ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནུར་སུའུ་ཏན་དུ་ཕེབས་འབྱོར་ཟིན་ནས་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད། འདི་ནི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་དཔོན་གཅིག་ལྕོགས་ཡིན་པའི་ཐེ་ལེ་ཝུའུ་པིར་ཅི་དང་ནུར་སུའུ་ཏན་གྲོང་ཁྱེར་གྱི་གྲོང་སྤྱི་ཁུའུ་ལི་ཅི་ནུའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བར་བཅར་བའི་གནས་ཚུལ་ཡིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནུར་སུའུ་ཏན་དུ་ཕེབས་འབྱོར་ཟིན་ནས་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་དངོས་སུ་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་བཞུགས་སྐུ་པར་སྒྲོན་པའི་གནས་ཚུལ་ཡིན་པ།
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ནུར་སུའུ་ཏན་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནུར་སུའུ་ཏན་དུ་ཕེབས་འབྱོར་ཟིན་ནས་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་དཔོན་གཅིག་ལྕོགས་ཡིན་པའི་ཐེ་ལེ་ཝུའུ་པིར་ཅི་དང་ནུར་སུའུ་ཏན་གྲོང་ཁྱེར་གྱི་གྲོང་སྤྱི་ཁུའུ་ལི་ཅི་ནུའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བར་བཅར་བ་རེད། གུས་དམག་70ལྷག་ཙམ་གྱིས་གཞོགས་གཡས་གཡོན་གཉིས་ནས་གུས་འདུད་ཞུས་པ་དང་དམག་མིའི་རོལ་དབྱངས་ཚོགས་པས་མགྲོན་བསུའི་དུང་བརྡ་བཏང་བ་རེད། གཟབ་མཆོར་ལེགས་པར་སྤྲས་པའི་ཧ་སག་སི་ཐན་གྱི་གཞོན་ནུ་མ་གཉིས་ཀྱིས་ལག་ཏུ་མེ་ཏོག་སོས་པ་འཁྱེར་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་ལུགས་མཚོན་པར་བྱས་པ་རེད།
ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་སྟེ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཧ་སག་སི་ཐན་སྲིད་གཞུང་དང་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་མཉམ་འབྲེལ་དང་ལས་དབང་གཅིག་མཐུན་གྱི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་རེད། ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོར་སླེབས་ཡོད། འཚམས་འདྲི་བྱེད་རིང་། ངས་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་གྲོས་མོལ་བྱས་ནས་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་འཆར་བཀོད་གསར་པ་ཐུན་མོང་ཐོག་འགོད་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་པ་རེད།
ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱིས། ཧོ་ལི་ཕུང་སོགས་ཕེབས་རོགས་མི་སྣ་ལྷན་དུ་ཕེབས་འབྱོར་ཟིན་པ་རེད།
ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཤའོ་གནམ་ཐང་དུ་ཕེབས་བསུར་འབྱོར་ཡོད་པ་རེད།
སྟོན་ཟླ་འབྲིང་བའི་ནུར་སུའུ་ཏན་དུ་རླུང་གིས་བསིལ་ངད་ཀུན་ལ་སྦྱིན། སྤྲིན་རིམ་འཁྱིལ་མ་གཅིག་ཏུ་སྒྲིལ། གཞུང་ལམ་གཡས་གཡོན་གྱི་དར་ཤིང་སྟེང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན། ཞི་ཅིན་ཕིང་བཞུགས་པའི་རྒྱལ་མགྲོན་རླངས་འཁོར་རུ་ཁག་དེ་སྦག་སྦག་རུ་ཁག་གི་སྲུང་སྐྱེལ་འོག་ཙུང་ཐུང་ལས་ཤག་ཏུ་འབྱོར་ཞིང་། ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བར་བཅར། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་ཙུང་ཐུང་ལས་ཤག་གི་ཚོམས་ཆེན་དུ་ཕེབས་པ་རེད།
ཙུང་ཐུང་ལས་ཤག་གི་ཚོམས་ཆེན་བརྗིད་ཉམས་ཆེ་ཞིང་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་གུས་དམག་རྣམས་དཔའ་ཉམས་ལྡན་པ་ཞིག་ཡོད།
ཐུའོ་ཁ་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། ཐུའོ་ཁ་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
ཕེབས་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཐུའོ་ཁ་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་གདན་དྲངས་ནས“ཧ་སག་སི་ཐན་དང་ཀྲུང་གོ་དབར་གྱི་ལོ་ངོ་སྟོང་གི་གླེང་མོལ”ཞེས་པའི་སྒྱུ་རྩལ་འགྲེམས་སྟོན་ལ་ལྷན་དུ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་ཐོག་ཧ་སག་སི་ཐན་རྒྱལ་ཁབ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་རྩ་ཆེའི་སྒྱུ་རྩལ་དངོས་པོ་བཤམས་སྟོན་བྱས་ཡོད། ངོ་མཚར་ཆེ་བའི་ཀྲུང་གོའི་རི་མོ་དང་དཀར་ཡོལ། ཧ་སག་སི་ཐན་གྱི་དར་གོས་དང་རྫ་ཆས་རེ་རེ་ནི་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་ལོ་ངོ་སྟོང་གི་འོད་སྟོང་འཕྲོ་བའི་རིག་གནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མི་རབས་ནས་མི་རབས་བར་མཛའ་བརྩེའི་འགྲོ་འོང་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཀྱང་རེད།
དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དངོས་སུ་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧ་སག་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་ཐེག་ནས་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། གྲུབ་འབྲས་དེ་བས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་སྔོན་ལ་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། སྔོན་ལ་ས་མཚམས་ལས་བརྒལ་བའི་སྣུམ་རླངས་མདོང་ལམ་བཏིང་པ། སྔོན་ལ་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱས་པ། སྔོན་ལ་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས“ཨང་དང་པོ”མང་པོ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་ཆེད་སྤྱད་པའི་སྒྱུར་བཅོས་བྱ་ཐབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ནི་ཧ་སག་སི་ཐན་གྱིས་ནམ་ཡང་ཡིད་ཆེས་བྱེད་ཆོག་པ་དང་གལ་ཆེན་དུ་འཛིན་པའི་གྲོགས་པོ་དང་རོགས་ཟླ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ཕན་ཚུན་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་རྒྱབ་རྟེན་བརྟན་པོ་བྱས་ནས་ཕན་ཚུན་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་རམ་འདེགས་བྱེད་འདོད་ཡོད། སྲ་ཞིང་བརྟན་པའི་ཀྲུང་ཧའི་མཛའ་གྲོགས་དེས་འཛམ་གླིང་གི་དགེ་མཚན་ལྡན་པའི་སྟོབས་ཤུགས་དང་ཡར་ཐོན་སྟོབས་ཤུགས་འཕེལ་རྒྱས་ཡོང་རྒྱུར་ཕན་པ་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཕན་པ་ཡང་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཧའི་མཉམ་ལས་ཀྱི་རྨང་གཞི་བརྟན་པ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། མདུན་ལམ་རྒྱ་ཆེ་བ་བཅས་ཡོད་པས། ཕྱོགས་གཉིས་པོས་ཙུང་ལི་དབར་གྱི་དུས་བཀག་ཐུག་འཕྲད་དང་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ད་ཡོད་ཀྱི་ལམ་སྲོལ་ཡག་པོ་སྤྱད་དེ་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཞི་ཁྱོན་དང་ཆུ་ཚད་གསར་རྐྱང་ཞིག་ཏུ་སླེབས་པ་བྱེད་དགོས། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱས་ནས་དཔལ་འབྱོར་ཚོང་དོན་དང་། ཐོན་ནུས། མཉམ་སྦྲེལ་མཉམ་མཐུད། རིམས་ནད་འགོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་གྲངས་གཞི་ཆེ་མོ་དང་། མིས་བཟོས་རིག་ནུས། གྲངས་འཛིན་དངུལ་རྩ། རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་། ལྗང་མདོག་ནུས་རྒྱུ། གནོད་མེད་ཀྱི་རྨང་གཞིའི་འཛུགས་སྐྲུན་སོགས་གསར་གཏོད་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། དམངས་སེམས་གཅིག་མཐུན་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་བརྩེའི་འགྲོ་འོང་དང་ཕན་ཚུན་བསམ་ཤེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་གཞི་གཅིག་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ནས་ཧ་སག་སི་ཐན་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གསར་པ་དང་འགྲན་སློང་གསར་པ་སྣ་ཚོགས་ལ་ཁ་གཏད་འོས་འཚམ་གཅོག་པ། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ལས་དོན་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱེད་པ། ས་ཁུལ་དེ་རང་གི་ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ཚོགས་འདུ། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”སོགས་ཕྱོགས་མང་ལམ་སྲོལ་གྱི་སྒྲོམ་གཞིའི་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སཱ་མར་ཧན་དབུ་ཚོགས་ཡག་པོ་གཉེར་རྒྱུར་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ་རྩ་འཛུགས་དེའི་དུས་མཚམས་རྗེས་མའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་ཆེད“ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལེགས་སྐྱེས”འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
