སྒྲ་དང་སྐད་ནི་ཡ་ཐོག་བོད་མིའི་ནོར། །
ཡི་གེའི་རྣམ་གཞག་བོན་གྱི་མཁས་པའི་རྩལ། །
བརྡ་སྤྲོད་གཞུང་ལུགས་ཐུ་མིའི་བློ་ཡིས་སྤེལ། །
བོད་ཀྱི་མེས་པོའི་མཛད་རྗེས་ཕྱག་གི་ཡུལ། །
སྐད་དང་ཡི་གེ་མི་རིགས་རང་གི་སྲོག །
ཚན་རིག་སློབ་གསོ་དབང་སྒྱུར་སྟོབས་ཀྱི་གསོས། །
བརྡ་དག་ཉམས་མེད་རིག་པའི་འཕྲུལ་འཁོར་ཏེ། །
གངས་ལྗོངས་འཛུགས་སྐྲུན་དཔལ་དུ་ཕྱག་ལེན་མཛོད། །
ཚིག་སྦྱོར་སྙན་ཞིང་བརྡ་དག་སྦྱོར་བ་གསལ། །
དུས་གསུམ་ལས་ཚིག་སྐབས་ཐོབ་དོན་དང་བསྟུན། །
བདག་གཞན་མ་ནོར་བརྡ་སྤྲོད་གཞུང་ལྟར་སྦྱར། །
བདེ་བླག་རྟོགས་པ་གནའ་བོའི་མཁས་པའི་གསུང་། །
སྤྱིར་སྐད་དགོས་པའི་རེ་བ་འབྲུག་ལྟར་གྲགས། །
རང་ལུགས་ཡིག་ནོར་ཆར་གྱི་རྒྱུན་ལྟར་འབབ། །
མཁས་པའི་དཔྱད་རྩོམ་དུས་གསུམ་རྣམ་བཞག་འཛོལ། །
བརྡ་སྤྲོད་རིག་གཞུང་དེང་གི་དུས་འདིར་ཉམས། །
མིང་རྐྱང་རྣམས་ནི་བོད་ཀྱི་ཐ་སྙད་དངོས། །
ཚིག་གི་སྤྱིར་འགྲོས་རྒྱ་ཡི་སྐད་དང་བསྟུན། །
དུས་གསུམ་རྣམ་བཞག་བདག་གཞན་གོ་ལྡོག་ཅན། །
དེང་དུས་མཁས་པའི་གསུང་རྩོམ་གོ་བ་དཀའ། །
བརྡ་སྤྲོད་སྒོ་འབྱེད་ཐུ་མི་སམ་བྷོ་ཊ། །
ཉམས་པ་སླར་གསོ་སི་ཏུ་ཆོས་འབྱུང་རྗེ། །
དུས་གསུམ་གསལ་བྱེད་ཚོགས་ཤུལ་བླ་མ་རྣམས། །
བཀའ་དྲིན་བསྐལ་པའི་བར་དུ་བརྗེད་ཐབས་དཀའ། །
བྱ་ཚིག་དབྱེ་ལ་མཁྱེན་རབ་འོད་གསལ་མཁས། །
མཐའ་དཔྱད་རྣོ་བ་ཚེ་ཏན་ཞབས་དྲུང་རྗེ། །
དཀའ་གནད་དཀྲོལ་ལ་མི་ཉག་བུ་ཕྲུག་མཆོག །
དེང་རབས་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག་ཡིན། །
སྙིགས་མའི་དུས་སུ་སྙིང་རྗེའི་རང་གཟུགས་ཅན། །
ལྔ་བདོའི་དུས་འདིར་ལྔ་རིགས་སྤེལ་བའི་མགོན། །
བརྡ་སྤྲོད་རྣམ་བཤད་སྙན་ནས་སྙན་བརྒྱུད་པའི། །
གདམས་ངག་སྤེལ་མཛད་བདག་གི་བཤེས་རྣམས་གུས། །
དེང་དུས་བོད་སྤྱི་སྐད་དང་། བོད་སྐད་གཙང་མ་ཟེར་མཁན་ནི་ཇེ་མང་དང་། ཡིག་ནོར་དང་བརྡ་ནོར་འབྲི་མཁན་ནི་ཇེ་མང་དུ་འགྲོ་བའི་དུས་རབས་འདིར། སློབ་གྲྭ་དང་དགོན་སྡེ་ཀུན་ལ་བརྡ་སྤྲོད་རིག་པའི་འཆད་སྲོལ་ཉམ་ཉེས་ཆེ་བས་སློབ་མ་སྤྱི་བཏང་བ་ལྟ་ཅི། སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་། དགོན་པའི་མཁན་པོ་སོགས་མཁས་པའི་མཚན་སྙན་ཐོབ་པ་རྣམས་ཀྱང་རྟགས་ཀྱི་འཇུག་པའི་རྣམ་བཞག་ཕྱག་ལེན་སྐབས་སུ་ཁྱི་སྨྱོན་མགོ་ལ་དབྱུགས་པ་གཞུས་པ་ལྟ་བུའི་སྣང་ཚུལ་བྱུང་བ་འདི་ལ་དམིགས་ནས། མ་འོངས་བདུན་ཕྲག་རེའི་ནང་སུམ་རྟགས་གཉིས་ཀྱི་དཀའ་གནད་སྐོར་ལ་འདྲི་བ་གཏོང་རྒྱུ་ཡིན་པས་དེ་ལུགས་ལུང་རིགས་གཉིས་ཀྱི་སྒོ་ནས་ཚང་མས་གནད་དུ་འཁེལ་བའི་ལན་དྲིས་ལན་རེ་གནང་ཐུབ་པའི་རེ་སྒུག་བྱ་རྒྱུ་ཡིན། །
ཅེས་པའང་བོད་ཀྱི་བརྡ་སྤྲོད་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༥ལོའི་ཟླ་བ་༣པའི་ཚེས་༢༥ཉིན། རྒྱ་ནག་ཁྲེན་ཏུའི་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས་སོ། །