རང་བྱུང་ཁམས་ཆེན་མོས་མཚོ་སྔོན་ལ་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལེགས་པར་བསྐྲུན་པ་དང་། འོད་སྟོང་འབར་བའི་ལོ་རྒྱུས་ཀྱིས་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་དཔལ་ཡོན་སྣ་མང་བསྐྲུན།
2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་སྐབས་མཚོ་སྔོན་ལ“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་དགོས”ཞེས་པའི་ལས་འགན་གལ་ཆེན་དང་ལོ་རྒྱུས་ཀྱི་འགན་འཁྲི་བཀལ། འདི་ནི“ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན”ཡིན་ལ། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་བསྲུང་བྱའང་ཡིན། མཚོ་སྔོན་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་དམིགས་སུ་བཟུང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་ཧུར་བརྩོན་གྱིས་འཚོལ་སྙེག་བྱས་པའང་ཡིན།
ད་ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”རུ་མཚོ་སྔོན་གྱིས་དྲ་ངོས་སུ“དྲ་སྣེའི་ཡུལ་སྐོར”གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། རྒྱལ་ཡོངས་ཀྱི་དྲ་གྲོགས་རྣམས་ལ་དྲ་ངོས་ནས་ལོག་གར་མེ་ཏོག་གི་ཞིང་ཁམས་དང་མཚོ་སྔོན་པོའི་ནུར་ལྕེ་ལྗོངས་ཁུལ། ཚྭ་ཁ་ཚྭ་མཚེའུ། ཚ་ཨར་ཧན་ཚྭ་མཚོ། མཚོ་ནུབ་བྲག་སྐྱའི་འདྲེ་མཁར། ལུག་ཁུར་མཚོ། ཐོ་སོ་མཚེའུ། མདོ་ལ་རིང་མོའི་རྩྭ་ཐང་སོགས་སུ་ཁྲིད་དེ། གཙང་གསུམ་འབྱུང་ཡུལ་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རོལ་མྱོང་དང་། མཚོ་སྔོན་མཐོ་སྒང་གི་རིག་གནས་ནང་དོན་ལ་གོ་བ་ལེན་པ། རབ་མཛེས་མཚོ་སྔོན་གྱི་དེང་སྐབས་ཀྱི་རྣམ་པ་གསར་པར་ལྟད་མོ་བལྟ་རུ་བཅུག
“སྙན་ངག་དང་རྒྱང་རིང”གི་ཆེས་མཛེས་པའི་ཐུག་འཕྲད་ཁྲོད་དུ། ང་ཚོས་རབ་མཛེས་མཚོ་སྔོན་གྱི་མངོན་པར་གསལ་བའི“གཙང་གསུམ་འབྱུང་ཡུལ། སྐྱེ་ཁམས་སྲུང་ཡོལ། རྒྱལ་ཁབ་སྤྱི་གླིང་། ཐོན་ཁུངས་ནུས་ཁུངས”བཅས་ཀྱི་ལྷང་ངེ་བའི་མཚན་བྱང་འདི་དག་མཐོང་ཞིང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་ཐོན་ཁུངས་རྩ་ཆེན་འདི་དག་ཁྱོན་ཡོངས་ནས་མཚོན་ཡོད་ལ། ལངས་གནས་མཐོན་པོ་དང་ཡུལ་ཁོངས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཧུར་བརྩོན་གྱིས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་དང་འདིང་བཞིན་ཡོད།
རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ན་ངེས་པར་དུ་རྒྱལ་སྤྱིའི་མིག་རྒྱང་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་སྤྱིའི་ཚད་གཞི་འཐུས་ཚང་དང་། རྒྱལ་སྤྱིའི་ཚོང་ཁྲོམ་རྒྱ་བསྐྱེད། རྒྱལ་སྤྱིའི་ཞབས་ཞུ་འདོན་སྤྲོད་བཅས་བྱེད་དགོས།
ཁ་ཕྱོགས་གསལ་པོ་ཡིན་པའི་མདུན་སྐྱོད་ཀྱི་བགྲོད་ལམ་འདིའི་སྟེང་དུ། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་གོ་གནས་དང་པོར་བཞག་སྟེ། རྒྱལ་སྤྱི་དང་རྒྱལ་ནང་གི་དར་རྒྱས་ཆེ་བའི་ཞིང་ཆེན་གྱི་སྔོན་ཐོན་ཉམས་མྱོང་གཞིར་བཟུང་ནས། རྒྱལ་སྤྱིའི་མཐོང་རྒྱ་དང་སྐྱེ་ཁམས་ཀྱི་མཐོང་རྒྱ། རིག་གནས་ཀྱི་མཐོང་རྒྱ་བཅས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་ཚད་གཞི་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོང་གསེང་དོ་དམ་ཚོད་འཛིན་བྱེད་པའི་བླང་བྱ་དངོས་འབེབས་བྱས་པ། ཐོན་ཁུངས་ཀྱི་རང་སྤུས་དང་། ས་གཤིས་ཁོར་ཡུག་དང་ཚོང་ཁྲོམ་ལ་གཞི་བཅོལ་བ། རི་ཁུལ་གྱི་ནགས་ཚལ་དང་། བརླན་ས་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་། ཡུལ་ཁོངས་རིག་གནས་སོགས་ལ་བརྟེན་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དང་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག རང་བྱུང་མི་ཆོས་རིག་གནས་བཅས་གཙོ་བོ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཡུལ་ལྗོངས་སྐོར་ཞིག་སེམས་ཞིབ་མོས་བསྐྲུན།
