ཟླ་8ཚེས་23ཉིན་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་དུ་བསྟུད་མར་ཉིན་མང་པོར་སྤྱི་ཚོགས་ངོས་ཀྱི་ནད་པ་གཙང་སེལ་མངོན་འགྱུར་བྱུང་ཡོད། རིགས་གཅིག་མཁས་ཅན་ཚོ་ཆུང་གིས་ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད། 2022ལོའི་ཟླ་9ཚེས་13ཉིན་གྱི་ཆུ་ཚོད་0ནས་བཟུང་། མུ་མཐུད་ཁུལ་དང་རིམ་པ་དབྱེ་ནས་རིམས་འགོག་བྱ་ཐབས་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག གྲོང་ཁྱེར་ཡོངས་སུ་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱ་རྒྱུ་རེད།
གཅིག ལྷོ་བྲག་རྫོང་དང་། མཚོ་སྣ་རྫོང་། ལྷུན་རྩེ་རྫོང་། ཆུ་གསུམ་རྫོང་། ཟངས་རི་རྫོང་བཅས་རྩ་དོན་ཐོག་མང་ཚོགས་རྫོང་ཕྱི་ལ་མི་བསྐྱོད་པ་དང་ཁོངས་གཏོགས་ཁུལ་གྱི་མི་སྣ་རྫོང་ཁོངས་སུ་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་དགོས།
གཉིས། འཕྱོངས་རྒྱས་རྫོང་དང་། སྣ་དཀར་རྩེ་རྫོང་། གྲ་ནང་རྫོང་། རྒྱ་ཚ་རྫོང་བཅས་རྩ་དོན་ཐོག་མང་ཚོགས་ཤང་གྲོང་ནས་ཕྱི་ལ་མི་བསྐྱོད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་མི་སྣ་འགྲོ་སྐྱོད་སླར་གསོ་བྱས་ཏེ་རྫོང་གྲོང་དང་ཤང་གྲོང་གནས་ཡུལ་གྱི་མི་སྣའི་འགྲོ་སྐྱོད་དོ་དམ་ཡག་པོ་བྱེད་དགོས།
གསུམ། སྣེ་གདོང་ཆུས་དང་གོང་དཀར་རྫོང་། མཚོ་སྨད་རྫོང་བཅས་ཀྱིས་མུ་མཐུད་དུ་དོ་དམ་ཚོད་འཛིན་ནན་པོ་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱས་པའི་ནང་། ཉིན་7ནང་ནད་དཔེ་གསར་པ་ཐོན་མེད་པའི་ཤང་གྲོང་དང་ཁྲོམ་གཞུང་དུ་གོ་རིམ་ལྡན་པའི་ངང་མི་སྣ་འགྲོ་འོང་སླར་གསོ་བྱེད་ཆོག་པ་རེད།
བཞི། KTVདང་ཆང་ཁང་། ཇ་ཁང་། དྲ་ཁང་། གཟུགས་པོ་འཁྲུ་ས། རྐང་པ་འཁྲུ་ས་སོགས་སྤྱི་པའི་རོལ་རྩེད་ཁང་དང་། ལུས་སྦྱོང་ཁང་དང་། གསོ་སྦྱོང་སྣ་ཚོགས་དང་། མཛེས་ལྗོངས་ཁུལ་སོགས་མི་སྣ་འདུ་འཛོམས་བྱེད་ས། དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། གློག་བརྙན་ཟློས་གར་ཁང་སོགས་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་སྨན་བཅོས་ཁང་སོགས་ཀྱིས་མུ་མཐུད་གནས་སྐབས་སྒོ་ཕྱེ་མཚམས་འཇོག་དགོས། ཆམ་པ་ཕོག་པ་སོགས་ཀྱི་སྨན་རྫས་ཉོ་མཁན་ལ་དངོས་མིང་ཐོ་འགོད་བྱེད་པ་མ་ཟད། ཆ་འཕྲིན་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་ངམ་གཞིས་ཁུལ་ལ་སྐྱེལ་ནས་དོ་དམ་བྱེད་དུ་འཇུག་དགོས། རྒན་གསོ་ཁང་དང་། ཕན་བདེ་ཁང་། བཙོན་ཁང་སོགས་མུ་མཐུད་དུ་བཀག་སྡོམ་དོ་དམ་ལག་བསྟར་བྱེད་དགོས། གྲོང་ཁྱེར་ཁྱབ་ཁོངས་ནང་གི་སྐྱེལ་འདྲེན་རླངས་འཁོར་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར། བོགས་གཏོང་རླངས་འཁོར་བཅས་གནས་སྐབས་འཁོར་སྐྱོད་བྱ་རྒྱུ་མ་རེད།
ལྔ། རྫོང་དང་ཆུས་ཁག་གིས“ཕྱི་ནས་ནང་ལ་ཡོང་བ་སྔོན་འགོག་དང་། ནང་ནས་བསྐྱར་འཕར་བྱུང་བར་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་དང་། གཙོ་གནད་མི་སྣའི་དོ་དམ་དང་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། ཚན་རིག་དང་མཐུན་པའི་འཕྲལ་བསྟུན་སྔོན་ཇུས་བཟོས་ནས་སྤུས་ཚད་མཐོ་བའི་འགུལ་རྣམ་གཙང་སེལ་གང་མགྱོགས་ཡོང་བ་བྱེད་དགོས།
རྫོང(ཆུས)ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་ཞིབ་ཕྲའི་ཇུས་གཞི་བཟོ་བ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།