སེམས་སྡུག་སྡུག་ལ་མོ་མ་རྒྱོབ་དང་།། ཁྲ་ཚུགས་སེར་ལ་འགོར་འབུད་དུས་ཡོད།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-14




གོང་འོག་མཐུན་སྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱིས་ལྕགས་ཟམ་རྫོང་གི་འགུལ་འགོག་གནོད་སྐྱོབ་བྱས་ཚུལ་རགས་བསྡུས། 


 

 གོང་རིམ་གྱི་སེམས་ཁུར་ཉི་འོད་གནོད་འཚེ་ཐེབས་ཡུལ་ལ་འཕྲོས།

    ཏོག་གསར་གློ་ཚད་ཀྱི་དུག་སྤྲིན་སངས་ཡལ་དུ་མ་སོང་ཞིང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་དཀའ་བའི་སྐབས་དང་བསྟུན་ནས། འབྱུང་བ་ས་ཡི་འཇིགས་པ་ཡ་ང་བ་ཞིག་གནས་མཆོག་དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་གི་འབོ་ཞབས་ས་ཆར་བྱུང་བ་དང་ཚེ་སྲོག་གཅེས་སུ་འོས་པ་མང་པོ་སྐད་ཅིག་ཉིད་ལ་འཕྲོག་པ་དང་ཁང་ནོར་གྲངས་མེད་ཀྱང་རྡོག་བརྫིས་བཏང་། ཁྱིམ་གཞིས་དྲོན་མོ་ཁ་ཆག་སྣ་རལ་དུ་སོང་ཞིང་སྡུག་གི་སྨྲེ་སྔགས་ས་གཞིར་ཁྱབ། རི་བོའི་མདངས་འགྱུར་ལ་ཆུ་མོའི་འཁུན་སྒྲ་གྲག།


    ཉེ་བའི་ལོ་ལྔའི་ནང་རང་རྒྱལ་ལ་ཁྲི་ཚང་ས་འགུལ་ཆེན་པོ་དང་། ཀོང་ཏུང་ཞིང་ཆེན་ཏུ་རྒྱ་མཚོའི་རླུང་འཚུབ་དྲག་པོ། རང་རྒྱལ་ལྷོ་ཕྱོགས་སུ་གངས་ཐན། ཞིན་ཅང་དུ་རླུང་ཐན། ཧེ་ལུང་ཅང་དུ་ཆུ་ལོག། ཡུན་ནན་དུ་ཐན་སྐྱོན། རང་རྒྱལ་བྱང་ཕྱོགས་སུ་གངས་ཐན། ཀྲེ་ཅང་དུ་རྒྱ་མཚོའི་རླུང་འཚུབ་དྲག་པོ། སི་ཁྲོན་ལིའང་ཧྲན་དུ་ནགས་ཚལ་མེ་སྐྱོན། ཀུའེ་ཀྲོའུ་ཧྲུན་ཁྲེང་དུ་རི་ཉིལ་ཚབས་ཆེན་བཅས་རང་བྱུང་གནོད་འཚེ་ཚབས་ཆེན་རབ་དང་རིམ་པ་བྱུང་ཡོད། རང་བྱུང་གི་གནོད་འཚེ་གང་དང་ཚད་མི་འདྲ་བ་ཅི་འདྲ་ཞིག་བྱུང་ཡོད་ན་ཡང་། རང་རྒྱལ་གྱི་རིམ་ཁག་དང་སྡེ་ཁག། དེ་བཞིན་རྒྱ་ཆེ་བའི་ཏང་མི་དང་ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱིས་མི་བརྒྱ་སེམས་གཅིག་དང་ཕྱར་བ་གྲུ་འདེགས། དཀའ་ཉེན་ལ་མི་སྐྲག་པ། ལན་བརྒྱ་ཕམ་ཡང་དཔའ་མི་ཞུམ་པ། མི་གཙོ་བོར་འཛིན་པ། ཚན་རིག་ལ་བརྩི་སྲུང་ཞུ་བ་བཅས་ཀྱི་གནོད་སྐྱོབ་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་དང་གཏོང་བཞིན་ཡོད། ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་ཕུལ་བྱུང་རྒྱུན་འཛིན་ཆད་མེད་བྱས་ཡོད། ཀྲུང་ཧྭ་མི་རིགས་ལ་གནའ་ནས་ད་བར་དཀའ་ཉེན་གང་ལ་འཕྲད་ཀྱང་གདོང་གཏད་དེ་མདུན་བསུ་བྱེད་པ་ལས་རྒྱབ་ཕྱོགས་ནས་ཕྱིར་ནུར་བྱེད་པའི་སྲོལ་དང་ལུགས་མེད། ཀྲུང་ཧྭའི་བུ་རྒྱུད་ཚོས་མི་དམངས་ལ་བརྟེན་ཞིང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཁེ་ཕན་ཆེད་དུ་ལན་སྟོང་དམྱལ་བར་ལྷུང་དགོས་ཀྱང་ཡ་ང་དང་འགྱོད་པ་སྤུ་ཙམ་མེད།


