ས་འགུལ་བྱུང་རྗེས་དུས་ཚོད་བཅུའི་རིང་ལ“ཁེར་ཆགས་གླིང་ཕྲན”བར་རྐང་ཐང་དུ་ཕར་འགྲོ་ཚུར་འོང་བྱས་ནས་བཀག་སྡོམ་ཐེབས་པའི་མང་ཚོགས་བརྒྱུད་སྤོས་བྱས།
“དཔུང་སྡེའི་ནང་དུ་ལོ་ན་ཆེས་མཐོ་ཤོས་ལོ70ལོན་པའི་མི་རྒན་པ་དང་ལོ་ན་ཆེས་ཆུང་ཤོས་ལོ་ན1ལྷག་ཙམ་མ་གཏོགས་མ་སོན་པའི་ཕྲུ་གུའང་ཡོད། ང་ཚོའི་ཆེད་འགན་འཁུར་མཁན་ཉེན་རྟོག་པ90ལྷག་ཙམ་གྱིས་བཀག་སྡོམ་ཐེབས་པའི་མང་ཚོགས120ལྷག་ཙམ་ས་འགུལ་གྱི་ལྟེ་གནས་ཀྱི‘ཁེར་ཆགས་གླིང་ཕྲན’དུ་བརྗོད་པའི་འབོ་ཞབས་གྲོང་རྡལ་འཆམ་མཐུན་གྲོང་སྡེ་ནས་གྲོང་རྡལ་ལྟེ་གནས་ཀྱི་གངས་དཀར་ཐང་ཆེན་གྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བརྒྱུད་སྤོས་བྱས་པ་ཡིན། ལམ་བར་དུ་གཡང་གཟར་གྱི་རི་ངོས་དང་འགག་འཕྲང་བརྒྱུད། རི་འཛེག་ཆུ་བརྒལ།རྐང་ཟམ་སོགས་བརྒྱུད་ནས་ཉིན་དེའི་དགོང་མོའི་དུས་ཚོད9པའི་ལྷག་ཙམ་གྱི་སྐབས་སུ་མི་ཚང་མ་ཉེན་མེད་ངང་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་བ་ཡིན”ཞེས་སྤྱི་ཟླ9པའི་ཚེས7ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པ་ལྷག་ཙམ་དུ་གསར་འགོད་པས་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཆེད་འགན་འཁུར་མཁན་ཉེན་རྟོག་ཡན་ལག་རུ་ཁག་རུ་ཆེན་གཉིས་པའི་འགན་འཁུར་བ་ལུའུ་ཡུན་ཐའོ་དང་འབྲེལ་བ་བྱས་སྐབས་དེ་ལྟར་ངོ་སྤྲོད་བྱས་པ་རེད།
ས་འགུལ་བྱུང་ཡུལ་དུ་གུར་ཕུབ་པར་བྲེལ་བཞིན་པའི་ལུའུ་ཡུན་ཐའོ་ནི་ཉིན་འདིའི་རིང་ལ་དྲྭ་ལམ་སོ་སོར་སྐད་གྲགས་ཆོད་པའི་ལག་པས་ས་བརྐོས་ནས་མི་སྐྱོབ་མཁན་གྲས་ཀྱི་མི་སྣ་གཙོ་བོ་དེ་རེད། ཁོས་ལག་པས་ས་བརྐོས་ནས་རྡིབ་ཞབས་འགྲོ་བའི་མི་སྣ་བསྐྱབས་པ་རེད། སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག། ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས་ལུའུ་ཡུན་ཐའོ་ཁུལ་སྤྱི་བདེ་ཅུས་ཆེད་འགན་འཁུར་མཁན་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་མི240དང་མཉམ་དུ་འཕྲལ་མར་འཛོམས་ནས་ཉིན་དེའི་ཕྱི་དྲོའི་ཆུ་ཚོད2དང་སྐར་མ20ཐོག་འབོ་ཞབས་གྲོང་རྡལ་དུ་བསྐྱོད། དེ་ནི་ས་འགུལ་གནས་སུ་འབྱོར་བའི་རོགས་སྐྱོབ་སྟོབས་ཤུགས་ཚན་པ་དང་པོ་རེད།
