ཟླ་9པའི་ཚེས་15ཉིན་གྱི་ཆུ་ཚོད་13ཙམ་ལ། སྨན་དོན་མི་སྣ་100ལས་གྲུབ་པའི་ཆབ་མདོ་གྲོང་ཁྱེར་གྱི་རིམས་འགོག་སྨན་བཅོས་རུ་ཁག་གིས་མངག་བཅོལ་ཟབ་མོ་དང་འགན་འཁྲི་ཕྲག་ཏུ་འཁུར་ཐོག ཆབ་མདོའི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་སེམས་སུ་བཅངས་ནས་སླར་ཡང་ལྷ་སར་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རོགས་སྐྱོར་བྱེད་པར་བསྐྱོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ཟླ་9པའི་ཚེས་6ཉིན་མི་150ལས་གྲུབ་པའི་རིམས་འགོག་སྨན་བཅོས་རུ་ཁག་དང་པོ་ལྷ་སར་རོགས་སྐྱོར་བྱེད་པར་བསྐྱོད་རྗེས། ཆབ་མདོ་གྲོང་ཁྱེར་གྱིས་མངག་གཏོང་བྱས་པའི་ལྷ་སའི་རིམས་འགོག་སྨན་བཅོས་ལ་རོགས་སྐྱོར་བྱེད་མཁན་རུ་ཁག་གཉིས་པ་དེ་ཡིན་ལ། ཆབ་མདོ་གྲོང་ཁྱེར་གྱིས་གཞིས་རྩེ་དང་ལྷ་ས་གྲོང་ཁྱེར་ལ་རོགས་སྐྱོར་བྱེད་པར་མངགས་པའི་རུ་ཁག་གཉིས་ཀྱི་རྨང་གཞིའི་ཐོག་སྒྲིག་བཙུགས་བྱས་པའི་རིམས་འགོག་རོགས་སྐྱོར་རུ་ཁག་གསུམ་པ་དེ་ཡང་ཡིན། སྨན་བཅོས་རུ་ཁག་གི་རུ་མིས་ལྷ་སར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རིམས་འགོག་དངོས་ཟོག་འདང་ངེས་ཡོང་བར་འགན་ལེན་བྱ་ཆེད། སྨན་བཅོས་རུ་ཁག་གིས་རིན་ཐང་སྒོར་ཁྲི་44.8ལྷག་ཙམ་རི་བའི་གདོད་འགོག་ཚོད་རྫས་དང་གློག་སྒུལ་གཏོར་ཆས། འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་དངོས་ཟོག་རིགས་16ཙམ་གྲ་སྒྲིག་བྱས་ཡོད།
སྨན་བཅོས་རུ་ཁག་འདི་ནི་ཁག་སོ་སོར་གྲོང་ཁྱེར་ཐད་གཏོགས་སྨན་ཁང་དང་རྫོང་(ཆུས)11གི་མི་དམངས་སྨན་ཁང་། སྨན་རྩིས་ཁང་། འཕྲོད་བསྟེན་ཁང་བཅས་ཀྱི་སྨན་དོན་མི་སྣས་གྲུབ་པ་ཞིག་ཡིན་ཞིང་། ཁོང་རྣམ་པའི་ཁྲོད་ནད་ཐོག་གསོ་རིག་དང་། སྨན་གཡོག་རིག་པ། ལུས་གསོའི་གསོ་རིག བོད་ལུགས་གསོ་རིག་སོགས་ཆེད་སྦྱོང་ཚན་ཁག་ཚུད་ཡོད། སྨན་དོན་མི་སྣ་རྣམས་ཀྱི་ཁྲོད་རྒན་ཤོས་ལོ་50དང་ཆུང་ཤོས་ལོ་19ཡིན་ཞིང་། ཁོང་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསོ་སྦྱོང་ནང་ཞུགས་མྱོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཐོག་མཐའ་བར་གསུམ་དུ་འབད་འཐབ་གནང་མྱོང་ཡོད་པས། ཉམས་སད་ཐེག་ཐུབ་པའི་གཟུགས་པོའི་བྱང་ཚད་དང་། སྒྲིག་ཁྲིམས་སྤྱོད་ཚུལ། ལས་སྒོའི་ནུས་པ། འགན་འཁྲི་འཁུར་སེམས་བཅས་ལྡན་ཡོད་པ་རེད།