ཐུའོ་ཁ་ཡེ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་ཐོབ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་འབྲེལ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཐུའོ་ཁ་ཡེ་ཧྥུའུ་ཡིས། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་ཐེངས་དང་པོ་དེ་ཧ་སག་སི་ཐན་བདམས་པ་མ་ཟད། ད་དུང་ཧ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་དང་ཏག་ཏག་འཁེལ་ཡོད། དེ་ཐོག་ནས་ཧ་ཀྲུང་དབར་གྱི་ཚད་མཐོའི་ཡིད་ཆེས་དང་ཧ་ཀྲུང་དབར་གྱི་ཡུན་རིང་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོ་གང་ལེགས་མངོན་ཡོད། ང་ཚོས་མཉམ་འབྲེལ་གསལ་བསྒྲགས་ལ་ཐུན་མོང་ཐོག་མིང་རྟགས་འགོད་རྒྱུ་ཡིན་པས། དེའི་ཐོག་ནས་ཕྱོགས་གཉིས་པོས་ཧ་ཀྲུང་འབྲེལ་བའི་རྫོགས་ལྡན་གྱི་ལོ་30གསར་པ་གཏོད་རྒྱུར་བློ་བརྟན་འགྱུར་མེད་ངང་གཞོལ་རྒྱུ་ཡིན་པ་མཚོན་ཐུབ་པ་དང་། མིག་སྔའི་ཟང་ཟིང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དེ་ཧ་ཀྲུང་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་འགྱུར་ངེས་ཡིན་ལ། ཧ་ཀྲུང་དབར་གྱི་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ནང་དོན་དང་སྒུལ་ཤུགས་གསར་པ་སྣོན་ངེས་ཡིན་པའི་ཡིད་ཆེས་ཀྱིས་ཁེངས་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་གནས་ཚུལ་གང་ཞིག་ཡིན་རུང་ཀྲུང་གོ་ཕྱོགས་ཀྱིས་ཡིད་རྟོན་ཆོག་པའི་རོགས་ཟླ་བཟང་པོ་དང་གྲོགས་པོ་བཟང་པོ་ཞིག་བྱ་རྒྱུ་ཡིན། སང་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི་ལོ་ཡིན་ཞིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཧ་སག་སི་ཐན་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་དེའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་འཛུགས་སྐྲུན་ལ་ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་ཁག་དབར་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ། དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ། བཟོ་སྐྲུན་ལས་རིགས། ཚན་རྩལ། ཡུལ་སྐོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་པའི་རེ་བ་བཅངས་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་ཡག་པོ་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ཚོགས་འདུ། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”སོགས་སྒྲོམ་གཞིའི་ནང་རོགས་ལས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་པ་དང་ཁྱབ་བསྒྲགས་གནང་སྟེ། ཀྲུང་ཧའི་དབར་མི་རབས་ནས་མི་རབས་བར་མཛའ་གྲོགས་དང་། ཕན་ཚུན་ཚད་མཐོའི་ཡིད་ཆེས། བདེ་སྡུག་མཉམ་མྱོང་བཅས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དམིགས་ཚད་དང་འདུན་པ་གཏོད་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་དཔལ་འབྱོར་ཚོང་དོན་དང་། མཉམ་སྦྲེལ་མཉམ་མཐུད། དངུལ་རྩ། ཆུ་བེད། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོས་ཤིས་ཨན་དང་ཨ་ཁེ་ཐོ་པིར་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།
གྲོས་མོལ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་ཐུའོ་ཁ་ཡེ་ཧྥུའུ་ཡིས་བཤམས་པའི་ཕེབས་བསུའི་གསོལ་སྟོན་ལ་ཞུགས་ནས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནུར་སུའུ་ཏན་ནས་ཞལ་གྱེས་ཞུས་ནས་སཱ་མར་ཧན་དུ་ཕེབས་པ་རེད། ཐུའོ་ཁ་ཡེ་ཧྥུའུ་ཡིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁྲིད་ནས་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་བ་རེད།
ཐུའོ་ཁ་ཡེ་ཧྥུའུ་ཡིས་ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་དོན་འཚམས་འདྲི་གནང་བའི་དུས་ཡུན་ཐུང་རུང་ནང་དོན་ཕུན་སུམ་ཚོགས་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ང་ཚོ་ཕན་ཚུན་དབར་གལ་ཆེ་གཅིག་མཐུན་གྱི་ངོས་འཛིན་མང་པོ་བྱུང་ནས་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བར་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་རྒྱལ་དོན་འཚམས་འདྲི་ནི་ཀྲུང་ཧའི་འབྲེལ་བའི་འགོ་འཛུགས་ས་གསར་པ་ཞིག་རེད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་འབྱུང་འགྱུར་གྱི་ཀྲུང་ཧའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་འགྲོ་འོང་དམ་ཟབ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་ཞལ་ཆད་གནང་བ་རེད།
ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱིས། ཧོ་ལི་ཕུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།