ཞིང་ཆེན་ཏང་ཨུས་རྒྱུན་ཨུའི་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 09-07



        ཟླ་བ་དགུ་པའི་ཚེས་དྲུག་ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དཀར་མཛེས་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་བར་མཛུབ་སྟོན་གལ་ཆེན་གནང་བ་དང་། ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བཏོན་ནས། གནོད་སེལ་རྒུད་སྐྱོབ་ཀྱི་གནས་ཚུལ་སྙན་སེང་ལ་གསན་པ་དང་། རྗེས་མའི་ལས་ཀ་ཇི་ལྟར་བསྒྲུབ་རྒྱུར་ཞིབ་འཇུག་དང་གཅིག་གྱུར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་རེད།


        གྲོས་ཚོགས་ཐོག ཏང་ཀྲུང་དབྱང་གིས་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་བའི་གནོད་འཚེའི་གནས་ཚུལ་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཚེ་སྲོག་མྱུར་དུ་སྐྱོབ་པ་ལས་འགན་དང་པོར་བརྩིས་ནས། ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་མྱུར་སྐྱོབ་དང་ས་འགུལ་གནས་ཚུལ་ལྟ་ཞིབ་ཚད་ལེན་ཇེ་དྲག ཞོར་བྱུང་གནོད་འཚེ་འབྱུང་བར་སྔོན་འགོག གནོད་ཐེབས་མང་ཚོགས་ཉེན་གཡོལ་བདེ་འགོད་ལས་ཀ་ཡག་པོ་སྒྲུབ་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུ་ཡིས་མཛུབ་སྟོན་ཇེ་དྲག་དང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་ལ་མཐུན་སྦྱོར་བྱས་ཏེ་ལས་ཀ་སྒྲུབ་པ་སོགས་བཀོད་སྒྲིག་གལ་ཆེན་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད། ཙུང་ལི་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧོ། ཀའོ་ཧྲེང་ཁུན། ཝང་ཡུང་། ཞའོ་ཅའེ། ཀྲའོ་ཁེ་ཀྲི་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་མཆད་བཀོད་མཛུབ་སྟོན་གནང་ནས། བླང་བྱ་གལ་ཆེན་བཏོན་པ་དེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ས་འགུལ་གནོད་ཐེབས་མི་དམངས་ལ་ཐུགས་ཁུར་ཟབ་མོ་བྱེད་བཞིན་ཡོད་ལ། ང་ཚོའི་གནོད་སེལ་རྒུད་སྐྱོབ་ལས་ཀ་དང་དེ་ལས་རྣམ་པར་རྒྱལ་བའི་ཆོས་ཉིད་དང་ཡིད་ཆེས་ཇེ་དྲག་བཏང་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་ནས། ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་ཞེས་བསྟན་པ་རེད།

        གྲོས་ཚོགས་ཐོག  ས་འགུལ་བྱུང་རྗེས། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཡོད། གནོད་འཚེ་ཐེབས་པའི་གྲོང་ཁྱེར་དང་ཁུལ། རྫོང་བཅས་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་མགྱོགས་མྱུར་ལས་ཀ་ལས་ནས། རོགས་སྐྱོབ་སྟོབས་ཤུགས་རིགས་སོ་སོས་བབ་བསྟུན་རོགས་རམ་བྱས་ཤིང་། གནོད་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ཏེ། དུས་ཚོད་དམ་འཛིན་གྱི་མྱུར་སྐྱོབ་རོགས་སྐྱོར་གྱི་དམིགས་བསལ་ལས་ཀ་བསྒྲུབས་རེད། གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀ་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་པ་དང་། གནོད་ཐེབས་མང་ཚོགས་གཞི་རྩའི་ཆ་ནས་བདེ་འཁོད་བྱས་ཡོད་ལ། གནོད་ཁུལ་གྱི་སྤྱི་ཚོགས་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རེད། ཡིན་ཡང་། ཐེངས་འདིའི་ས་འགུལ་ལ་གཏོར་བཤིག་རང་བཞིན་ཆེ་བ་དང་གནོད་ཁུལ་དུ་འགུལ་འཕྲོ་ཡང་དང་བསྐྱར་དུ་འབྱུང་བཞིན་ཡོད་པས་ཞོར་བྱུང་གནོད་འཚེའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཤིན་ཏུ་ཆེ། ཉེན་སེལ་རོགས་སྐྱོབ་དེ་ད་ལྟར་ནད་འགག་གི་དུས་ལ་སླེབས་ཡོད་པ་རེད། གནོད་འཚེ་གནས་ཚུལ་ནི་བཀའ་རྒྱ་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས་ལ། མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གནོད་སེལ་རྒུད་སྐྱོབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ལ་འགན་སྲུང་ཅི་ཐུབ་བྱས་ནས། གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀ་འདི་ལས་རྣམ་པར་རྒྱལ་དགོས་ཞེས་བཏོན་པ་རེད།

