ལས་ཕྱོད་ཆེ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱ་ཆེད། “གནས་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ”བརྩོན་ལེན་བྱས་ཤིང་། ཟླ་9ཚེས་5ཉིན་ནས་ཟླ་9ཚེས་7ཉིན་བར། ཆུ་ཆེན་རྫོང་གིས་གོ་རིམ་ལྡན་པའི་ངང་མང་ཚོགས་སྒྲིག་འཛུགས་བྱས་ནས་གཅིག་གྱུར་ཐོག་ཉིང་སྐྱུར་བརྟག་དཔྱད་ནང་ཞུགས་པའི་རྨང་གཞིའི་ཐོག་འགྲོ་འོང་མི་བདེ་བ་དང་ལོ་ན་མཐོ་བའི་རྒན་རྒོན། སྦྲུམ་མ་དང་བུ་མོ། ལོགས་སུ་ལུས་པའི་མི་སྣ་སོགས་དམིགས་བསལ་མི་ཚོགས་ལ་དམིགས་ནས“སྒོ་ཁར་ཞབས་འདེགས་བྱས”པས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད།
“སྒོ་ཁར་ཞབས་འདེགས་ཞུ་བའི”བྱེད་སྒོ་སྤེལ་བ་དེས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དམངས་ཡོངས་ལ་ཁྱབ་པ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། བདེ་འཇགས་ཀྱི་སྣང་བ་བཅས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཁོང་ཚོ་ནི་གོས་དཀར་གྱོན་པའི་འཐབ་འཛིང་པ་ཞིག་ཡིན་ཞིང་། རིམས་ནད་འགོག་བཅོས་ཀྱི་འཐབ་ས་མདུན་མར་བསྐྱོད་ནས་ང་ཚོའི་བདེ་འཇགས་དང་བདེ་ཐང་ཆེད་སྲ་ཞིང་བརྟན་པའི་རིམས་འགོག་གི་མཁར་རྫོང་ཞིག་བསྐྲུན་པར་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད།