༄༅།།གོ་ལན་གནམ་ལྕགས་འཁོར་ལོ།

ཐུབ་བསྟན་ཕུན་ཚོགས་ཀྱིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-19


                 ༄༅།།བདེ་གཤེགས་སྨན་བླ་དཔྱད་བུ་ཁྲི་ཤེས་དང་།   །བཻ་རོ་ཙ་ན་གཡུ་ཐོག་མགོན་པོ་རྗེ།   །དྭགས་པོ་ལྷ་རྗེ་རང་བྱུང་རྒྱལ་བ་སོགས།   །སྨན་པའི་རྒྱལ་པོ་མཆོག་རྣམས་དབྱིངས་ནས་གཟིགས།  །སྟག་ཚང་ལོ་ཙཱ་གཙུག་ལག་ཕྲེང་བ་དང་།   །ཟུར་མཁར་བ་དང་མི་དབང་སྡེ་སྲིད་རྗེ།   །ཆོས་འབྱུང་ཡབ་སྲས་ཡོན་ཏན་རྒྱ་མཚོ་སོགས།   །ལོ་རྒྱུས་བདེན་པའི་དཔང་དུ་འདིར་བྱོན་ཅིག  །ལྔ་རིག་འདབ་སྟོང་བཞད་པའི་སྐྱེད་ཚལ་ན།   །ལུང་རིགས་ཉི་མའི་འོད་ཟེར་འཆར་བ་འདི།  །ཚན་རིག་འདབ་བརྒྱ་གྲོལ་དང་ལྷན་ཅིག་ཏུ།  །བོད་རིགས་རྨོངས་པའི་གཉིད་ལས་སད་པར་ངེས།  །བླ་ཆེན་མི་དཔོན་བསྟོད་པའི་ཚིག་ལ་དགྱེས།   །འཇིག་རྟེན་ཕལ་པ་གསེར་དངུལ་ནོར་ལ་དགའ།  །མཁས་པའི་ཚོགས་ལ་ལེགས་བཤད་སྐྱེས་ཀྱི་མཆོག  །དམ་པའི་གྲོགས་ལ་མཆོད་པའི་སྤྲིན་འདི་འབུལ།   །

        སྤྱི་ལོ་༢༠༡༣ལོའི་ཟླ་བ་༡༢པར་བྲིས་པའི་《རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་དཔལ་ལྡན་རྒྱུད་བཞིའི་སྐོར་གླེང་བ》་ཞེས་པའི་དཔྱད་རྩོམ་ཞིག    །འགྲེམ་སྤེལ་བྱས་འདུག་པར་ཁོ་བོས་རགས་རིམ་ཙམ་བལྟས་པར།   དེ་ནི་ཉེ་སྔོན་ཁོ་བོས་མཚོ་སྔོན་གསོ་རིག་སློབ་གྲྭ་ཆེན་མོའི་དུས་དེབ།   ཀྲུང་གོའི་བོད་ཀྱི་གསོ་རིག   ཅེས་པའི་ཐོག་《རྒྱུད་བཞིའི་རྩོམ་པ་པོའི་སྐོར་གྱི་མཐའ་དཔྱད་》  ཞེས་པའི་རྩོམ་ཡིག་གཅིག་སྤེལ་བ་དེ་ལ་དགག་པ་ཡིན་པའི་ཟོལ་གྱིས། གནའ་བོའི་བོད་ལུགས་རྙིང་པ་ལྟར་ཁོ་བོ་ལ་བསྟན་དགྲ་དང་།  ལྟ་ལོག་ཡིན་པའི་ལུང་འགའ་ཞིག་དྲངས་པ་ལས་མིང་དངོས་བཏོན་མི་འདུག     །རྩོམ་ཡིག་སྤྱིར་ཁོག་ལ་བལྟས་ན། བརྗོད་དོན་ཁ་མི་གསལ་བ་དང་། རྗོད་བྱེད་བརྡ་མ་དག་པ།   རིགས་པ་མེད་པའི་ལུང་ཉོག་མང་བ།   ལོ་རྒྱུས་གོ་དོན་ལོག་པ་སོགས་སྐྱོན་མི་ཉུང་བ་ཡོད་ཅིང་།  