་རིམ་བཞིན་ཆགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམངས་འཚོ་རོགས་སྐྱོར་ལ་དངོས་ཕན་ཐོབ་ཐུབ་པ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཐུབ་པ། མཉམ་སྒྲུབ་མཉམ་སྐྲུན་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་ཕྱིན་ཐུབ་ཏེ། རིམ་བཞིན་གསེར་རྟ་རྫོང་གི་ཁྱབ་ཁོངས་ཁག་གི་ཁྱད་ཆོས་དང་འཚམ་པའི་མཐུན་སྦྱོར་མཉམ་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་ཆགས་ཏེ། གསེར་རྟ་རྫོང་གི་གྲོང་གསེབ་དར་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།
ཞིང་འབྲོག་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ།
ད་ལོར་ལས་འགོ་ཚུགས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི་3000བཏང་ནས་མིས་བཟོས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་དང་། གསེར་རྟ་རྫོང་གི་ཞིང་འབྲོག་ཐོན་ལས་མཉམ་ལས་ཁང་གི་དཔེ་སྟོན་རྣམ་གྲངས་སྐུལ་འདེད་བྱས་ཏེ། སྔོན་དཔག་ལྟར་ན་2024ལོར་ལེགས་འགྲུབ་བྱ་ཐུབ། དེ་གཙོ་བོ་སྙི་ཆུ་དང་གསེར་ཆུའི་ཐོན་ལས་ཁུལ་ལམ་རྒྱུད་ཀྱི་ཤང་གྲོང་དུ་མུའུ་25000ཟིན་པའི་ཐོན་འབབ་མཐོ་བའི་མིས་བཟོས་གཟན་རྩྭའི་རྟེན་གཞི་བསྐྲུན་ཏེ། གཅིག་བསྡུས་སྒོས་ས་ཆ་ལེགས་སྒྲིག་དང་། གཟན་རྩྭ་འདེབས་འཛུགས་དང་བསྡུ་ཉར། དེ་མིན་ལྷུ་ལག་ཚང་བའི་ལྕགས་ར་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། བྱེ་འགྱུར་དང་། གྲམ་ཐང་། ཨ་བྲའི་གནོད་འཚེ་ཚབས་ཆེ་བའི་ས་ཆར་ལག་བསྟར་བྱས་ཚེ་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་པ་དང་། དུས་མཚུངས་སུ། རྣམ་གྲངས་བསྐྲུན་རྗེས་ཐོན་སྐྱེད་གཉེར་སྐྱོང་ཡོང་འབབ་སྔོན་དཔག་བྱས་ན་ཤང་གྲོང་6ལ་ཕན་པ་ཐོབ་རྒྱུ་རེད། དེ་ཡང་ཝུན་ཅང་ཆུས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་2000བཏང་ནས་སྙི་ཆུའི་ཐོན་ལས་ཁུལ་དུ་ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ(ཐང་ཕྲོམ་ནག་པོ)མུའུ་4300ཡི་དཔེ་སྟོན་རྟེན་གཞི་བསྐྲུན་རྩིས་ཡོད་པ་དང་། སྔོན་དཔག་བྱས་ན་2025ལོར་བསྐྲུན་ཐུབ་རྒྱུ་ཡིན་ཏེ། བྱ་ཐབས་དེ་བྱེ་འགྱུར་དང་། གྲམ་ཐང་། ཨ་བྲའི་གནོད་འཚེ་ཚབས་ཆེ་བའི་ས་ཆར་ལག་བསྟར་བྱས་ཚེ་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་པར་མ་ཟད། རྣམ་གྲངས་བསྐྲུན་རྗེས་ཐོན་སྐྱེད་གཉེར་སྐྱོང་ཡོང་འབབ་སྔོན་དཔག་བྱས་ན་གཙོ་གནད་རོགས་སྐྱོར་གྲོང་ཚོ་40ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད།