 


     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཏུ་ཏང་གི་ལོ་བརྒྱའི་ལོ་རྒྱུས་འོད་སྟོང་འཕྲོ་བར་ཕྱིར་བལྟས་བྱེད་པའི་ཚེ། རྒྱང་སྐྱོད་ཡུན་རིང་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་གིས་ཉེན་ཁ་སྲོག་ལ་ཐུག་ཐེངས་མང་པོ་ལས་ཐར་དུ་བཅུག་པ་དང་། འགག་སྒྲོལ་དཀའ་སེལ་ཐེངས་མང་བྱས་ཤིང་། བྱས་རྗེས་ངོ་མཚར་ཆེ་བ་ཐེངས་མང་བཞག་ཡོད། རང་རེའི་ཏང་གི་ལོ་རྒྱུས་ངོ་མཚར་ཆེ་བ་དེ་འདྲ་བཏོད་ཐུབ་པའི་རྩ་བའི་རྒྱུ་མཚན་ནི་ང་ཚོའི་ཏང་གིས་གནས་བབ་བཟང་ངན་གང་དུ་ལྷུང་ཡང་ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་དོན་དུ་གཉེར་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མཐའ་གཅིག་ཏུ་བརྟན་སྲུང་བྱེད་པར་ཐུག་ཡོད་ཅེས་གསུངས་པ་ལྟར།


    ཐེངས་འདི་རང་ཚོ་ལ་ས་འགུལ་གྱི་གནོད་པ་ཚབས་ཆེན་ཐེབས་པའི་ཚེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེ་སྲོག་མྱུར་དུ་བསྐྱབ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ནུས་ཤུགས་ཡོད་དགུས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱས་ནས་མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས། ས་འགུལ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞོར་ཐོན་གནོད་འཚེ་སྔོན་འགོག།  གནོད་ཐེབས་མང་ཚོགས་ཉེན་བྱོལ་བཀོད་སྒྲིག་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་དགོས། འཚུབ་བསྟུན་དོ་དམ་སྡེ་ཚན་སོགས་སྡེ་ཚན་གྱིས་སི་ཁྲོན་དུ་འགུལ་འགོག་གནོད་སེལ་ལས་ཀར་ཁྲིད་སྟོན་བྱེད་མཁན་ལས་སྒྲུབ་ཚོ་ཆུང་མངག་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་ཡིས་ས་གནས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་འབད་བརྩོན་ཆེས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་ཞེས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནོད་ཐེབས་གནས་ཚུལ་དཔྱད་ཞིབ་ལྷོད་མེད་དང་། ནུས་ཤུགས་ཡོད་དགུས་ཉེན་སེལ་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་ཅིང་། རི་ཉིལ་བ་དང་ཆུ་ལོག་སོགས་ཞོར་ཐོན་གནོད་འཚེ་འབྱུང་བའི་འགོག་ཟོན་ལ་དོ་སྣང་བྱེད་པ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་གནོད་སྐྱོན་ཐེབས་པའི་རྨང་གཞི་སྒྲིག་ཆས་ཞིག་གསོ་མགྱོགས་པོ་བྱ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་དེ་གའི་འགུལ་འགོག་གནོད་སེལ་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་དགོས་པའི་བླང་བྱ་བཏོན་གནང་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་ཅིང་། ནུས་ཤུགས་ཡོད་དགུས་གནོད་ཐེབས་མང་ཚོགས་སྐྱོབ་པ་དང་། ནུས་ཤུགས་ཡོད་དགུས་གནོད་འཚེ་ཐེབས་ཡུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་། ནུས་ཤུགས་ཡོད་དགུས་གནོད་འཚེ་ཐེབས་ཡུལ་གྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་། ཞིང་དཔོན་ཧོང་ཆང་གིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་དགུས་གནོད་ཐེབས་མང་ཚོགས་བསྐྱབས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་མི་སྣ་ཤི་རྨས་མི་འབྱུང་བ་བྱ་དགོས་པའི་ནན་གསུང་གནང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་ལེན་བྱས་ནས་ཉེན་སེལ་རོགས་སྐྱོབ་དང་ཕྱར་བ་གྲུ་འདེགས་ཀྱིས་རང་བྱུང་གནོད་འཚེར་ཁ་གཏད་མཉམ་གཅོག་བྱས་ཏེ། འགུལ་འགོག་གནོད་སྐྱོབ་ཀྱི་དམག་འཐབ་དཀའ་ཚེགས་ཆེ་བ་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བར་བྱ་དགོས་པའི་ནན་གསུང་གནང་། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མི་སྲོག་བསྐྱབས་ནས་འགུལ་འགོག་གནོད་སྐྱོབ་ཀྱི་དམག་འཐབ་དྲག་པོ་ལས་རྒྱལ་ཁ་མཐའ་གཅིག་ཏུ་འཐོབ་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་ཡག་པོ་བྱ་དགོས་པའི་ནན་གསུང་གནང་།