ཐུགས་རྒྱལ་གྱི་ངང་ནས་མི་ལ་ཧམ་ཚོད་ཀྱིས་བཀའ་བཀྱོན་གནང་བའི་རྩོམ་ཡིག་ཅིག་ཡིན་འདུག་པ་དེ་ལ་ཁོ་བོས་དོ་སྣང་ཡེ་མ་བྱས་པ་བཞག་པ་ཡིན།   ད་ལན་རྒྱ་ནག་ལོ་སར་སྐབས་སུ་དུས་ཚོད་ཅུང་དལ་ཁོམ་བྱུང་བ་དང་།   ཡང་དུ་ཐེངས་གཅིག་བཀླགས་པས་ལོ་རྒྱུས་ཀྱི་གོ་རྙོག་འདི་དག་ཁ་གསལ་གོ་བདེའི་འགྲེལ་བཤད་ཅིག་མ་བྱས་ན།  སློབ་མ་གཞོན་ནུ་མང་པོ་ཞིག་ལོག་ལམ་དུ་ཁྲིད་པའི་རྐྱེན་དུ་དོགས་ནས།   གསོ་རིག་རྒྱུན་འཛིན་རྣམས་ཀྱི་ཆེད་དང་།   མཁས་པ་རྣམས་ལ་ལེགས་བཤད་སྐྱེས་ཀྱི་མཆོག   ཅེས་པ་ལྟར་ཁོང་ཡང་འཆད་རྩོད་རྩོམ་པའི་བྱ་བ་ལ་ཐུགས་མཉེས་པོ་ཡོད་ངེས་པས།   གྲོགས་པོའི་བར་ལ་གཏམ་གྱི་ལེགས་སྐྱེས་དང་།   གཞན་ལ་གོ་བདེ་བའི་ཆེད་དུ་དྲི་བ་དྲིས་ལན་གྱི་སྒོ་ནས་ལོ་རྒྱུས་ཀྱི་དོན་དངོས་ཅུང་ཟད་གསལ་བཤད་བྱ་བ་ལ།   ཁོང་གི་རྩོམ་ཡིག་ནང་གི་གནད་དོན་འགའ་ཞིག་ལ་དོགས་སློང་དང་།  ལོ་རྒྱུས་ཀྱི་དོན་དངོས་ར་སྤྲོད་པ་སྟེ་སྡེ་ཚན་གཉིས་ཀྱི་སྒོ་ནས་བཤད་པར་བྱའོ།      འདིར་ཕ་རོལ་པོའི་གསུང་ལ་གུས་ཞབས་མཚོན་པའི་ཆེད་དུ་ཡི་གེ་ཆེ་ཙམ་དང་།   ཁོ་བོའི་ལན་བཏབ་པ་རྣམས་ལ་ཡིག་གཟུགས་ཆུང་ཙམ་བྱས་ཡོད།   །

〖ཁོང་གི་རྩོམ་ཡིག་ནང་གི་གནད་དོན་འགའ་ཞིག〗

༡   སྐུ་ཉིད་ཀྱི་རྩོམ་ཡིག     《རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་དཔལ་ལྡན་རྒྱུད་བཞིའི་སྐོར་གླེང་བ།》     ཞེས་པའི་ཁ་བྱང་འདི་ལ་ནང་དོན་གྱི་སྒྲོམ་གཞི་དང་མི་མཐུན་པའི་སྐྱོན་ཡོད་དེ། བརྡ་སྤྲོད་རིག་པ་ལས།   དང་ནི་སྡུད་དང་འབྱེད་པ་དང་།  རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ།  ཞེས་པ་དང་སྒྲ་འཇུག་ཡུལ་ལྔ་བསྟན་ཡོད་པ་ལས་འདི་གང་ཡིན།    གཞན་བཞི་པོ་མ་ཡིན་པ་ནི་གོ་སླ།   དང་སྒྲ་འབྱེད་པ་ལ་འཇུག་པ་ཡིན་ན།   ཐོག་མ་གཡུ་ཐོག་རྙིང་མའི་སྐོར་དང་།  དེ་ནས་རྒྱུད་བཞིའི་སྐོར་བཤད་པའི་བརྗོད་དོན་གཙོ་བོ་གཉིས་ཡོད་དགོས་ཀྱང་།  