སྤྱི་ཟླ་9པའི་ཚེས་5ཉིན་གྱི་ཆུ་ཚོད་12དང་སྐར་མ་52ཀྱི་ཐོག །སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་ཉེ་འདབས་སུ(བྱང་གི་འཕྲེད་ཐིག་ཏུའུ་29.59དང་ཤར་གྱི་གཞུང་ཐིག་ཏུའུ་102.08)ས་འགུལ་རིམ་པ་6.8བྱུང་བ་དང་། འགུལ་ཁུངས་གཏིང་ཚད་སྤྱི་ལེ་16ལ་ཟིན། ད་སྔའི་བར་ས་འགུལ་ཁྲོད་དུ་དཀར་མཛེས་ཁུལ་ནས་མི་7རྐྱེན་ལམ་དུ་ཤོར་བ་དང་། གཡག་རྔ་གྲོང་ཁྱེར་ཧྲི་མེན་རྫོང་ནས་མི་14རྐྱེན་ལམ་དུ་ཤོར་བ་བཅས་བསྡོམས་པས་མི་21རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་འབྱོར་ཡོད་པ་དང་། དེས་མ་ཟད་འགྲོ་ལམ་དང་བརྡ་འཕྲིན། ཁང་པ་སོགས་ལ་གནོད་འཚེ་ཐེབས་ཚུལ་ཞིབ་དཔྱད་བྱེད་བཞིན་པའི་སྒང་ཡིན།
གསར་འགོད་པས་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས། དཀར་མཛེས་ཁུལ་གྱིས་དུས་ཐོག་ཏུ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྔོན་ཇུས་མྱུར་དུ་ལག་བསྟར་བྱས་ཤིང་། ལས་དོན་ཚོ་ཆུང་6བཙུགས་ནས། སྨན་བཅོས་མི་སྣ་དང་ཉེན་རྟོག་པ་སོགས་མི་635འགུལ་ཁུལ་དུ་བསྐྱོད་དེ་རོགས་སྐྱོར་དང་ཉེན་སེལ་ལས་དོན་སྤེལ་བཞིན་ཡོད་པ་རེད།
ས་འགུལ་བྱུང་རྗེས། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་འཕྲལ་མར་དཀར་མཛེས་ཁུལ་དང་ལྕགས་ཟམ་རྫོང་གི་འགོ་ཁྲིད་ལ་ཁ་པར་བཏང་བར་མ་ཟད། མཛུབ་སྟོན་བླང་བྱ་གནང་།
ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་ཁག་གི་སྣེ་ཁྲིད་དེ་ལྕགས་ཟམ་ཁ་རུ་སླེབས་པ་དང་། ད་ལྟ་གནོད་ཐེབས་འགུལ་ཁུངས་སུ་ཕེབས་ནས་འགུལ་འགོག་གནོད་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བཞིན་ཡོད། །