ཚལ་གུང་ཐང༌། འདི་ནི་ཚལ་ཡང་དགོན་དང་གུང་ཐང་དགོན་པ་གཉིས་མཉམ་དུ་འབོད་པའི་མིང་ཡིན། བྱང་ངོས་སུ་ཡོད་པའི་དགོན་པ་དེར་ཚལ་དགོན་དང༌། ལྷོ་ངོས་སུ་ཆགས་པའི་དགོན་པ་དེར་གུང་ཐང་གཙུག་ལག་ཁང་ཟེར་ཚལ་ཡང་དགོན་ནི་གུང་ཐང་བླ་མ་ཞང་བརྩོན་འབྲུས་གྲགས་པས་བོད་རབ་བྱུང་གསུམ་པའི་ཤིང་ལུག(1175)ལོར་ཕྱག་བཏབ་པ་དང༌། དེ་ནས་ལོ་བཅུ་གསུམ་སོང་བའི་མེ་ལུག(1187)ལོར་གུང་ཐང་གཙུག་ལག་ཁང་ཕྱག་བཏབ།
དགོན་པ་འདི་གཉིས་ལྷ་ས་གྲོང་ཁྱེར་ནས་སྐྱིད་ཆུ་བརྒལ་ཏེ་ཤར་ཕྱོགས་སུ་ལེ་དབར་བཅུ་ཙམ་སོང་བའི་སར་ཡོད། ཐོག་མའི་རྒྱ་ཁྱོན་ཇི་ཙམ་ཡོད་ཀྱི་ཡིག་ཆ་ངེས་གཏན་མ་མཐོང་ཞིང་ཚལ་པའི་ཁྲི་དཔོན་སངས་རྒྱས་དངོས་གྲུབ་དང༌། དགའ་བདེ་དཔལ་བ། སྨོན་ལམ་རྡོ་རྗེ་ཀུན་དགའ་རྡོ་རྗེ་སོགས་ཁྲི་དཔོན་རིམ་བྱུང་གི་སྐབས་རྒྱ་བསྐྱེད་བྱས་ནས་ཕྱོགས་བཞིར་རྒྱ་ཕིབས་དང༌། གནྗི་ར། གསེར་ཟངས་རྒྱལ་མཚན་སོགས་བཀོད་པ་ལེགས་ཤིང་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་ཚོད་འདུག་ཀྱང༌། རབ་བྱུང་དགུ་པའི་མེ་རྟ(1446)ལོར་གཙུག་ལག་ཁང་འདིར་མེ་སྐྱོན་ཆེན་པོ་བྱུང་སྟོ་འོག་ཏུ་གསལ་བ་ལྟར་གྱི་སྐུ་རྟེན་རྩ་ཆེའི་རིགས་ཉུང་ཤས་ཙམ་མ་གཏོགས་མ་ལྷག་པའི་ཉམས་ཆག་བློ་ཡུལ་ལས་འདས་པ་བྱུང༌། རྗེས་སུ་ཕག་མོ་གྲུ་པའི་གདན་རབས་འགའ་ཞིག་དང༌། སྐྱིད་ཤོད་དགའ་ལྡན་པའི་དཔོན་རབས་འགའ་ཞིག ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ། དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་དགེ་འདུན་ཕུན་ཚོགས། ཏྭ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐུ་མདུན་མཁན་པོ་བསྐལ་བཟང་ཡོན་ཏན་བཅས་ཀྱི་སྐབས་ཉམས་གསོ་དང་གསར་སྐྲུན་འགའ་ཞིག་གནང་བ་རེད།
དགོན་པ་ལྷོ་བྱང་གཉིས་སུ་བཞུགས་པའི་རྟེན་གསུམ་དང་གནའ་རབས་རིག་དངོས་སྐོར། དེ་སྔོན་ཚལ་པ་བཀའ་བརྒྱུད་ནི་ཡོན་རྒྱལ་རབས་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་སྐབས་གོང་མ་ཧུ་བི་ལི་སེ་ཆེན་ཧན་ནས་རྒྱལ་རབས་ཐ་མ་ཐོ་ཀེན་ཐེའི་མུར་བར་དུ་ཚལ་པའི་ཁྲི་དཔོན་རིམ་བྱུང་ལ་ཡོན་རྒྱལ་རབས་ཀྱི་ནང་བློན་རིམ་པ་འདྲ་བའི་གོ་གནས་ཡོད་ཐོག