རྩོམ་ཡིག་འདིའི་ཐོག་མཐའ་བར་གསུམ་བརྗོད་བྱ་ཉབ་ཉོབ་འདྲེས་མ་ལས་གཙོ་བོའི་དོན་ཚན་གཉིས་སུ་ཕྱེས་མི་འདུག་པས། བོད་ཀྱི་བསྟན་བཅོས་ཕལ་མོ་ཆེ་ལ་ནང་དོན་མི་འདྲ་གཉིས་ལྷན་དུ་ཡོད་ན་མ་གཏོགས་ཁ་བྱང་ལ་དང་སྒྲ་སྤྱོད་སྲོལ་ཆེར་མེད།  དེས་ན་འདི་ཁ་བྱང་སྲོལ་རྒྱུན་དང་འགལ་བ་དང་། དང་སྒྲ་ལ་བརྡ་སྤྲོད་པའི་ནུས་པ་མེད་པའི་སྐྱོན་གཉིས་ཀ་བྱུང་འདུག   ། 

༢      སྐུ་ཉིད་ཀྱི་རྩོམ་ཡིག་ལས།   ཤོག་ལྷེབ་༡་པའི་ངོས་སུ།    “རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བྱུང་བའི་བོད་སྨན་མཁས་པ་མི་དགུའི་ (སྟོད་ན་ཆེར་རྗེ་ཞིག་པོ། འུག་པ་ཆོས་བཟང་། བི་ཇི་ལེགས་མགོན་གསུམ། བར་ན་གཡུ་ཐོག་མགོན་པོ། མི་ཉག་རོང་རྗེ།  བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་པ་ཆོས་བཟང་། མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་) ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བླའི་སྨན་པ་ཆེན་པོ་དང་།  དཔལ་ལྡན་རྒྱུད་བཞི་མཛད་པ་པོ། ”    ཞེས་པར།   གཡུ་ཐོག་རྙིང་མ་རྒྱུད་བཞི་རྩོམ་པ་པོ་ཡིན་ཟེར་མཁན་བོད་ཀྱི་ལོ་རྒྱུས་ཡིག་ཆ་གང་ན་འདུག   གཡུ་ཐོག་རྙིང་མའི་རྣམ་ཐར་དེ་བདེན་རྫུན་གང་ཡིན་ཀྱང་།  དེའི་ནང་ལ་རྒྱུད་བཞི་བཻ་རོ་ཙཱ་ནས་རྒྱ་གར་ནས་ཁྱེར་ཡོང་བར་གསུང་པ་ལས་གཡུ་ཐོག་རྙིང་མ་རྩོམ་པ་པོ་ཡིན་པའི་ཚིག་ཟུར་ཙམ་ཡང་མི་འདུག  ཉིད་ཀྱིས་གཡུ་ཐོག་རྙིང་མ་རྒྱུད་བཞི་རྩོམ་པ་པོ་ཡིན།  ཞེས་ཚིག་ཐག་བཅད་ནས་གསུང་པ་བདེན་པའི་དཔང་རྟགས་གང་ཡོད།   །

        བོད་སྨན་མཁས་པ་མི་དགུ་མཆན་བཏབ་པ་དེ་ལ་ལན་མ་བཏབ་ན་ཆོག་མོད།   གོ་སྐབས་འདི་དང་བསྟུན་ནས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་ཞལ་གསུང་འདིར་ཕུལ་བར།   【སྐབས་འདིར་མི་དབང་སངས་རྒྱས་རྒྱ་མཚོས་སྔ་རབས་པའི་རྗེས་སུ་འབྲངས་ཏེ། བོད་འབངས་ཀྱི་བྱིས་པ་བློ་རྣོ་བ་དགུ་ལ་གསོ་བ་རིག་པ་སློབ་ཏུ་བཅུག་པས་སྟོད་ན་ཆེར་རྗེ་ཞིག་པོ། འུག་པ་ཆོས་བཟང་། བི་ཇི་ལེགས་མགོན་གསུམ། བར་ན་གཡུ་ཐོག་མགོན་པོ། མི་ཉག་རོང་རྗེ།  བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་པ་ཆོས་བཟང་། མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུར་གྲགས་པ་བྱུང་། ཞེས་བཤད་པ་ནི་ཕྱོགས་ཞེན་གྱི་མཁས་པའི་གཏམ་ཁྱད་དུ་གསོད་པ་ལས་མ་འདས་ཏེ། མིང་དེ་སྐད་དུ་གྲགས་པ་ཕལ་ཆེ་བ་ཕྱི་དར་གྱི་སྐབས་སུ་བྱུང་བ་ཡིན་ཞིང་། ཁྱད་པར་ཆེར་རྗེ་ཞིག་པོ་ནི་ལོ་ཆེན་རིན་བཟང་གི་སློབ་རྒྱུད་དང་། བྲང་ཏི་རྒྱལ་བཟང་སོགས་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པའི་སློབ་རྒྱུད་དུ་འོག་ནས་འཆད་འགྱུར་ལྟར་རང་ཉིད་ཀྱིས་ཀྱང་བཤད་པ་མ་ཡིན་ནམ། གཡུ་ཐོག་མགོན་པོ་ནི་དུས་ཕྱིས་གསར་རྙིང་གཉིས་ཡོད་ཟེར་རྙིང་མའི་རྣམ་ཐར་ཟོལ་མ་ཞིག་སྣང་བས་འཁྲུལ་པ་ལ་ནི་ཐུགས་མེད་མོད། འོན་ཀྱང་རྙིང་མའི་རྣམ་ཐར་དེ་ཁྱད་གཞི་མེད་པའི་ཁྱད་ཆོས་རྫུན་བསྒྲིགས་ལ་རིག་པས་དཔྱད་བཟོད་པའི་ཚིག་དོན་ག་ལ་ཡོད་ཅིང་། ཁྱེད་ཉིད་ཀྱིས་ཀྱང་དཔྱད་པའི་ཚེ་རྣམ་ཐར་ལོ་རྒྱུས་དེ་གསུང་རབས་སྤྱི་དང་མི་མཐུན། རྩ་རྒྱུད་དང་འགལ། བོན་པོའི་ཟེར་སྒྲོས། རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟེན་དུ་རུང་བ་དཀའ་ནའང་ཞེས་སོགས་ཀྱི་ཡིད་མ་ཆེས་བཞིན་དུ་བཤད་ཁུངས་ཀྱི་རྒྱབ་བརྟེན་དུ་འཆའ་བ་ནི་ནམ་ཡང་མི་རིགས་སྙམ་སྟེ། དེ་རྩོམ་པའི་གང་ཟག་ནི། བལ་པོ་སེའུ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས། ཞེས་པ་ལྟར་དཔྱད་པས་ཤེས་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོས་ཕྱོགས་ཕྱོགས་ཀྱི་སྨན་པ་རྣམས་ལ་དྲི་ཡིག་མང་དུ་བྱས་སྟེ། སྟོད་ལུང་གི་ཨེམ་ཆི་ཀུན་ལེགས་ཟེར་བ་ཕྱིས་སུ་པ་རྣམས་འཚོ་བྱེད་དུ་འབོད་པ་ལའང་དྲི་བ་བྱས་པའི་དྲིས་ལན་དུ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་དགུ་ནི་སྟོད་ན་ཆེ་རྗེ་འུག་པ་བི་ཇི་གསུམ། བར་ན་གཡུ་ཐོག་བྲང་ཏི་མེ་ཉག་གསུམ། སྨད་ན་གཉའ་པ་མཐའ་བཞི་སྟོང་པ་གསུམ་སྟེ་དགུ་རུ་འདོད་པ་དང་། རྒྱུད་བཞི་བཀའ་གཏེར་ཡིན་པའི་སྒྲུབ་བྱེད་བཀོད་པ་སོགས་བྱུང་བར། ཟུར་མཁར་བས་སླར་ཡང་དྲིས་ལན་ལེགས་བཤད་སྐྱུགས་པ། ཟླ་ཐིགས་ཉིན་བྱེད་འོད་མཚོ། དབྱར་སྐྱེས་རྔ་གསང་རྣམས་བྱས་སྟེ།  