དེ་མིན་ཝུན་ཅང་ཆུས་ཀྱིས་གོམ་གང་མདུན་སྤོས་སྒོས་གསེར་རྟ་རྫོང་གི་ཞིང་འབྲོག་ཐོན་རྫས་འཛད་སྤྱོད་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། གསེར་རྟ་རྫོང་གི་ཞིང་ལས་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏང་རྒྱུ་དང་། ཝུན་ཅང་ཆུས་སུ་གསེར་རྟའི་ཞིང་ལས་ཐོན་རྫས་བྲིན་ཚོང་ས་ཚིགས་འཛུགས་རྒྱུ་རེད། དེ་བཞིན་ཁེ་ལས་མཉམ་སྒུལ་ཀྱིས“སྤྱི་ཕན་ཞིང་སྐྱོར”རྣམ་གྲངས་སྤེལ་ནས་ཤང་གྲོང་ཁག་གི་འབྲི་གཡག་དང་བོད་ཕག་སོགས་ཀྱི་མཉམ་ལས་ཁང་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ། མཉམ་ལས་ཁང་གིས་ཞིང་ལས་ཐོན་རྫས་མཁོ་འདོན་བྱས་པ་དང་ཁེ་ལས་ཀྱིས་ལས་སྣོན་དང་བྲིན་ཚོང་གི་འགན་འཁུར་ཏེ།“གསེར་རྟའི་ཚོང་རྟགས”ཀྱི་ཐོན་རྫས་ཁྲོམ་ར་རྒྱ་ཆེར་གཏང་རྒྱུ་དང་། རྫོང་རིམ་པའི་གློ་རྡུལ་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་དང་གློག་རྡུལ་དྲ་ཐོག་ཚོང་དོན་གྱི་མཛོད་ཉར་ཟོག་འགྲེམ་གཅིག་སྡུད་བཀོད་སྒྲིག་ལྟེ་གནས་འཐུས་སྒོ་ཚང་དུ་གཏང་རྒྱུ། ཡུལ་ཤོག་དང་གྲོང་ཚོའི་དྲ་ཐོག་ཚོང་དོན་ཞབས་ཞུའི་དྲ་བ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏང་རྒྱུ་དང་། དྲ་ཐོག་ཚོང་དོན་ཁེ་ལས་ནང་འདྲེན་བྱ་རྒྱུ། “གསེར་རྟའི་ཚོང་རྟགས”ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་གཏང་རྒྱུ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ། རྫོང་མངའ་ཁོངས་ཀྱི་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་དང་ལེགས་ཆ་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་སམ་རང་མོས་མཐུར་སྦྱོར་ཚོགས་འདུ་སྣ་ཚོགས་སུ་ཞུགས་པར་སྒྲིག་འཛུགས་བྱ་རྒྱུ་དང་། རང་མོས་ཀྱིས“འཛད་སྤྱོད་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། དབུལ་སྒྲོལ་ལ་རོགས་སྐྱོར”བཅས་ཀྱི་ཞིང་འབྲོག་ས་ཁུལ་དུ་དྲ་ཐོག་དང་ཡུལ་དངོས་འདུ་ཚོགས་གཉེར་བའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏང་རྒྱུ། ཚོང་ར་གསོ་སྐྱོང་དང་བྲིན་འཚོང་འོས་སྦྱོར་སྔར་ལས་ལེགས་པར་བྱས་ཏེ། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཁྱབ་ངང་ཚོང་ལས་ཚོགས་པར་འབྲེལ་གཏུག་དང་དམངས་གཉེར་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཚོང་ལས་ཚོགས་པས་སྐུལ་ཁྲིད་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱི་གཙོ་གཟུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། གསེར་རྟ་རྫོང་གི་ཁྲོམ་རའི་བྲིན་ཚོང་འོས་སྦྱོར་མི་སྣར་གསོ་སྦྱོང་བྱེད་པ། གསེར་རྟ་རྫོང་གི་ཁྱད་ལྡན་ཐོན་རྫས་དང་དེ་བཞིན་ཁྲོམ་རའི་ཐོན་ཁུངས་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་བཅས་བྱས་ནས་ཁྲོམ་རའི་གཙོ་གཟུགས་གསེར་རྟའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་པར་ཁྲིད་སྟོན་བྱ་རྒྱུ་རེད།
