འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས་བཟོ་སྐྲུན་ལས་རིགས་ཀྱི་དཔྱ་ཁྲལ་ཕྱིར་འགྱངས་གསབ་འཇལ་གྱི་དུས་བཀག་སྔར་བས་ནར་འགྱངས་གཏོང་རྒྱུ་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། ཆེད་སྤྱོད་དངུལ་བུན་བསྐྱར་མ་དང་ནོར་སྲིད་ཀྱི་སྐྱེད་གསབ་ལེ་ལག་ཚང་བའི་ཁྱབ་ཁོངས་ཁག་གཅིག་གི་སྒྲིག་ཆས་གསར་སྒྱུར་དང་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ནས་ཁྲོམ་རའི་དགོས་མཁོ་ཆེར་གཏོང་དང་གོང་འཕེལ་གྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་སྔར་བས་བརྟན་དུ་གཏོང་བའི་བྱ་ཐབས་བཀོད་སྒྲིག་བྱས་ནས་དཔལ་འབྱོར་བརྟན་དུ་དང་སླར་གསོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། གློག་རྡུལ་གློག་ཆས་ལས་རིགས་ཀྱི་དོ་དམ་བྱ་ཐབས་ལེགས་སུ་བཏང་ནས་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་བཏང་སྟེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། ཧྥུའུ་ཅན་ཀྲང་ཀྲོའུ་ཡི་དུས་ཐེངས་གཉིས་པ་དང་ཀོང་ཏུང་ལེན་ཅང་གི་དུས་ཐེངས་དང་པོའི་ཉིང་རྡུལ་གློག་རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུའི་གཏན་འབེབས་བྱས་ནས་བལྟོས་མེད་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
གྲོས་ཚོགས་ཐོག་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པའི་འགག་རྩ་ནི་ཁྲོམ་རའི་གཙོ་གཟུགས་འགན་ལེན་བྱེད་དགོས། བཟོ་སྐྲུན་ལས་རིགས་ཀྱི་ཁྲོམ་རའི་གཙོ་གཟུགས་ལ་མིག་སྔར་དཀའ་ངལ་ཆེ་བས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་དཀའ་ངལ་སེལ་བར་ཤུགས་རྒྱག་དགོས། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་འཇལ་རྒྱུ་ཕྱིར་འགྱངས་བྱས་པའི་ཐོབ་ཁྲལ་སོགས་ཁྲལ་ལྔ་གྲོན་གཉིས་ལ་ཟླ་9ཚེས་1ཉིན་ནས་བཟུང་ཟླ་4ཡི་རིང་གསབ་སྤྲོད་བྱ་རྒྱུ་ནར་འགྱངས་བྱས་པ་དེ་དཔྱ་ཁྲལ་ཕྱིར་འགྱངས་སྒོར་དུང་ཕྱུར་4400དང་འབྲེལ་བ་ཡོད་ཅེས་བསྟན་ཡོད་པ་རེད།
གྲོས་ཚོགས་ཐོག་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ཉམས་ཞན་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེས་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུ་དེ་བཟོ་སྐྲུན་ལས་རིགས་ཀྱི་དགོས་མཁོ་ཆེ་རུ་གཏོང་རྒྱུ་དང་འཛད་སྤྱོད་སླར་གསོ་བྱ་རྒྱུ་དེ་དཔལ་འབྱོར་གྱི་སྒུལ་ཤུགས་གཙོ་བོར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་ཡོད། གྲོས་ཚོགས་ཐོག་བཟོ་སྐྲུན་ལས་རིགས་དང་། སྤྱི་ཚོགས་ཞབས་ཞུའི་ཁྱབ་ཁོངས། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས། ཁེར་རྐྱང་བཟོ་ཚོང་དུད་ཚང་སོགས་དུས་ཚིགས་བཞི་པའི་སྒྲིག་ཆས་གསར་བརྗེས་དང་སྒྱུར་བཀོད་བྱས་ནས་དངུལ་ཁང་གིས་3.2%ལས་མི་བརྒལ་བར་དུས་ཡུན་རིང་འབྲིང་གི་དངུལ་བུན་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། མི་དམངས་དངུལ་ཁང་གིས་དངུལ་བུན་གྱི་མ་དངུལ་བརྒྱ་ཆ་100ལྟར་དངུལ་བུན་བསྐྱར་མ་གཏོང་གི་ཡོད། དངུལ་བུན་བསྐྱར་མ་བཏང་བའི་དངུལ་འབོར་སྒོར་དུང་ཕྱུར་2000ཟིན་པ་དེ་དུས་བཀག་ལོ་གཅིག་དང་དུས་ཐེངས་གཉིས་ཡིན་པ་རེད། གཏན་འབེབས་བྱས་ཟིན་པའི་ཀྲུང་དབྱང་ནོར་སྲིད་ཀྱི་སྐྱེད་གསབ་2.5%ཡི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། འདི་ལོའི་དུས་ཚིགས་བཞི་པའི་ནང་སྒྲིག་ཆས་གསར་སྒྱུར་དང་བསྒྱུར་བཀོད་བྱེད་པའི་དངུལ་བུན་གཏོང་པོའི་མ་གནས་དངོས་0.7%ལས་མཐོ་བ་བྱེད་མི་རུང་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག་སྒོ་དབྱེ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་པས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ནུས་རྒྱུ་བེད་སྤྱོད་དང་ཟོག་འགྲེམས་སོགས་འགན་ལེན་བྱེད་པར་དགོས་ངེས་སྐབས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཁག་ཅིག་གསར་འཛུགས་བྱ་རྒྱུ་དམ་འཛིན་བྱས་ཏེ། ནུས་ཤུགས་སྔར་ལས་ཆེན་པོ་བཏོན་ནས་ཕྱི་རྒྱལ་གྱི་འབྲུ་མཛོད་ལ་རྒྱབ་སྐྱོར་བྱ་དགོས། གྲུ་ཁའི་འདུས་འགྲེམས་སྐྱེལ་འདྲེན་གྱི་ལས་ཆོད་ཆེ་རུ་བཏང་ནས་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བ་འགན་ལེན་བྱ་དགོས། ཕྱི་རྒྱལ་གྱི་མ་དངུལ་གཙོ་གནད་རྣམ་གྲངས་གང་མགྱོགས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་གྱི་ཞིང་ཆེན་ཆེན་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་དང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག་རང་རྒྱལ་གྱི་གློག་རྡུལ་གློག་ཆས་ཐོན་ལས་ཀྱི་གཞི་ཁྱོན་ཆེ་བ་དང་ལས་ཞུགས་བསྡུ་ལེན་མང་བས“གློད་སྡོམ་ཞབས་”གསུམ་གྱི་སྒྱུར་བཅོས་བྱ་ཐབས་ལ་བརྟེན་ནས་དེ་བས་ཆེ་བའི་གསོན་ཤུགས་འཕེལ་བར་བྱེད་དགོས་ཞེས་བསྟན་ཡོད། དེ་ཡང་གཅིག་ནས་བདེ་འཇགས་ཀྱི་ཉེན་ཁ་ཆུང་བ་དང་། ལག་རྩལ་གྱི་ཆ་རྐྱེན་འཛོམས་པའི་ཐོན་རྫས་ལ་བཙན་ཤེད་ཀྱིས་དཔང་བདེན་ར་སྤྲོད་དང་། གློག་འཕྲིན་དང་སྒྲིག་ཆས་བེད་སྤྱོད་བྱེད་པའི་ཆོག་འཐུས་མེད་པ་བཟོ་དགོས། གཉིས་ནས་ཐོན་རྫས་ཁྲོམ་རར་འདོན་པར་ལུགས་མཐུན་མིན་པའི་ཚོད་འཛིན་བྱེད་ཚུལ་ཁྱོན་ཡོངས་ནས་གཙང་སེལ་བྱ་དགོས། གསུམ་ནས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་སྟེ་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ལྟ་སྐུལ་དོ་དམ་བྱེད་དགོས་པ་བཅས་ཡིན་པ་རེད།
ནུས་རྒྱུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་སྦགས་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད། ཚོགས་འདུའི་ཐོག་འཆར་འགོད་དང་ཆ་རྐྱེན་འཛོམས་པའི་ཧྥུའུ་ཅན་ཀྲང་ཀྲོའུ་ཡི་དུས་ཐེངས་གཉིས་པ་དང་། ཀོང་ཏུང་ལེན་ཅང་གི་དུས་ཐེངས་དང་པོའི་ཉིང་རྡུལ་གློག་གི་རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུའི་གཏན་འབེབས་བྱས་པ་རེད། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན་ཡོད་པ་རེད།