        གྲོས་ཚོགས་ཐོག ཚེ་སྲོག་མྱུར་སྐྱོབ་དེ་ལས་འགན་ཨང་དང་པོར་བརྩིས་ནས། དུས་ཚོད་སྐར་ཆ་རེ་རེ་དམ་འཛིན་བྱས་ཏེ་འཚོལ་སྐྱོབ་བྱེད་དགོས། ཆུ་ཚོད་དོན་གཉིས་ཀྱི་རྫོགས་ལྡན་མྱུར་སྐྱོབ་དུས་ཚོད་དམ་འཛིན་བྱེད་པ་དང་། ཆེད་ལས་རུ་ཁག་དང་སྔོན་ཐོན་རོགས་སྐྱོབ་སྒྲིག་ཆས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་རྩ་འཛུགས་ལུགས་མཐུན་བྱས་ཏེ། གྲོང་ཚོ་དང་ཁྱིམ་ཚང་དུ་སྐྱོད་ནས་འཚོལ་སྐྱོབ་ཞིབ་ཕྲ་བྱེད་པ་དང་། ཁང་པ་ལོག་ཡོད་པ་སོ་སོར་གྲལ་བཤེར་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་འཚོལ་སྐྱོབ་དང་། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཞིང་ཆེན་དང་ཁུལ། གྲོང་ཁྱེར། རྫོང་བཅས་ཀྱིས་སྨན་བཅོས་ཐོན་ཁུངས་གཅིག་གྱུར་བཀོད་འདོམས་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་རྨས་མ་མྱུར་སྐྱོབ་བྱེད་པ་དང་སྨན་པ་དགོས་སར་མྱུར་དུ་སྨན་པ་མངགས་པ་དང་། སྨན་ཁང་བརྗེས་ནས་སྨན་བཅོས་བྱེད་དགོས་པར་འགན་སྲུང་ནན་མོ་བྱས་ཏེ། རྐྱེན་ལམ་དུ་ཤོར་ཚད་དང་དབང་སྐྱོན་ཅན་དུ་འགྱུར་ཚད་ཉུང་དུ་གཏོང་གང་ཐུབ་དགོས་ཞེས་བསྟན་པ་རེད།

        གྲོས་ཚོགས་ཐོག ཞོར་བྱུང་གནོད་འཚེ་འབྱུང་བར་འགོག་སྲུང་ནན་མོ་བྱེད་དགོས་ལ། གནོད་ཐེབས་མང་ཚོགས་ཀྱི་ཉེན་གཡོལ་བདེ་འཁོད་ལས་ཀ་ཡག་པོ་བསྒྲུབ་དགོས། འགུལ་འཕྲོའི་གནོད་འཚེ་འགོག་སྲུང་ནན་མོ་བྱེད་པ་དང་། འགུལ་འཕྲོ་ལྟ་ཞིབ་ཚད་ལེན་ཉེན་བརྡ་ཇེ་དྲག་དང་། རི་ཉིལ་བ་དང་རྡིབ་པ། འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཇེ་དྲག་གཏོང་དགོས་པ་དང་། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཡོད་ས་གསར་པ་དག་འབུད་ཡོངས་སུ་བྱེད་དགོས་ལ། བློ་ཐག་རྦད་བཅད་ཀྱིས་ཉེན་ཁ་ཡོད་པའི་མང་ཚོགས་གནས་སྤོས་ནས། ཉེན་ཁ་ཆེན་པོ་མེད་པར་བྱེད་དགོས། གནོད་ཐེབས་མང་ཚོགས་བདེ་འཁོད་ཡག་པོ་བྱས་ཏེ། གནོད་ཁུལ་གྱི་ཁྱིམ་ལུས་བྱིས་པ་དང་ཁེར་ལུས་རྒན་རྒོན་སོགས་ལ་ཐུགས་ཁུར་དང་བརྩེ་བས་སྐྱོང་དགོས། དཀའ་ཁག་ཡོད་ན་དུས་ལྟར་རོགས་སྐྱོབ་ཐུབ་པར་བྱེད་དགོས། འཕྲོད་བསྟེན་རིམས་འགོག་ལས་ཀ་ཡག་པོ་སྒྲུབ་དགོས་ལ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལྷོད་གཡེང་མི་བྱེད་པར་ཇེ་དྲག་གཏོང་དགོས་ལ། སྲོག་ཆགས་ཤི་རོ་དང་སྨན་བཅོས་གད་སྙིགས། འཚོ་བའི་གད་སྙིགས་སོགས་དུག་སེལ་དང་མེད་པར་བཟོས་ནས། གནོད་རྗེས་སུ་རིམས་ནད་མི་འབྱུང་བར་བྱེད་དགོས་ཞེས་བསྟན་པ་རེད། 