རྒྱུན་མཐུད་ངང་དམངས་འཚོའི་ལས་གཞིར་རོགས་སྐྱོར་བྱ་རྒྱུ།
2021ལོར། ཝུན་ཅུང་ཆུས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་645བཏང་ནས་གསེར་རྟ་རྫོང་གི་སྨན་རྫས་སྙིགས་རོ་ཐག་གཅོད་ལྟེ་གནས་བསྐྲུན་པ་དང་། སྨི་གྲུ་བཞི་མ་1200ཡོད་པའི་སྨན་རྫས་སྙིགས་རོ་ཐག་གཅོད་ཁང་པ་གསར་སྐྲུན་དང་སྨན་རྫས་སྙིགས་རོ་ཐག་གཅོད་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས། དེ་ནི་གསེར་རྟའི་སྨན་རྫས་སྙིགས་རོ་ཐག་གཅོད་ལྟེ་གནས་ཐོག་མ་དེ་ཡིན་པ་དང་ཐག་གཅོད་གཞི་ཁྱོན་ཉིན་རེར་ཏུན་0.4ཟིན་པར། རྫོང་ཡོངས་ཀྱི་སྨན་རྫས་སྙིགས་རོ་ཐོན་པ་དང་། བསྡུ་རུབ། བརྒྱུད་སྐྱེལ། ཐག་གཅོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྒོ་རྒྱག་དོ་དམ་མངོན་འགྱུར་བྱུང་ཡོད།
དེ་བཞིན་ཝུན་ཅང་ཆུས་ཀྱི་རྒྱུན་མཐུད་ངང་དམངས་འཚོའི་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་གསེར་རྟའི་སློབ་གསོ་འཕེལ་རྒྱས་དང་སྨན་བཅོས་ཆུ་ཚད་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་བྱ་རྒྱུ་རེད། “བདེ་སྐྱིད་ཕོ་ཉའི”ཁྱིམ་ཚང་སློབ་གསོའི་སྤྱི་ཕན་ཞབས་ཞུ་སྤེལ་བ་དང་། ཁྱིམ་ཚང་སློབ་གསོའི་ཆེད་ལས་(གཅིག་ལྕོགས)ཀྱི་ལས་བཟོ་པ་དང་། དགེ་རྒན། ཁྱིམ་བདག །དེ་མིན་དང་བླངས་པ་སོགས་ཀྱི་འཐུས་མི་ལས་གྲུབ་པའི“བདེ་སྐྱིད་ཕོ་ཉའི”དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཏེ་གསེར་རྟ་རུ་བསྐྱོད་ནས་ཚད་ཐིག་གཏན་འཁེལ་དང་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུ་མཁོ་འདོན་བྱ་རྒྱུ། སྒྲོན་མེའི་གསོ་སྦྱོང་འཆར་གཞི་ལག་ལེན་བསྟར་ནས་ལོ་ལྟར་ཕུལ་བྱུང་དགེ་རྒན་དང་སློབ་གྲྭའི་དོ་དམ་སྐོར་གྱི་ཤེས་ལྡན་མི་སྣ་ཁག་གཅིག་བདམས་ནས་གསེར་རྟ་རུ་སློབ་སྐྱོར་བྱེད་པར་བསྐྱོད་རྒྱུ་དང་། གསེར་རྟའི་དགེ་རྒན་གྱིས་ཀྱང་ཝུན་ཅང་དུ་ཕྱིན་ཏེ་རྩལ་ནུས་གསོ་སྦྱོང་བྱེད་པར་འདེམས་ཆོག་ལ། ལས་བྱེད་པའང་ཝུན་ཅང་དུ་རྩལ་ནུས་གསོ་སྦྱོང་དང་འགན་བཏགས་སྤེལ་རེས་བྱ་ཆོག་པ་རེད། དུས་མཚུངས་སུ། ལོ་ལྟར་གསེར་རྟ་རྫོང་གི་དམའ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཕུལ་བྱུང་སློབ་མ་ཝུན་ཅང་དུ་སློབ་ཡོན་མི་དགོས་པར་སློབ་གྲྭར་བསྐྱོད་རྒྱུའི་བཀོད་སྒྲིག་བྱ་རྒྱུ་དང་། ས་གནས་གཉིས་ཀྱི་སློབ་གྲྭའི་ཁོངས་ཧྲིལ་པོར་ཆ་སྒྲིག་རོགས་སྐྱོར་ཡག་པོ་བྱས་ནས་དྲ་རྒྱའི་ཕབ་གཏོང་དང་། ཐེང་ཤུན་གྲོས་ཚོགས། སྐད་འཕྲིན་སོགས་ཀྱི་བྱེད་ཐབས་གསར་པ་སྤྱད་དེ“དྲ་ཐོག་དང་ཡུལ་དངོས”ཟུང་འབྲེལ་བྱས་ནས་ཝུན་ཅང་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་། བུ་བཅོལ་ཁང་། གསེར་རྟའི་སློབ་གྲྭ་འབྲིང་ཆུང་། དེ་མིན་བུ་བཅོལ་ཁང་གི་སློབ་གྲྭའི་བར་གྱི་ཁ་གཏད་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གསེར་རྟ་སློབ་གྲྭའི་དོ་དམ་དང་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།
རིག་གནས་ཡུལ་སྐོར་གྱི་ཤེས་ལྡན་མི་སྣའི་རོགས་སྐྱོར་ལག་བསྟར་བྱ་རྒྱུ།
ད་ལོར་ལས་འགོ་ཚུགས་སྐབས། ཝུན་ཅང་ཆུས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་1000བཏང་ནས་གསེར་རྟ་རྫོང་མཆོད་རྟེན་དཀར་པོའི་བརླན་སའི་སྤྱི་གླིང་བསྐྲུན་རྩིས་ཡོད་པར། སྔོན་དཔག་བྱས་ན་2024ལོར་བསྐྲུན་ཐུབ་ཅིང་། རྣམ་གྲངས་ལ་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་67033.45(ཧ་ལམ་མུའུ་100.55)ཟིན་པ་དང་། རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་དམིགས་བསལ་གྱི་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་པའི་ཡིད་དབང་བཀུག་སྟེ་གསེར་རྟ་རྫོང་གི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏང་རྒྱུ་སྨོས་མ་དགོས་པ་རེད། དུས་མཚུངས་སུ། ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་རིག་གནས་ཡུལ་སྐོར་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལ་གཞིགས་ནས་གསེར་རྟ་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གསེར་རྟ་རྫོང་གིས་འབྲེལ་ཡོད་འཆར་འགོད་བདེ་བླག་ངང་ལེགས་སྒྲུབ་བྱ་རྒྱུར་རོགས་སྐྱོར་བྱེད་འཆར་ཡོད་པར། གསེར་རྟའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་ཇུས་འགོད་དང་ཐུམ་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་སྒྲིག་གཞིས་གསེར་རྟའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཐོན་ཁུངས་ཁྱབ་ཚུལ་ལེགས་སྒྲིག་བྱས་ཏེ་འབྲེལ་ཡོད་ཁྱད་ལྡན་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་རྣམ་གྲངས་ཇུས་འགོད་དང་ཐུམ་སྒྲིལ་བྱ་རྒྱུ། ཝུན་ཅང་ཀོང་ཧྭ་ཚོང་འགྲུལ་ཚོགས་པས་ནུབ་རྒྱུད་ཡུལ་སྐོར་གྱི་ཐོན་རྫས་གྲགས་ཅན་ཐུན་མོང་ཐོག་ཁྱབ་གདལ་བཏང་སྟེ་གསེར་རྟ་རྫོང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་གཏང་རྒྱུར་རོགས་རམ་བྱས་པ་དང་ཆབས་ཅིག་སྔར་ལས་ལྷག་པའི་སྒོས་གསེར་རྟའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱེད་པ་དང་། སྨྱན་སྦྱོར་