ཚད་གཞིས་རྒྱུ་སྤུས་ལ་ཡར་སྐུལ་དང་མཐོར་འདེགས་ལ་ཡར་སྐུལ་བྱས། ད་ཆ། མཚོ་སྔོན་ཞིང་ཆེན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ལམ་ཆེན“བསྐོར་ལམ་གཅིག”ལ་བརྩི་བ་དང་། མཚོ་སྔོན་པོ་དང་གཙང་གསུམ་འབྱུང་ཡུལ། མདོ་ལ་རིང་མོ། ཁུ་ནུའི་ཁུངས་འདེད། རྨ་ཙོང་རིག་གནས། མཚོ་སྔོན་ཀན་སུའུ་སི་ཁྲོན་བཅས་ཀྱི་རྨ་ཆུའི་ཡུལ་སྲོལ་བཅས་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་གྱི“ས་ཁུལ་དྲུག”ལ་བརྩི་བ། མཚོ་བོད་མཐོ་སྒང་གི་གོ་ལའི་སྒལ་ཚིགས་དང་ཐང་བོད་གནའ་ལམ་གཉིས་སྐྱེ་ཁམས་ཡུལ་སྐོར་གྱི“ཁྱམས་རིང་གཉིས”ལ་བརྩི་བ། མཐོར་འདེགས་གསར་སྐྲུན་བྱས་པའི་ཡུལ་སྐོར་མཛེས་ལྗོངས་ལེགས་ཤོས་སྐོར་ཞིག“གནས་མང”དུ་བརྩི་བ་བཅས་ཀྱིས“བསྐོར་ལམ་གཅིག་དང་ས་ཁུལ་དྲུག ཁྱམས་རིང་གཉིས། གནས་མང”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་གྲུབ་ཡོད།
སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲོམ་གཞི་འདིའི་རྨང་གཞིའི་སྟེང་དུ་གནས་ཀྱིས་ཕྱོགས་ཁྲིད་པ་དང་ཐིག་གིས་ཡུག་སྦྲེལ་བ། སྐྱེ་ཁམས་ཁོར་ཡུག་མཛེས་ཤིང་རིག་གནས་ཀྱི་རྔམས་མཐུག་པ། ཡུལ་སྐོར་གྱི་གྲུབ་ཆ་འཛོམས་པ། ཞབས་ཞུའི་བྱེད་ནུས་འཐུས་ཚང་ཡིན་པ། ཡུལ་ཁོངས་ཀྱི་མཉམ་ལས་དམ་ཟབ་ཡིན་པ་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འཕེལ་རྒྱས་ཁོང་གསེང་གི་ཆགས་སྟངས་ཤིག་གྲུབ་ཡོད། རིག་གནས་ནང་དོན་གྱིས་ཕྱུག་པའི་འཛམ་གླིང་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་སྤྲོ་གསེང་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་གྲོང་ཁྱེར་དང་སྲང་ཁུལ་སྐོར་ཞིག་བསྐྲུན་པ། གསར་བརྗེའི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གྱི་གཞི་ཁྱོན་དང་ཆུ་ཚད་མཐོར་འདེགས་བྱས་པ། འཛམ་གླིང་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ཟོང་རྟགས་བསྐྲུན་པ་བཅས་ཀྱིས་རྒྱལ་ཡོངས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ“མཚོ་སྔོན་གྱི་ཇུས་གཞི”འདོན་སྤྲོད་བྱས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དང་ཐོན་ཁུངས་ཁོར་ཡུག་གི་རང་སྤུས་ལ་རྐང་ཚུགས་ཏེ། མཐོ་རིམ་ཡུལ་སྐོར་དང་བདེ་ཐང་ཉམས་ལེན། སྐྱེ་དངོས་སྣ་མང་རང་བཞིན། རྒྱལ་ཁབ་སྤྱི་གླིང་། གནས་མཆོག་སྲུང་སྐྱོབ། རིག་གནས་དང་ཡུལ་སྐོར་གཉིས་ཕན་ཚུན་འབྲེལ་བ་དང་བརྗེ་རེས། སྣོལ་འདྲེས་བཅས་ཀྱི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ཁྱད་ལྡན་ཅན་དང་ཟོང་རྟགས་ཅན། ཧེ་བག་ཅན་གྱི་འཕེལ་རྒྱས་སྐུལ་འདེད་བཏང་བས། རྒྱུ་སྤུས་མཐོ་ཞིང་སྣ་མང་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ལ་ཐོན་རྫས་རམ་འདེགས་ཀྱི་མ་ལག་བསྐྲུན།
ད་ཆ། མཚོ་སྔོན་དུ་བསྡོམས་པས་འཛམ་གླིང་རང་བྱུང་རྗེས་ཤུལ1དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ3། རང་བྱུང་སྲུང་སྐྱོབ་ཁུལ7། ལྗོངས་ཁུལ་གྲགས་ཅན1། ཆུ་བེད་མཛེས་ལྗོངས་ཁུལ13། ནགས་ཚལ་སྤྱི་གླིང16། བརླན་སའི་སྤྱི་གླིང20། ས་གཤིས་སྤྱི་གླིང8། བྱེ་ཐང་སྤྱི་གླིང12བཅས་ཡོད།
འདི་དག་ཡོད་པས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ན་མཚོ་སྔོན་ལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ཚད་མེད་པ་ཞིག་ལྡན་པ་ང་ཚོས་མཐོང་ཐུབ། །