དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བ་དང་།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཞིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྐྱེལ་བ”ཞེས་པའི་ལག་ལེན་བྱ་སྤྱོད་སྤེལ་འགོ་ཚུགས་པའི་ཡུལ་དངོས།
བྲག་འགོ་རྫོང་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་ཀུན་ལ་སྐྱེལ”ཞེས་པའི་བྱེད་སྒོ་སྤེལ།
དཀར་མཛེས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལག་ལེན་དངོས་ཀྱི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ནས་རྨང་གཞི་འདིང་བ་དང་། ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ནན་མོ་གཏོང་བ། སྤུས་ཚད་མཐོར་གཏོང་དང་དུས་མཚམས་གཞན་སྒྱུར་བཅས་རྒྱུན་རྣམ་གསུམ་གྱི་དུས་མཚམས་ཀྱི་གོ་རིམ་དབྱེ་ནས་ལག་བསྟར་བྱ་རྒྱུ་སྟེ། སྤྱི་ཟླ་9པའི་ཚེས་1ཉིན་གྱི་སྔོན་དུ་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ཚང་མས་ཆ་སྒྲིག་གཉེན་འཚོལ་གྱི་དུད་ཚང་དུ་བསྐྱོད་ནས་ལས་དོན་ཐེངས་དང་པོ་སྤེལ་བ་དང་། སྤྱི་ཟླ་10པའི་ཚེས་1ཉིན། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཚང་མས་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་ཐེངས་དང་པོ་བྱེད་དགོས། མིག་སྔའི་བར་དཀར་མཛེས་ཁུལ་གྱི་ཁུལ་རིམ་པའི་འགོ་ཁྲིད་44ཡིས་དུད་ཚང་132དང་ཆ་སྒྲིག་བྱས་ཏེ་ཐོག་མར་བསྐྱོད་པའི་ལས་དོན་སྤེལ་ཡོད།
དཀར་མཛེས་ཁུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ་བཙུགས་པའི་ས་ཁུལ་རིམ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཐོག་མ་ཡིན་ཞིང་། བོད་རིགས་དང་། རྒྱ་རིགས། དབྱིས་རིགས། ཧུའེ་རིགས། ཆའང་རིགས། འཇང་རིགས་སོགས་མི་རིགས་35དེ་གར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཀྱི་ཡོད། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྐྱེལ་བའི”ལག་ལེན་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་དཀར་མཛེས་ཁུལ་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་རྒྱུར་རོགས་འདེགས་བྱ་རྒྱུ་དེ་རེད།
“ཐེངས་འདིའི་ལག་ལེན་བྱ་སྤྱོད་ཐད་ཁྱབ་ཁུལ་འགན་འཁྲི་ལམ་ལུགས་ལག་ལེན་བསྟར་ནས་ཤར་དང་། ལྷོ། བྱང་བཅས་ཁྱབ་ཁུལ་གསུམ་ལ་དབྱེ་ནས་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ཏེ། གཞུང་ལས་མི་སྣ་65400ལྷག་ཙམ་ལ་ཁྱིམ་ཐོའི་ཁྱིམ་ཚང་264900ལྷག་ཙམ་དང་ཆ་སྒྲིག་ཆ་ཚང་བྱས་པའི་རྒྱུན་རྣམ་ལམ་སྲོལ་བཙུགས་ཡོད”ཅེས་བཤད། ལིའུ་ཝུའེ་ཡིས། ད་ལོའི་ལོ་མཇུག་ཏུ་དཀར་མཛེས་ཁུལ་གྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྐྱེལ་བའི་ལས་དོན་གྱི་སྔོན་ཐོན་ཚན་པ”དང་།“ཕུལ་བྱུང་སེ་འབྲུ་ལས་དོན་ཁང”“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁྱིམ་ཚང”བཅས་ཀྱི་སྒོ་བྱང་ཁག་ཅིག་ཚོད་ལྟ་བྱས་ནས། དེ་མཚུངས་ཀྱི་ཡར་སྐུལ་ལམ་སྲོལ་བཙུགས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི“སེམས་པ་གཅིག་མཐུན་གྱི་ཨ་ལོང”ཇི་ཙམ་གཉེར་བ་དེ་ཙམ་གྱིས་རྒྱ་ཆེ་རུ་གཏང་རྒྱུ་རེད་ཅེས་བཤད། །