        གྲོས་ཚོགས་ཐོག བགྲོད་ལམ་ཐོགས་མེད་དང་དངོས་ཟོག་མཁོ་འདོན་ཡག་པོ་དང་། གནོད་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ།  ནུས་ཤུགས་གཙོ་བོ་མགྱོགས་མྱུར་ལེགས་སྒྲིག  གནོད་ཁུལ་དུ་བསྐྱོད་པའི་བགྲོད་ལམ་གཙོ་བོ་མགྱོགས་མྱུར་ཤར་གཏོང་། འགྲིམ་འགྲུལ་ལྟ་སྐུལ་དོ་དམ་ཚན་རིག་དང་མཐུན་པའི་ལག་བསྟར་བཅས་བྱས་ནས། བབ་བསྟུན་ཉེན་སེལ་རླངས་འཁོར་ཐོགས་མེད་རྒྱུ་ཐུབ་པར་བྱེད་དགོས། གནོད་པ་ཐེབས་པའི་སྒྲིག་ཆས་མགྱོགས་མྱུར་ཞིག་གསོ།  གནོད་ཁུལ་གྱི་གློག་ཤུགས་དང་བརྡ་འཕྲིན། ཆུ་འདོན། དྲོད་འདོན་སོགས་འགན་སྲུང་བྱེད་དགོས། གནོད་སེལ་དངོས་ཟོག་ལེགས་སྒྲིག་སྐྱེལ་འདྲེན་མགྱོགས་མྱུར་རྩ་འཛུགས། ཚན་རིག་དང་གོ་རིམ་ལྡན་པའི་བགོ་བཤའ། གནོད་སེལ་རྒུད་སྐྱོབ་དངོས་ཟོག་མང་ཚོགས་ཀྱི་ལག་ཏུ་སྤྲད་ནས། གནོད་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་བསྐོང་གང་ཐུབ་བྱེད་དགོས་ཞེས་བཏོན།

        གྲོས་ཚོགས་ཐོག  མང་ཚོགས་ཀྱི་ལས་ཀ་ཞིབ་ཕྲ་དང་ཡག་པོ་བསྒྲུབས་ནས། གནོད་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ཐུབ་པར་བྱེད་དགོས། རྐྱེན་ལམ་དུ་ཤོར་བའི་མི་སྣའི་རྗེས་ཕྱོགས་ལས་ཀ་ཡག་པོ་སྒྲུབ་པ། མང་ཚོགས་ལ་སེམས་གསོ་བྱེད་པ། གནོད་ཐེབས་མི་སེར་གྱི་སྐྲག་སྣང་མེད་པར་བཟོ་བ་དང་རང་སྐྱོབ། ཕན་ཚུན་རོགས་རམ་བྱེད་དུ་འཇུག་དགོས། དྲང་ཕྱོགས་གླེང་ཕྱོགས་དྲིལ་བསྒྲགས་ཇེ་དྲག་དང་། དུས་ཐོག་ཏུ་དབང་གྲགས་ལྡན་པའི་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས། སྤྱི་ཚོགས་ཀྱི་དོ་སྣང་བྱེད་སར་ལན་སློག་པ། ཡིད་ཆེས་བརྟན་པོ་དང་སྐུལ་མ་བྱེད་པ། མི་སེམས་གསོ་བ་བཅས་བྱེད་དགོས། གནོད་ཁུལ་སྤྱི་ཚོགས་ཐོག་ཁྲིམས་ལྟར་བཅོས་སྐྱོང་དང་། བཅའ་སྡོད་སྐོར་ཞིབ་ཡག་པོ། འགལ་བ་དང་རྩོད་གཞི་མེད་པར་བཟོ་བ་དང་ཐག་གཅོད་ཡག་པོ་བྱེད་དགོས། གནོད་འཚེ་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་དགོས། ཟླ་གོར་དུས་ཆེན་བཀོད་སྒྲིག་ཡག་པོ་བྱས་ནས། གནོད་ཁུལ་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་བརྩེ་བ་ཉམས་སུ་མྱོང་ཐུབ་པར་བྱེད་དགོས་ཞེས་བཏོན།