གསར་པ་གཙོ་གནད་དུ་བྱས་ཏེ་གསེར་རྟའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ལམ་ཐིག་དྲིལ་བསྒྲགས་དང་འོས་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། གཞན་ཡང་འབྲེལ་ཡོད་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་གསེར་རྟ་རྫོང་གི་གཞུང་ཁོངས་རིག་དངོས་ལ་གསལ་འབྱེད་དང་གསེར་རྟའི་རིག་དངོས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ཏེ། གནས་སྤོ་ཆོག་པའི་རིག་དངོས་སྲུང་སྐྱོང་འཆར་གཞི་བཟོས་ནས་གསེར་རྟའི་རིག་དངོས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།
ཝུན་ཅང་ཆུས་ཀྱིས་ད་དུང་ཞིང་ཆེན་དང་གྲོང་ཁྱེར་གྱི་བླང་བྱར་གཞིགས་ཏེ། ལོ་གཉིས་རེར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་གཅིག་འདེམས་གཏོང་བྱས་ནས་རྒྱུན་ལྡན་གྱི་དོ་དམ་དང་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། གསེར་རྟ་རྫོང་གི་ལས་བྱེད་ཤེས་ལྡན་མི་སྣའི་གསོ་སྦྱོང་ལ་རོགས་སྐྱོར་བྱས་ནས་གསེར་རྟའི་ལས་བྱེད་པའི་ཆབ་སྲིད་རིག་གཞུང་དང་ལས་སྒྲུབ་ནུས་པ་ཆེ་རུ་གཏོང་བ་དང། ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས་གསེར་རྟ་རྫོང་གིས“རྫོང་དང་ཤང་རིམ་པ་གཉིས་ཀྱི་ལས་གཏོད་ལས་ཞུགས་མཉམ་འགུལ་ལས་སྟེགས”གཏིང་ཟབ་ཏུ་གཏང་རྒྱུར་རོགས་རམ་བྱས་ཏེ། ལས་གཏོད་སྟོན་ཕྱོགས་རོགས་སྐྱོར་དང་། ལས་ཞུགས་རྩལ་ནུས་གསོ་སྦྱོང་། ལས་ཞུགས་ཞབས་ཞུའི་ལས་སྟེགས་བསྐྲུན་པ་བཅས་བྱས་པ་བརྒྱུད། རྣམ་གྲངས་མཉམ་ལས་ཀྱི་ལམ་སྲོལ་བཙུགས་པ་དང་། ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ཆེ་རུ་གཏོང་རོགས་བྱེད་པ། ལས་ཞུགས་བརྟན་པོ་དང་རྒྱུན་མཐུད་ལས་ཞུགས་ཐུབ་པ། གྲོང་གསེབ་དར་རྒྱས་གཏོང་རོགས་བཅས་བྱ་རྒྱུ་རེད།
ཤང་གྲོང་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་མགྱོགས་སུ་གཏང་རྒྱུ།
ད་ལོར་ལས་འགོ་ཚུགས་སྐབས། ཝུན་ཅུང་ཆུས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་1000བཏང་ནས་གསེར་རྟ་རྫོང་གི་འབྲོག་སྡེ་རིམ་སྤོར་བསྒྱུར་བཅོས་བྱེད་རྩིས་ཡོད་དེ། འབྲོག་པའི་སྡོད་ཁང་བསྒྱུར་བཅོས་གསབ་དབུལ་སྤྲད་རྒྱུ་དང་། དུས་མཚངས་སུ་ཧོར་ཤུལ་དང་། ཉི་སྟོད། བརྡར་ཚང་། སྟག་རྩེ། རགས་བཀྲམ། གཉན་ལུང་བཅས་ཤང་གྲོང་6གི་གད་སྙིགས་གཙང་སེལ་ས་ཚིགས་དང་དེ་བཞིན་ལྷུ་ལག་ཚང་བའི་བསྡུ་རུབ་སྐྱེལ་འདྲེན་སྒྲིག་ཆས་གསར་འཛུགས་བྱ་རྒྱུ་དང་། མཁན་ལེབ། ཡར་ལུང་། མཆོག་གཙང་བཅས་ཤང་གྲོང་3གྱི་གད་སྙིགས་བསྡུ་རུབ་སྐྱེལ་འདྲེན་སྒྲིག་ཆས་གསར་དུ་བསྐྲུན་རྒྱུ་ཡིན་ཏེ། སྔོན་དཔག་བྱས་ན