ལོ་ལྟར་ཕན་ཚུན་འཚམས་འདྲིའི་དངོས་སྐྱེས་འབུལ་རེས་རྒྱུན་མ་ཆད་པའི་སྟབས་ཀྱིས་རིན་ཐང་ཆེ་བའི་སྣོད་སྤྱད་དང༌། དར་གོས་ལས་བཟོས་པའི་ཐང་ཀ་སོགས་མང་ཞིང༌། ཁྲི་དཔོན་དང༌གདན་སའི་མཁན་པོ་རིམ་བྱུང་རྣམས་ཀྱིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཞིག་ཡོད་སྟབས་ཞིབ་ཆ་འབྲི་མ་ནུས་ཤིང་གཙོ་ཆེ་བའི་རིགས་འགའ་ཞིག་དཔེ་མཚོན་ཙམ་དུ་སྨྲོས་ན། བྱང་ངོས་ཀྱི་ལྷ་ཁང་ཆེན་མོའི་ནང༌། གུང་ཐང་བླ་མ་ཞང་རང་ཉིད་སྐུ་འདའ་ཁར་བཞེངས་གནང་བའི་སྐུ་འབུམ་ཆེན་མོ་ཐོག་ཚད་གཉིས་ལྷག་ཙམ། ལྷ་ཆེན་དཔལ་འབར་ཞེས་གྲགས་པའི་སྟོན་པ་ཐུབ་པའི་དབང་པོའི་འཇིམ་སྐུ་མཐོ་ཚད་སྤྱི་ཁྲེ་བདུན་ལྷག་ཙམ་ཞིག དེའི་མཐའ་བསྐོར་དུ་ཉེ་སྲས་བརྒྱད། ཚེ་དཔག་མེད་དང་སྒྲོལ་དཀར་གྱི་གསེར་སྐུ། ནུབ་ངོས་ཀྱི་ལྷ་ཁང་ཀ་བཞི་མའི་ནང༌། བླ་མ་ཞང་གི་འདྲ་སྐུ་གསུང་བྱོན་མར་གྲགས་པ་དང༌། ཉེ་གནས་དར་མ་གཞོན་ནུའི་འདྲ་སྐུ།
མར་པ་ལོ་ཙྭ་བ་དང་མི་ལ་རས་པའི་འདྲ་སྐུ། ཕྱིས་སུ་བཞེངས་པའི་ཏྭ་ལའི་བླ་མ་སྐུ་ཕྲེང་བདུན་པའི་གསེར་སྐུ་སོགས། ཤར་ངོས་ཀྱི་ལྷ་ཁང་ཆེ་མོའི་ནང༌། བླ་མ་ཞང་གི་གདུང་རྟེན། གསེར་ཟངས་ཀྱི་སྒྲོལ་དཀར་སྐུ་བརྙན། ཇོ་བོ་རྗེ་དང༌། རྔོག་ལེགས་པའི་ཤེས་རབ་འབྲོམ་སྟོན་པ་གསུམ་གྱི་འཇིམ་སྐུ། ཧུ་བི་ལི་སེ་ཆེན་ཧན་གྱི་ཐུགས་དམ་ལྷ་ཁང་དུ་ཡོན་རྒྱལ་རབས་ཀྱི་གོང་མ་ཨོལ་ཇ་ཐུས་བསྐུར་བའི་ཧུ་བི་ལི་སེ་ཆེན་ཧན་གྱི་འདྲ་སྐུ་གོས་སྐུ་ཆེན་མོ་གཟི་བརྗིད་མཐའ་ཡས། ཁྲི་དཔོན་སྨོན་ལམ་རྡོ་རྗེའི་སྐབས་བཞེངས་པའི་གསེར་བྲིས་ཀྱི་བཀའ་འགྱུར་དང༌། དབུས་ཕྱོགས་འདིར་གསར་བཞེངས་ཐེངས་དང་པོ་ཡིན་པའི་བཀའ་འགྱུར་ཆོས་པོད་ཉིས་བརྒྱ་ལྔ་བཅུ་ཐམ་པ། ཁྲི་དཔོན་ཀུན་དགའ་རྡོ་རྗེས་བུ་སྟོན་རིན་པོ་ཆེ་ཞུས་དག་གནང་མཁན་དུ་གདན་དྲངས་ནས་གསར་བཞེངས་པའི་ཚལ་པ་བཀའ་འགྱུར་བོད་དབུས་གཙང་ཁམས་གསུམ་དུ་སྙན་གྲགས་ཆེ་བ་དེར་པོད་ཉིས་བརྒྱ་དང་དྲུག་ཅུ་ཡོད་པ།
གུང་ཐང་དགོན་པའི་ཆོས་གཞིས་མི་སེར་སྐོར། དེ་སྔོན་ཚལ་པའི་དཔོན་རབས་བཞི་པ་དཔོན་སངས་རྒྱས་དངོས་གྲུབ་ཀྱིས་རབ་བྱུང་བཞི་པའི་ཆུ་སྦྲུལ(1233)ལོ་ནས་མེ་འབྲུག