        གྲོས་ཚོགས་ཐོག  གནོད་སེལ་རྒུད་སྐྱོབ་དང་རིམས་འགོག་ལས་ཀ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། སི་ཁྲོན་ཞིང་ཆེན་གྱི་བརྒྱད་པའི་ཚེས་བདུན་ཉིན་གྱི་རིམས་ནད་མཆེད་པ་ནས་བཟུང་། དཀའ་སྤྱད་སྡུག་རུས་བྱེད་པ་བརྒྱུད། རིམས་ནད་མགྱོགས་མྱུར་དུ་མི་མཆེད་པར་བྱས་ཡོད། རེད་དེ་ས་ཁུལ་ཁ་ཤས་སུ་ད་རུང་རིམས་ནད་གནས་ཚུལ་ཛ་དྲག་ཡིན་པས། ངེས་པར་དུ་ནུས་ཤུགས་གཅིག་སྒྲིམ་དང་མུ་མཐུད་དུ་འབད་པ་བྱས་ནས། སྤྱི་ཚོགས་ཐོག་ནད་པ་མེད་པར་བཟོ་དགོས། ཁྲེང་ཏུའུ་ཡི་རིམས་ནད་འགོག་པར་དོ་སྣང་དང་། གྲོང་མི་ཡོངས་ལ་མུ་མཐུད་དུ་ཉིང་སྐྱུར་བརྟག་དཔྱད་བྱས་ནས། དུས་ཚོད་ཐུང་ཐུང་ནང་རིམས་ནད་ལས་རྣམ་པར་རྒྱལ་གང་ཐུབ་བྱེད་དགོས། རིམས་ནད་མཆེད་པའི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱིས་དོ་དམ་བྱེད་དགོས་པར་དོ་དམ་ཡག་པོ་བྱས་ནས། རིམས་ནད་ཕྱིར་མཆེད་པར་སྔོན་འགོག་ནན་མོ་བྱེད་དགོས། མི་འདང་ས་དང་གནད་དོན་ཡོད་ས་ལ་དམིགས་ནས་དག་ཐེར་གང་ཐུབ་བྱེད་དགོས། རྒྱལ་ཁབ་ལས་སྒྲུབ་ཚོ་ཆུང་གིས་བཏོན་པའི་གནད་དོན་དོན་འཁྱོལ་གྱི་འགན་འཁྲི་དང་རེ་རེ་བཞིན་དག་ཐེར་བྱེད་དགོས། མང་ཚོགས་ཀྱི་སེམས་ཁུར་བྱེད་སར་དོ་སྣང་དང་། དྲང་ཕྱོགས་དྲིལ་བསྒྲགས་དང་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱས་ནས། མང་ཚོགས་ཀྱིས་རིམས་ནད་ལྟ་བ་ཡང་དག་འཛིན་པ་དང་རིམས་འགོག་ཡིད་ཆེས་ཟབ་མོ་ཡོང་བར་བྱེད་དགོས། སྤྱི་ཚོགས་ཡོངས་རིམས་འགོག་ནང་ཞུགས་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བཏོན་པ་རེད།

        གྲོས་ཚོགས་ཐོག  མིག་སྔའི་སི་ཁྲོན་ཞིང་ཆེན་དཀའ་ཁག་མང་པོ་དང་འགྲན་སློང་མང་པོ་ལ་འཕྲད་ཡོད། རེད་དེ་དཀའ་ཁག་ཅི་འདྲ་ཆེ་ན་ཉམས་ཚད་དེ་ཙམ་ཆེ། དམིགས་བསལ་ཀྱི་དུས་སྐབས་སུ་གཏོང་ཕོད་ཆེ་བའི་སྙིང་སྟོབས་དང་བྱ་སྤྱོད་དགོས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོ་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་གཏིང་ཤུགས་རྒྱུན་འཁྱོངས་དང་ཡིད་ཆེས་ཟབ་མོ། དཀའ་ངལ་ལ་མི་སྐྲག་པ་དང་འབད་པ་ཡུན་རིང་བྱེད་པའི་བྱ་སྤྱོད་དར་སྤེལ་གཏོང་བ། གནོད་སེལ་རྒུད་སྐྱོབ་དང་རིམས་འགོག་ཡག་པོ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀ་ཁག་ཡག་པོ་སྒྲུབ་པ། རང་ཉིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ཞིང་ཆེན་ཡོངས་ལ་བྱས་རྗེས་ཆེན་པོ་འཇོག་པ། གནོད་སེལ་རྒུད་སྐྱོབ་དང་རིམས་འགོག་ལས་རྣམ་པར་རྒྱལ་གང་ཐུབ་བཅས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་འགྲུབ་གང་ཐུབ་བྱེད་དགོས་ཞེས་ནན་གྱིས་བཏོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1