་2023ལོར་ཁྱོན་ཡོངས་ནས་བསྐྲུན་ཐུབ་རྒྱུ་རེད། དེ་བཞིན་གསེར་རྟ་རྫོང་དུ་གད་སྙིགས་འཚོལ་བསྡུ་ཁྱོན་ཡོངས་ལ་ཁྱབ་པ་དང་སྤྱི་གནོད་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་གསེར་རྟ་རྫོང་གི་ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པ་བཟོ་བའི་བྱ་སྤྱོད་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།
དེ་བས་ཝུན་ཅང་ཆུས་ཀྱིས་ད་ལོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་1800བཏང་ནས། གསེར་ཁོག་གྲོང་རྡལ་ཞོར་རོགས་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ་ཞིག་བསྐྲུན་རྒྱུ་དང་། སྔོན་དཔག་བྱས་ན་2024ལོར་བསྐྲུན་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་རོགས་སྐྱོར་མ་དངུལ་སྒོར་ཁྲི་1200བཏང་ནས་གསེར་ཁོག་གྲོང་རྡལ་ཞོར་རོགས་གྲོང་ཚོའི་འབྲོག་དུད་240ལ་སྡོད་ཁང་གི་ཁོར་ཡུག་བསྒྱུར་བཀོད་བྱེད་རོགས་བྱས་ཏེ། ཁོར་ཡུག་མཛེས་ཤིང་སྒྲིག་བཀོད་ཆ་ཚང་བ། ཁང་པ་གསལ་བའི་འབྲོག་པའི་སྡོད་ཁང་གསར་པ་བསྐྲུན་རྒྱུ་རེད། ཞོར་རོགས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཞན་ཆ་མང་པོ་གསབ་ནས་མི་སྡོད་ཁོར་ཡུག་ལེགས་སུ་བཏང་སྟེ“དམངས་སྲོལ+ཡུལ་སྐོར”གྱི་འཕེལ་རྒྱས་རྣམ་པ་བཏོད་དེ་ཐོན་ལས་གཞན་སྒྱུར་ལ་སྐུལ་སྤེལ་དང་། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། གྲོང་གསེབ་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་བ། འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱ་རྒྱུ་རེད།
ཝུན་ཅང་ཆུས་ཀྱིས་ད་དུང“སྐྱེ་ཁམས་ལྗང་འགྱུར་དང་། འབྲོག་ལས་ཀྱི་ཕན་འབྲས་ཆེར་གཏོང་།
འབྲོག་པའི་འབབ་འཕར། འབྲོག་ཁུལ་སྔར་ལས་མཛེས་པ”བཅས་ཀྱི་སྤྱིའི་དམིགས་ཚད་ལ་གཞིགས་ནས་གསེར་ཁོག་གྲོང་རྡལ་གྱི་ལྗང་འགྱུར་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་དང་། བདག་སྐྱོང་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་ས་མཐོའི་སྐྱེ་འཚར་ལ་འཚམ་པའི་སྡོང་རིང་དང་། སྡོང་ཐུང་། རྩྭ་དང་མེ་ཏོག་སོགས་ཟུང་དུ་འབྲེལ་བའི་ལྗང་འགྱུར་ཅན་ལག་བསྟར་བྱས་ཏེ། གསེར་རྟ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་དང་ནུས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། དེ་བཞིན་ཆེད་མཁས་པའི་ཚོགས་པ་བཙུགས་ནས“སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་རྫོང”གཏོད་པའི་ལས་དོན་ལ་གཞོགས་འདེགས་བྱས་ཏེ། ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་ཐོབ་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།
སྤྱི་ཚོགས་དོ་དམ་མཐོར་འདེགས་ལ་རོགས་འདེགས་བྱ་རྒྱུ།
ད་ལོ་ནས་བཟུང་། ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་སྲིད་ཁྲིམས་ཨུ་ལྷན་ཚད་ལྡན་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཚད་གཞི་མཐོ་བའི་སྒོ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་འཛུགས་སྐྲུན་དང་། བྱེད་ནུས་བཀོད་སྒྲིག །སྟོབས་ཤུགས་བཀོད་སྒྲིག །ཆ་འཕྲིན་ཅན་གྱི་ཆུ་ཚད་འཛུགས་སྐྲུན་བཅས་སུ་རོགས་སྐྱོར་བྱས་ནས། གཅིག་སྡུད་ཐོག་གཞུང་དོན་སྒྲུབ་པ་དང་། ལེགས་བསྡུས་ཞིབ་གཉེར་གྱིས་དོ་དམ་བྱེད་པ། གཅིག་སྡུད་ཐོག་ཞབས་འདེགས་ཞུ་བ་བཅས་མངོན་འགྱུར་བྱ་ཐུབ། དུས་མཚུངས་སུ། “ལས་སྟེགས་མཉམ་སྤྱོད་དང་། ཐོན་ཁུངས་མཉམ་སྤྱོད། ཆ་འཕྲིན་སྤེལ་རེས”བཅས་ཀྱི་རྣམ་པ་གཏོད་རྒྱུར་རོགས་སྐྱོར་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་གི“ཆ་འཕྲིན་འཚོལ་བསྡུ་དང་། ཞིབ་འཇུག་དབྱེ་འབྱེད། བཀོད་འདོམས་བཀོད་གཏོང་། དྲ་སྦྲེལ་མཉམ་འགུལ”བཅས་དང་སྡེ་ཚན་ལས་བརྒལ་བ་དང་རིམ་པ་ལས་བརྒལ་བའི་མཐུན་སྦྱོར་གཉེར་སྐྱོང་གཞི་གཅིག་ཅན་མངོན་འགྱུར་བྱ་རྒྱུ་རེད།
ཝུན་ཅང་ཆུས་ཀྱིས་ཁྲིམས་སྐྱོང་རིག་གནས་ཐང་ཆེན་ཞིག་རོགས་སྐྲུན་བྱ་རྩིས་ཡོད་དེ། གསེར་རྟ་རྫོང་ཁྲིམས་འཛིན་ཅུས་ལ་གཞོགས་འདེགས་བྱས་ནས་གསེར་ཁོག་གྲོང་རྡལ་ཁྲིམས་སྐྱོང་རིག་གནས་ཐང་ཆེན་བསྐྲུན་ཏེ། ཁྲིམས་སྐྱོང་རིག་གནས་བོད་དུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་མིའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་བྱ་རྒྱུ་དང་། གསེར་རྟ་རྫོང་གི་གཞོན་ནུའི་ཁྱིམ་གཞིས་ལ་རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་མཁོ་འདོན་བྱས་ནས་གཞོན་ནུའི་ཁྱིམ་གཞིས་ལ་བསམ་བློའི་ཁྲིད་སྟོན་དང་། གཉེན་སྒྲིག་དང་གྲོགས་སྒྲིག །ལས་ཞུགས་ལས་གཏོད། སྤྱི་ཕན་དང་དང་བླངས། རིག་གནས་སློབ་གསོ་སོགས་ཀྱི་ཞབས་ཞུ་དེ་བས་ལེགས་པ་བྱེད་དུ་འཇུག་རྒྱུ་རེད། བཅའ་ཁྲིམས་རྒྱང་ཁྲིད་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཝུན་ཅང་ཆུས་ཀྱི“སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤྲིན་གྱི་ལས་སྟེགས”ལ་བརྟེན་ནས་གསེར་རྟ་རྫོང་ཁྲིམས་འཛིན་ཅུས་ལ་མཁྲེགས་ཆས་སྒྲིག་བཀོད་དང་མཉེན་ཆས་སྤྱོད་དུ་བཅུག་སྟེ། རྒྱང་ཁྲིད་འབྲེལ་གཏུག་བྱ་ཐབས་བརྒྱུད་བཅའ་ཁྲིམས་བློ་འདྲི་དང་རྩོད་གཞི་འདུམ་འགྲིག་སོགས་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་ལ“ཏང་འཛུགས་སྣེ་ཁྲིད”ལས་དོན་ལེགས་པོ་སྒྲུབ་པར་སྐུལ་འདེད་གཏང་རྒྱུ་