“སྐབས་དེར། ཁང་པ་རྡིབ་པས་ཐོག་བརྩེགས་ལྔ་བ་དེ་ཐོག་བརྩེགས་གསུམ་པ་ཅན་དུ་གྱུར་འདུག་པར་མ་ཟད་མི་ཡང་རྡིབ་ཞབས་སོང་། ཉེ་འཁོར་གྱི་གྲོང་མིས་རྡིབ་ཞབས་སོང་བའི་མི་སྣའི་གནས་ཡུལ་གསལ་པོ་མི་ཤེས་པས། རྐོ་འདྲུ་འཕྲུལ་འཁོར་དང་ལྕགས་ཁེམ་སོགས་འཚོལ་སྐྱོབ་ཡོ་བྱད་སྤྱད་བཞིན་འདུག། ཡིན་ཡང་དེ་ལྟར་བྱེད་ཚེ་རྡིབ་ཞབས་སོང་བའི་མི་ལ་སླར་ཡང་གནོད་འཚེ་ཐེབས་སྲིད་པས་ང་དང་རུ་མི་ཚོས་ལག་པས་ས་བརྐོས་ནས་བསློག་པ་ཡིན། དུས་ཚོད་སྐར་མ་ཉི་ཤུ་ཡི་རྗེས་སུ་ལོ་ངོ་བཞི་བཅུ་ལྷག་ཙམ་ལ་ལོན་པའི་མི་གཅིག་རྙེད་པས་འཕྲལ་མར་མྱུར་སྐྱོབ་བྱས་པ་ཡིན ” ཞེས་ལུའུ་ཡུན་ཐའོ་ཡིས་ཉིན་གཉིས་རིང་དེ་ལྟར་འཚུབ་བསྟུན་གྱི་ཛ་དྲག་རོགས་སྐྱོབ་བྱེད་པར“ང་འགྲོ་ངས་ཐུབ”ཟེར་ནས་བློ་བརྟན་འགྱུར་མེད་སྒོས་ཉེན་རྟོག་རུ་མི་ཚོས་འགན་འཁྲི་ཕྲག་ཏུ་ཁུར་བ་རེད།
ཚེས6ཉིན་གྱི་སྔ་དྲོའི་ཆུ་ཚོད11ཐོག། ལུའུ་ཡུན་ཐའོ་དང་ཆེད་འགན་འཁུར་མཁན་ཉེན་རྟོག་རུ་མི70ལྷག་ཙམ་ལ་འཕྲལ་མར་དངོས་ཟོག་དབོར་འདྲེན་བྱས་ནས་ས་འགུལ་ལྟེ་གནས་ཀྱི“ཁེར་ཆགས་གླིང་ཕྲན”དུ་བསྐྱོད་རྒྱུའི་བཀའ་རྒྱ་འབྱོར། འབོ་ཞབས་གྲོང་རྡལ་དང་སྤྱི་ལེ5ཙམ་རྒྱང་བའི་འཆམ་མཐུན་གྲོང་སྡེའི་བཀག་སྡོམ་ཐེབས་པའི་མང་ཚོགས་བརྒྱུད་སྤོས་བྱས་པ་རེད། གྲོང་སྡེ་དེ་ནི་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དུ་འགྲོ་སའི་གཞུང་ལམ་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པས་ས་གནས་དེ་གའི་མི་ཚོས་སྒར་ས་དང་པོ་ཞེས་བརྗོད་ཀྱི་ཡོད་པ་རེད། ས་འགུལ་བྱུང་རྗེས་མཛེས་ལྗོངས་ཁུལ་དུ་འགྲོ་སའི“དུང་དཀར་ལུང་པའི་ཟམ་ཆེན”ཉེན་ཁ་ཆེ་བའི་ཟམ་པར་གྱུར། ཟམ་པ་བརྒལ་རྗེས་ཀྱི་འགྲོ་ལམ་དུམ་བུ་དེ་རི་ཉིལ་ནས་བཅད་ཚར་འདུག། འཆམ་མཐུན་གྲོང་སྡེ་ལ་ལམ་ཆད་པ་དང་ཆུ་ཆད་པ། གློག་ཆད་པ། འཕྲིན་གཏོང་ཆད་པ། དངོས་ཟོག་དཀོན་པ་བཅས་ཀྱི“ཁེར་ཆགས་གླིང་ཕྲན”ཞིག་ཏུ་གྱུར་པ་དང་མི800ལྷག་ཙམ་ཉེན་ཁའི་གནས་སུ་ལྷུངས་ནས་མི3རྐྱེན་ལམ་དུ་ཤོར་བ་དང་མི6ལ་རྨས་སྐྱོན་ཚབས་ཆེན་ཐེབས་པ་རེད།
“ང་ཚོའི་ཆེད་འགན་འཁུར་མཁན་ཉེན་རྟོག་རུ་མི་རེ་རེའི་རྒྱ་མ30ཡོད་པའི་ལམ་རྒྱགས་དང་ཐག་པ་སོགས་དངོས་ཟོག་འཁྱེར་ནས་ལམ་མེད་པའི‘ལམ’དུ་མགྱོགས་མྱུར་བསྐྱོད་དེ་བརྡིབས་གཤོང་དང་མ་རྨོས་ལོ་ཏོག་གི་ཞིང་ཁ། སྟབས་བདེའི་ཟམ་པ་བཅས་བརྒལ་ནས་ཆུ་ཚོད4ལྷག་ཙམ་བསྐྱོད་རྗེས་ཕྱི་རོལ་དང་འབྲེལ་བ་ཆད་པའི་འཆམ་མཐུན་གྲོང་སྡེ་ལ་སླེབས་ཡོད”ཅེས་ངོ་སྤྲོད་བྱས། ལུའུ་ཡུན་ཐའོ་ཡིས་ཐེངས་འདིའི་ས་འགུལ་ལྟེ་གནས་དེ་དུང་དཀར་ལུང་པའི་ཉེ་འགྲམ་དུ་གནས་པ་དང་འཆམ་མཐུན་གྲོང་སྡེ་ཡང་དེའི་ཁྲོད་དུ་ཡོད་པས་གྲོང་སྡེའི་ནང་གི་ཁང་པ་མང་པོ་ཞིག་རྡིབ་པ་དང་ཁང་པ་ཚང་མར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཐེབས་འདུག་ཅེས་བཤད་པ་རེད།
ཉིན་དེའི་ཞོགས་པར་སྔོན་ལ་འཆམ་མཐུན་གྲོང་སྡེ་ལ་བསྐྱོད་པའི་སི་ཁྲོན་ཞིང་ཆེན་ས་འགུལ་རོགས་སྐྱོབ་བཀོད་འདོམས་པུའུ་ཡིས་མངགས་གཏོང་བྱས་པའི་ཐད་འཕུར་གནམ་གྲུས་རྨས་མ་ལྕི་པོ་ཞིག་བསྐྱལ་བ་དང་། དུས་ཚོད13ཙམ་ལ་རྨས་མ་ཚབས་ཆེན6པོ་ཚང་མ་བརྒྱུད་སྤོས་བྱས་པ་རེད། དེ་དང་ཆབས་ཅིག་སི་ཁྲོན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཆེད་འགན་འཁུར་མཁན་ལས་སྒྲུབ་རུ་ཆེན་དང་ཁྲེང་ཏུའུ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་ཆེད་འགན་འཁུར་མཁན་ལས་སྒྲུབ་རུ་ཆེན་སོགས་རོགས་སྐྱོབ་སྟོབས་ཤུགས་མང་པོ་ཞིག་ཀྱང“ཁེར་ཆགས་གླིང་ཕྲན”དུ་སྐྱོད་པའི་ལམ་བུ་འཚོལ་སྙེག་བྱས་དང་བྱེད་བཞིན་པ་རེད། ལུའུ་ཡུན་ཐའོ་དང་ཆེད་འགན་འཁུར་མཁན་་ཉེན་རྟོག་རུ་མི་ཚོ་ཆུ་ཚོད15ཡས་མས་སུ་འཆམ་མཐུན་གྲོང་སྡེ་ལ་སླེབས་ནས་འཕྲལ་མར་དངོས་ཟོག་རིགས་བགོས་དང་རྨས་མ་བརྒྱུད་སྤོས། མི་གྲངས་རྩིས་བཤེར་བཅས་ཀྱི་ལས་དོན་སྤེལ་བ་རེད།
ཅུང་མ་འགོར་བར་མི120ལྷག་ལས་གྲུབ་པའི་བརྒྱུད་སྤོས་རུ་ཁག་བཙུགས། དེའི་ཁྲོད་དུ་གྲོང་མི་དང་ཡུལ་སྐོར་བ། རྒན་པ་དང་རྨས་མ། བྱིས་པ་དང་སྦྲུམ་མ་སོགས་ཡོད་པས་ཕྱིར་ལོག་པའི་ལས་འགན་དེ་དཀའ་ཚེགས་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར། ལུའུ་ཡུན་ཐའོ་ཡིས་བཤད་དོན། སྟབས་ལེགས་པ་ཞིག་ལ། ས་དབྱིབས་ལ་ཆ་རྒྱུས་ཡོད་པའི་གྲོང་མིས་ལམ་ཁྲིད་པ་དང་ང་ཚོ་ཡོང་སྐབས་མྱུར་ལམ་མང་པོ་ཞིག་བརྒྱུད་ནས་ཉེན་ཁ་ཆེ་བའི་ལམ་ལས་གཡོལ་མོད། ཀྱག་ཀྱོག་གི་ལམ་དང་རི་ཉིལ་བའི་ལམ་སོགས་གང་ས་གང་ནས་མཐོང་རྒྱུ་ཡོད་པས་བརྒྱུད་སྤོས་བྱེད་པར་ཉེན་ཁ་ཆེ་ཡང་། ཆེད་འགན་འཁུར་མཁན་ཉེན་རྟོག་རུ་མི་རྣམས་ཀྱིས་ཞིབ་ཚགས་དང་དལ་མོ་སྒོས་ཉེན་ཁ་ཆེ་བའི་ལམ་ཁར་རྒྱབ་ཏུ་འཁུར་བ་དང་ལག་པས་སྐྱོར་བ་སོགས་བྱས་པས་ཚང་མ་ཉེན་མེད་ངང“ཁེར་ཆགས་གླིང་ཕྲན”ནས་བརྒྱུད་སྤོས་བྱས་ཡོད་པ་རེད་ཅེས་བཤད་དོ།།