 


 ཕྱོགས་ཁག་གི་རོགས་སྐྱོར་གྲུ་ཆར་གནོད་འཚེ་ཐེབས་ཡུལ་དུ་འཇོ།


     རྒྱལ་སྲིད་སྤྱི་ཁྱབ་ཁང་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་དང་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་དེ་མ་ཐག་རྒྱལ་ཁབ་ཀྱི་ས་འགུལ་འཚུབ་བསྟུན་བརྡ་ལེན་རིམ་པ་གསུམ་པ་སྤེལ་འགོ་བཙུགས་ཤིང་། དེའི་རྗེས་རིམ་པ་གཉིས་པར་སྤར་བ་དང་། སི་ཁྲོན་ཞིང་ཆེན་ལ་ཡུལ་དངོས་སུ་འགུལ་འགོག་གནོད་སྐྱོབ་ལས་དོན་ལ་ཁྲིད་སྟོན་བྱེད་མཁན་ལས་དོན་ཚོ་ཆུང་མངགས། ཞིང་ཆེན་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡིས་འཚུབ་བསྟུན་བརྡ་ལེན་རིམ་པ་གཉིས་པ་སྤེལ་འགོ་བཙུགས། རྒྱལ་ཁབ་དང་ཞིང་ཆེན་གྱིས་དེ་མ་ཐག་མ་དངུལ་བཏང་ནས་འགུལ་འགོག་གནོད་སྐྱོབ་ལ་རྒྱབ་སྐྱོར་བྱས། ཁུལ་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡིས་འཚུབ་བསྟུན་བརྡ་ལེན་རིམ་པ་དང་པོ་སྤེལ་འགོ་བཙུགས་ཏེ། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་གཉིས་ཀྱིས་བཀོད་འདོམས་མགོ་གཙོའི་འགན་བཞེས་པའི་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་བཙུགས་པ་དང་ཆབས་ཅིག། ལས་དོན་ཚོ་ཆུང་ཡུལ་དངོས་སུ་ཉེན་སེལ་གནོད་སྐྱོབ་ལས་དོན་སྤེལ་དུ་མངགས།


      བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག། སྤྱི་བདེ། མེ་གསོད། སྨན་བཅོས། དམངས་སྲིད། འགྲིམ་འགྲུལ། གློག་ཤུགས། བརྡ་འཕྲིན། དངུལ་རྩ་སོགས་ཕྱོགས་ཁག་གི་རོགས་སྐྱོར་སྟོབས་ཤུགས་ཐམས་ཅད་དེ་མ་ཐག་གནོད་སྐྱོབ་ཀྱི་ཡུལ་དངོས་སུ་བསྐྱོད། ཚེས5ཉིན་གྱི་ཉིན་གུང་གི་ཆུ་ཚོད13ལ་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱི་ཆེད་འགན་འཁུར་མཁན་ཉེན་རྟོག་པ240ས་འགུལ་བྱུང་སའི་ལྟེ་གནས་ཏེ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དུ་མྱུར་སྐྱོབ་ལས་དོན་སྤེལ་དུ་ཕྱིན། ཆུ་ཚོད13དང་སྐར་མ17ལ་སི་ཁྲོན་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་དཔུང་སྡེ8ལས་གྲུབ་པའི་མི560ས་འགུལ་བྱུང་སའི་ལྟེ་གནས་སུ་བསྐྱོད། ཆུ་ཚོད16དང་སྐར་མ9ལ་རྒོད་ལྡིང་མཁའ་བསྐྱོད་རོགས་སྐྱོར་རུ་ཁག་གནོད་འཚེ་ཐེབས་ཡུལ་དུ་འཕུར། ཆུ་ཚོད16དང་སྐར་མ20ལ་དྲག་ཆས་མེ་གསོད་དང་། སྨན་བཅོས་སྲོག་བཅོས། བརྡ་འཕྲིན་གློག་ཤུགས། འགྲིམ་འགྲུལ་སོགས་ཀྱི་རོགས་སྐྱོར་མི་སྣ635གནོད་འཚེ་ཐེབས་ཡུལ་དུ་ཉེན་སེལ་ལས་དོན་སྤེལ་བ་དང་། ས་གནས་ཁག་ནས་ཡོང་བའི་རོགས་སྐྱོར་མི་སྣ་འབོར་ཆེན་ས་འགུལ་བྱུང་སའི་ལྟེ་གནས་སུ་གཅིག་རྗེས་གཉིས་མཐུད་དེ་སླེབས་ཡོད།


