འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནུར་སུའུ་ཏན་གྱི་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་ཕུལ་བའི“གསེར་གྱི་བྱ་གླག”གཟེངས་རྟགས་བཞེས་བཞིན་པ།
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ནུར་སུའུ་ཏན་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནུར་སུའུ་ཏན་གྱི་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་ཕུལ་བའི“གསེར་གྱི་བྱ་གླག”གཟེངས་རྟགས་བཞེས་པ་རེད།
རྡོ་ཀ་མ་རུ་ལས་གྲུབ་པའི་ཚོམས་ཆེན་དུ་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གྲལ་སྟར་འགྲིག་པོར་བསྒྲིགས་ཡོད་པས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
ཐུའོ་ཁ་ཡེ་ཧྥུའུ་ཡིས་གཟེངས་རྟགས་འབུལ་བའི་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས། དེ་རིང་རླབས་ཆེན་གྱི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་དུ་འཚམས་འདྲིར་ཕེབས་པ་དེ་ཧ་སག་སི་ཐན་ཕྱོགས་ཀྱི་གཟི་བརྗིད་ཧ་ཅང་ཆེན་པོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་གཙོ་འཛིན་ངོ་མ་ཞིག་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་སྙིང་ཁོངས་རུས་པའི་གཏིང་ནས་བརྩི་བཀུར་ཞུ་གི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་། དབུལ་པོ་དབུལ་རྐྱང་དབུལ་སྒྲོལ་ཐུབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་རྒྱང་ལམ་གསར་པར་སླེབས་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོས་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་རླབས་ཆེན་གྲོས་འགོ་བཏོན་གནང་ནས། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ཕུལ་བྱུང་ལེགས་སྐྱེས་ཕུལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དེར་དེང་སྐབས་འཛམ་གླིང་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཐག་གཅོད་བྱ་རྒྱུར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
ཐུའོ་ཁ་ཡེ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་བརྟན་དུ་གཏོང་བ་དང་ཧ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལོ་རྒྱུས་རང་བཞིན་གྱི་ནུས་པ་བཏོན་གནང་བ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་གནང་བ་མ་ཟད། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་འཚམས་འདྲི་གནང་བ་དེ་ཧ་ཀྲུང་འབྲེལ་བའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ངེས་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་ནས། ལག་གདང་དཔུང་སྦྲེལ་གྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་འདོད་ཡོད་ཅེས་གསུངས་པ་རེད།
ཐུའོ་ཁ་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ“གསེར་གྱི་བྱ་གླག”གཟེངས་རྟགས་ཕུལ་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ཐུགས་རྗེ་ལན་འབུལ་ཞུ་བའི་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་ང་ལ“གསེར་གྱི་བྱ་གླག”གཟེངས་རྟགས་གནང་བ་དེ་ཐོག་ནས་ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་ཧའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དེ་བཞིན་ཧ་སག་སི་ཐན་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་མཚོན་གྱི་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་30ཡི་རིང་། ཀྲུང་ཧའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་པོའི་ངང་འཁོར་སྐྱོད་ཐུབ་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གཞན་ཡང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱས་ནས་ཕྱོགས་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་བྱས་པ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་མཛའ་གྲོགས་ཟབ་པ་དང་། གཉིས་ཁེ་གཉིས་ཕན། དར་རྒྱས་ཕྱོགས་སུ་སྐྱོད་པ་བཅས་ཀྱི་མདུན་ལམ་འོད་ཟེར་ལྡན་པ་ཞིག་ཡོད། ངས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མཚོན་པའི་གཟེངས་རྟགས་འདིར་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་ཧའི་འབྲེལ་བ་དེ་གསེར་གྱི་བྱ་གླག་གིས་གཤོག་ཟུང་བརྐྱངས་ནས་ལེ་དབར་ཁྲི་ཡི་ནམ་འཕང་གཅོད་པ་ལྟར་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
“གསེར་གྱི་བྱ་གླག”གཟེངས་རྟགས་ནི་ཧ་སག་སི་ཐན་གྱི་མཚན་སྙན་ཆེ་ཤོས་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཧ་སག་སི་ཐན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱི་ཕྱོགས་མཛའ་གྲོགས་འབྲེལ་བར་ལེགས་སྐྱེས་གལ་ཆེན་ཕུལ་མཁན་མི་སྣར་གཟེངས་བསྟོད་བྱ་ཆེད་ཡིན་པ་རེད།
ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱིས། ཧོ་ལི་ཧྥུང་སོགས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།