ཝང་ཞའོ་ཧུའེ་ཡིས་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་བར་མཆན་བཀོད་མཛུབ་སྟོན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-05



     དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་ས་འགུལ་གྱི་གནོད་སེལ་ལས་ཀ་ལེགས་པོར་བསྒྲུབས་ནས་གནོད་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན། 

     སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ཚད་རིམ་6.8ཅན་གྱི་ས་འགུལ་བྱུང་བ་དང་འགུལ་ཁུངས་ཀྱི་ཟབ་ཚད་ལ་སྟོང་སྨི16ཡོད་པ་རེད། ས་འགུལ་བྱུང་རྗེས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་འཕྲལ་དུ་ཁ་པར་བརྒྱུད་དེ་ལྕགས་ཟམ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་ལས་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མྱུར་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་ས་འགུལ་གྱི་གནོད་སེལ་ལས་ཀ་ལེགས་པོར་བསྒྲུབ་པ་དང་། འགུལ་ལྟེ་རུ་བསྐྱོད་དེ་གནོད་འཚེ་ཕོག་ཚུལ་ལ་མགྱོགས་མྱུར་སྒོས་ཞིབ་བཤེར་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱ་དགོས་པའི་བླང་བྱ་བཏོན། དུས་མཚུངས་སུ་ཞིང་ཆེན་སྲིད་གཞུང་གིས་མགྱོགས་མྱུར་སྒོས་མཁོ་བསྟུན་བཀོད་སྒྲིག་བྱས་ཏེ་ས་འགུལ་གྱི་གནོད་སེལ་ལས་ཀའི་མཛུབ་སྟོན་ལ་ཤུགས་སྣོན་དང་། མགྱོགས་མྱུར་སྒོས་གནོད་འཚེ་ཕོག་པའི་གནས་ཚུལ་ཤེས་རྟོགས་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་རྨས་མ་མྱུར་སྐྱོབ་བྱེད་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་པ། ནུས་ཤུགས་ཡོད་རྒུས་གནོད་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་མཆན་བཀོད་མཛུབ་སྟོན་གནང་། 

    ཝང་ཞའོ་ཧུའེ་ཡི་བཀའ་མངགས་ལྟར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་དེ་གནོད་ཁུལ་དུ་ས་འགུལ་གྱི་གནོད་སྐྱོན་སེལ་བའི་ལས་ཀར་མཛུབ་ཁྲིད་གནང་བར་ཕེབས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1