       ཚེས6ཉིན་ལ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མེ་གསོད་རོགས་སྐྱོབ། ནགས་ཚལ་མེ་གསོད། བདེ་འཇགས་ནུས་ཁུངས་ཚོགས་པ། ཐོན་སྐྱེད་ཉེན་མེད། འགྲིལ་འགྲུལ། འཕྲིན་གཏོང་། གློག་ཤུགས། སྨན་བཅོས་སོགས་རོགས་སྐྱོབ་སྟོབས་ཤུགས་རིགས་ཁག་གི་མི6650ལྷག་དང་ཐད་འཕུར་གནམ་གྲུ9བཏང་ཡོད། ནུབ་རྒྱུད་འཐབ་ཁུལ་ཁོངས་གཏོགས་ཀྱིས་དཔོན་དམག་དང་དམངས་དམག2700ལྷག་འགུལ་འགོག་གནོད་སྐྱོབ་ཁྲོད་དུ་ཞུགས་ཡོད་ཅིང་། རིམ་རྩིས་བྱས་ན་མང་ཚོགས3950གནས་སྤོ་བྱས་ཡོད། རྨས་མ270ལ་སྨན་བཅོས་བྱས་ཤིང་། ཐད་འཕུར་གནམ་གྲུ་འཕུར་ཐེངས19ལ་འཕུར་ནས་རྨས་མ་དང་མང་ཚོགས་བརྒྱུད་བསྐྱལ་བྱས་ཡོད།

 

     ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་ཁེ་ལས། ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་ནུས་ཁུངས་ཚོགས་པའི་སྤྱི་ཕན་ཐེབས་རྩ། ཀྲུང་གོ་འབྲི་ཆུ་རོང་གསུམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་། ཉག་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་། དབྱི་པིང་འབྲུ་སྣ་ལྔའི་བདུད་རྩི་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། དཀར་མཛེས་ཁུལ་རུང་ཏ་ལིས་ལས་ཚད་ཡོད་སྤྱི་གཉེར་ཁང་། ཀྲུང་ཁྲོང་ཞིན་ཧང་ཚན་རྩལ་ཚད་ཡོད་མ་རྐང་སྤྱི་གཉེར་ཁང་། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དར་མདོ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁུལ་ཁེ་ལས་པའི་ཚོང་ཚོགས། ཁྲེང་ཏུའུ་དཀར་མཛེས་ཁུལ་ཚོང་ཚོགས་སོགས་གོང་རིམ་རྩ་འཛུགས་དང་ལས་ཁུངས། ཁེ་ལས། ལྷན་ཚོགས་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་དེ་ཞལ་འདེབས་ཆུ་རྒྱུག་རྒྱུག་ཕུལ་བ་དང་།  ཧན་ཧུང་ཐེབས་རྩ་ལས་འཛིན་ལྷན་ཚོགས་དང་། ལི་ཐང་དྲྭ་གྲགས་བསྟན་འཛིན། ཨ་རྣམ་ཟླ་བ་སྒྲོལ་མ། གླུ་མ་ཚེ་དབང་ལྷ་མོ། ལི་ཡུས་ཁྲུན། ཧོང་ཞའོ་མིང་། ལིན་དབྱི་ལུན། ཅ་ལེ་ལིའང་། ཞིན་པཱ། འཇའ་ཚོན་ཁྱོ་ཤུག། དབྱི་ཀའོ་སོགས་སྒྱུ་རྩལ་པའི་ཁོངས་གཏོགས་ཀྱི་མི་སྣ་ཚོས་གཅེས་སེམས་རོགས་སྐྱོར་གྱི་མ་དངུལ་ཕྲེང་བ་འདྲེན་འདྲེན་བྱིན། ལི་ཐང་རྫོང་དང་དཀར་མཛེས་རྫོང་། སེར་ཤུལ་རྫོང་། ཕྱག་ཕྲེང་རྫོང་། དཀར་མཛེས་ཁུལ་ཞིང་ཚོང་དངུལ་ཁང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་རང་ཁུལ་གྱི་རྫོང་དང་སློབ་གླིང་ཁག་གིས་གདུང་སེམས་མཉམ་དུ་བསྐྱེད་དེ་ཅི་འཇོན་གང་ཐུབ་ཀྱིས་ཞལ་འདེབས་ཕུལ་ཡོད། དེ་མིན་མིང་བཏགས་ཚོད་མེད་པའི་ལས་ཁུངས་དང་མི་སྒེར་འབོར་ཆེན་ཞིག་གིས་རྒྱུ་མཁོ་ན་རྒྱུ་དང་། དངུལ་མཁོ་ན་དངུལ། ཁྲག་མཁོ་ན་ཁྲག། ཞབས་ཞུ་མཁོ་ན་ཞབས་ཞུ་སོགས་གང་ལ་གང་མཁོ་དེ་ལ་དེ་བསྟུན་གྱིས་རོགས་སྐྱོར་ཚད་མེད་བྱས་དང་བྱེད་བཞིན་ཡོད། གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཚེ་སྲོག་མྱུར་སྐྱོབ་ཀྱི་དུས་ཚོད་ཆེས་བཟང་ཤོས་དམ་འཛིན་ལྷོད་མེད་བྱས་ཏེ་གོ་སྐབས་དང་རེ་བ་ཏིལ་འབྲུ་ཙམ་ཞིག་ཡོད་ཕྱིན་ཆུད་ཟོས་གཏན་ནས་མི་གཏོང་བར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་གང་ཐུབ་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ད་སྔའི་བར་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་བར་སྤྱི་ཚོགས་རིགས་ཁག་གི་ཞལ་འདེབས་སྒོར་ཁྱོན་བསྡོམས་དུང་ཕྱུར་ལས་བརྒལ་ཡོད།


      ད་སྔའི་བར་ས་འགུལ་གྱི་གནོད་ཐེབས་མང་ཚོགས་ཐམས་ཅད་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བདེ་མོའི་ངང་འཚོ་བ་རོལ་བཞིན་ཡོད། སྨན་ཁང་ཁག་གིས་རྨས་མ680ལྷག་ལ་སྐྱོབ་བཅོས་བྱས་ཡོད། ཆུ་གློག་ལམ་དང་འཕྲིན་གཏོང་ཕལ་ཆེར་སླར་གསོ་ཐུབ་ཅིང་། འབྲེལ་བ་ཆད་པའི་མི་སྣ་མྱུལ་སྐྱོབ་དང་ཞོར་ཐོན་གནོད་འགོག་སོགས་ཀྱི་ལས་ཀ་སྤེལ་མུ་ཡིན།


      དེ་ཡང་སེམས་སྡུག་སྡུག་ལ་མོ་མ་རྒྱོབ་དང་།། ཁྲ་ཚུགས་སེར་ལ་འགོར་འབུད་དུས་ཡོད།། ཅེས་པའི་བོད་ཀྱི་གླུ་གཞས་ཀྱི་ཚིག་ཏུ་གྲགས་པ་ལྟར། གོང་རིམ་གྱི་རྒྱབ་སྐྱོར་དང་སེམས་ཁུར། ཕྱོགས་སོ་སོའི་རོགས་སྐྱོར། རང་ཉིད་ཀྱི་འབད་འབུངས་བཅས་ལ་བརྟེན་ནས་ང་ཚོས་ཁྱིམ་གཞིས་སྔར་ལས་མཛེས་པ་ཞིག་བསྐྱར་འཛུགས་ཐུབ་ངེས། ང་ཚོས་ཐེངས་འདིའི་ས་འགུལ་ཁྲོད་དུ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཡོངས་ལ་བསྔོ་བ་སྨོན་ལམ་འདེབས་ཞོར་ནམ་ཡང་ཞུམ་པ་མེད་པར་མ་འོངས་པའི་འཚོ་བར་གདོང་གཏད་དེ་བསྐྱོད་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1