སྟེ། གཞི་རིམ་བཅོས་སྐྱོང་དང་། ཏང་དང་མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས་འཛུགས་སྐྲུན། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་དང་རྒྱ་ཆེར་གཏོང་བ་སོགས་ཀྱི་གཙོ་གནད་ལ་དམིགས་ཏེ་གསེར་རྟ་རྫོང་དང་མཉམ་དུ་གཞི་རིམ་ཏང་རྩ་འཛུགས་ཡག་པོ་བཙུགས་ནས་གྲོང་གསེབ་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་གཏང་རྒྱུ་དང་། ས་གནས་གཉིས་ཀྱི་ཤང་གྲོང་གི་ཏང་འཛུགས་སྐྱོང་གི་ལས་དོན་ཐད་ཆ་སྒྲིག་མཉམ་སྐྲུན་བྱེད་པ་དང་། ཆ་སྒྲིག་བརྒྱུད་ཤེས་ལྡན་མི་སྣ་དང་། རིག་ནུས། སློབ་གསོ། རིག་གནས་སོགས་ཀྱི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱས་ཏེ་གསེར་རྟའི་ཤང་གྲོང་ཁག་དང་ཏང་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ། ཐོན་ལས་སོགས་ཐད་སྤེལ་རེས་དང་མཉམ་ལས་བྱས་ནས་དབུལ་གྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དེའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ནས་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་གཏང་རྒྱུ་རེད་དོ། །
རེས་སྐོར་གསུམ་པའི་རོགས་སྐྱོར་འཆར་འགོད།
རེས་སྐོར་གསུམ་པའི་ཁ་གཏད་རོགས་སྐྱོར་མ་དངུལ་དེ་སྐྱེ་ཁམས་ཞིང་འབྲོག་ལས་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་བསྡོམས་པས་མ་དངུལ་སྒོར་ཁྲི་11755གཏང་རྩིས་ཡོད་པ་དང་། དེའི་ཁྲོད་སྐྱེ་ཁམས་ཞིང་འབྲོག་ལས་རྣམ་གྲངས་ཀྱི་གྲས་སུ་གསེར་རྟ་རྫོང་ཞིང་འབྲོག་ལས་མཉམ་ལས་ཁང་གི་དཔེ་སྟོན་རྣམ་གྲངས(མིས་བཟོས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན)དང་། གསེར་རྟ་རྫོང་ཞིང་འབྲོག་ཐོན་རྫས་ཉོ་ཚོང་ལྟེ་གནས། གསེར་རྟ་རྫོང་ཐོན་ཚད་མཐོ་བའི་མིས་བཟོས་གཟན་རྩྭའི་རྟེན་གཞི། གསེར་རྟ་རྫོང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྩྭ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་བཅས་ཚུད་ཡོད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་སུ་གསེར་རྟ་རྫོང་གི་འབྲོག་པའི་གཞིས་སྡོད་ཁུལ་རིམ་སྤོར་དང་། གསེར་རྟ་རྫོང་གི་གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་འཛུགས་སྐྲུན། གསེར་རྟ་རྫོང་གི་གྲོང་གསེབ་དར་རྒྱས་སྔོན་ཐོན་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན། གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་ལྗང་འགྱུར་འཛུགས་སྐྲུན་བཅས་ཚུད་ཡོད། སྤྱི་པའི་ཞབས་ཞུའི་རྣམ་གྲངས་ནི་གསེར་རྟ་རྫོང་སྨན་རྫས་སྙིགས་རོ་ཐག་གཅོད་ལྟེ་གནས་བསྐྲུན་རྒྱུ་དེ་རེད།