(1256)ལོ་བར་སྡེ་དཔོན་བྱས་རིང༌། དགེ་བཤེས་དར་ཚུལ་བ་སོགས་མི་སྣ་མང་པོ་ཞིག་ཧུ་པི་ལི་སེ་ཆེན་ཧན་རྒྱལ་པོ་མ་བྱས་གོང་ནས་འབྲེལ་བ་བཙུགས་ཐོག་ཚལ་གུང་ཐང་གི་ཁོངས་གཏོགས་མི་སེར་ཐམས་ཅད་ཧུ་བི་ལི་ལ་ཕུལ་ནས་མགོ་བཏགས་ཞུས་ཏེ། ཚལ་པའི་སྡེ་དཔོན་རིམ་བྱུང་ལ་ཡོན་རྒྱལ་རབས་ཀྱི་རྒྱབ་སྐྱོར་ཁས་ལེན་བྱས། དེ་རྗེས་དེའི་བུ་དཔོན་རིན་ཆེན་རྒྱལ་མཚན་གྱིས་རབ་བྱུང་བཞི་པའི་ཆུ་ཡོས(1243)ལོ་ནས། རབ་བྱུང་ལྔ་པའི་ས་འབྲུག(1268)ལོ་བར་སྡེ་དཔོན་བྱས། རབ་བྱུང་བཞི་པའི་ས་ལུག(1259)ལོར་ཧུ་པི་ལི་སེ་ཆེན་ཧན་གོང་མ་མ་བྱས་གོང་ཙམ་དུ་མཇལ་ཤིང༌། དེའི་ཕྱི་ལོ་གོང་མས་བྱས་རྗེས་དངུལ་དང༌། གོས་དར་གྱི་སྐྱེས་མང་པོ་གནང་ཐོག ཆ་ཞོགས་དར་སྤྲས། འབྲམ་གླང་ཡེར། ལྷག་གླགས་བ་ལམ། ལོ་བྱང་བྱི། སྲི་ཞལ་ཡུལ་བཞི། བྱང་སྐལ་སྡེ་ལྔ། ཉང་བྲན་དོག་བདེ། སྟོད་ལུང་ཕུ་མདའ། སྙེ་ཐང་ཚམ་གསུམ། ལྷ་འབྲུག་གཉིས། སྐུལ་མཆིང་རུ། ཡར་འབྲོག་སྒང་གསུམ། གྲ་དོལ་གཞུང་གསུམ། སླེའུ་ཆུང༌། སྒྲགས་འཕྲང་པོ། མཁར་ཆུ། ཟུང་མཁར་ཁ་རག རབ་བཙུན། སྣོན་གསར་རྒྱལ་སྡེ། གྲིབ་སོགས་གུང་ཐང་གཙུག་ལག་ཁང་ཞིག་གསོའི་ཐེབས་སུ་གནང༌། དེ་རྗེས་དཔོན་རབས་བདུན་པ་ཁྲི་དཔོན་དགའ་བདེ་དཔལ་གྱིས་རབ་བྱུང་ལྔ་པའི་ཆུ་བྱ(1273)ལོ་ནས་མེ་བྱ(1297)ལོ་བར་ཁྲི་དཔོན་བྱས་རིང་གོང་མ་ཧུ་པི་ལི་མཇལ་བར་པི་ཅིང་དུ་ཐེངས་བདུན་སོང་སྟེ་དེ་སྔོན་ས་ཆ་དང་མི་སྡེ་ཚུར་རྩིས་མ་སྤྲད་པ་འགའ་ཞིག་ཡོད་པ་རྣམས་རྩིས་བླངས། རྗེས་སུ་ཁྲི་དཔོན་ཀུན་དགའ་རྡོ་རྗེས་རབ་བྱུང་ལྔ་པའི་ཆུ་ཕག(1323)ལོ་ནས་རབ་བྱུང་དྲུག་པའི་ས་བྱི(1348)ལོ་བར་ཁྲི་དཔོན་བྱས་ཏེ། རྗེས་སུ་འབྲི་གུང་པ་དང་གཡའ་ཕག་གཉིས་ཀྱི་ཕྱོགས་སུ་ལངས་ཏེ་ཏྭ་སི་ཐུ་བྱང་ཆུབ་རྒྱལ་མཚན་དང་མ་མཐུན་པའི་རྐྱེན་གྱིས་ཧུ་པི་ལི་སེ་ཆེན་ཧན་གྱི་སྤྲད་པའི་ཚལ་པའི་མི་སྡེ་མང་ཆེ་བ་ཤོར་ནས། སྲིད་དབང་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཡོངས་སུ་ཉམས་པའི་འགོ་ཚུགས་པ་ཡིན།།