འདྲེ་རྗེ་རྒྱ་གར་བཛྲ་གོང་ཡན་ལ་གཡུ་ཐོག་ཅེས་ཐ་སྙད་མེད་ཚུལ། ཆོས་རྒྱལ་དང་ཡོན་ཏན་མགོན་པོའི་བར་ལ་མི་ལོ་ཉིས་བརྒྱ་ཙམ་གྱི་སྔ་ཕྱི་ཡོད་ཚུལ། རྒྱུད་བཞི་གཡུ་ཐོག་མགོན་པོའི་གོང་ཡན་སུ་ལའང་མ་གྲགས་པའི་ཚུལ་སོགས་ལུང་རིགས་རྡོ་རྗེ་ཟེགས་མས་ཚར་བཅད་དེ་སྨྲ་རྒྱུ་མེད་པར་བྱས་པ་ན། ཕྱི་རྗེས་རང་གི་བླུན་ཚིག་གི་ལོ་རྒྱུས་སྒྲུབ་བྱེད་དུ་གཡུ་ཐོག་མགོན་པོ་རྙིང་མ་ཞེས་ཡོད་ཚུལ་རྣམ་ཐར་དེ་ཁོ་པས་ལྐོག་ཏུ་བྱས་པ་སྟེ།  དེ་ཡན་ཆད་མཁས་བླུན་སུ་ལའང་གཡུ་ཐོག་མགོན་པོ་ཡབ་སྲས་གསར་རྙིང་གཉིས་ཡོད་པའི་སྒྲོས་གཏན་ནས་མེད་པའི་ཕྱིར་རོ།  【

༣  སྐུ་ཉིད་ཀྱི་རྩོམ་ཡིག་ལས།     ཤོག་ལྷེབ་༢པའི་ངོས་སུ།  སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ཀྱིས་གསུང་།  བོད་ཡུལ་གསོ་དཔྱད་ཤིང་རྟ་ཆེ།  །སྨན་པའི་རྒྱལ་པོ་གཡུ་ཐོག་པ།  །བརྒྱད་པ་བགྲངས་ན་མི་འཐད་ཅི།  །དེའི་གསུང་དཔལ་ལྡན་རྒྱུད་ཆེན་བཞི།  །རྒྱལ་བའི་གསུང་དང་ཁྱད་པ་ཅི།   ཞེས་པའི་ལུང་འདི་གཡུ་ཐོག་རྙིང་མའི་སྒྲུབ་བྱེད་དུ་བཀོད་འདུག་པ་འདི་ཀུ་རེ་ཡིན་ནམ་བདེན་པ་ཡིན།     བདེན་པ་ཡིན་ན་སྟག་ཚང་བས་གཡུ་ཐོག་གསར་མའི་མཛད་རྗེས་བསྔགས་པ་ལ།   སྐུ་ཉིད་ཀྱི་གཡུ་ཐོག་རྙིང་མ་ཡོད་པ་སྒྲུབ་བྱེད་དུ་གོ་བ་བླངས་པ་དེ་གཉིས་བར་ལ་ལེ་དབར་སྟོང་ཕྲག་དུ་མས་བར་ཆོད་འདུག  །སྤྱིར་སྐབས་དེར་གཡུ་ཐོག་གསར་རྙིང་གི་ཐ་སྙད་རྩ་བ་ནས་མེད་པས།   སྟག་ཚང་བས་གཡུ་ཐོག་རྙིང་མ་ལ་བསྟོད་བསྔགས་ཤིག་ཡོད་ཀྱང་མི་སྲིད་ལ།  ཁོང་ནི་རྒྱུད་བཞི་སངས་རྒྱས་ཀྱི་བཀའ་ཡིན་པ་ལ་དགག་པ་གནང་མཁན་ཞིག་ཡིན་སྟབས།  གཡུ་ཐོག་ཡོན་ཏན་མགོན་པོ་རྒྱུད་བཞིའི་རྩོམ་པ་པོ་ཡིན་པ་གསལ་བཤད་གནང་བ་དང་།  དེ་ནི་དུས་ཕྱིས་སུ་ཡོངས་གྲགས་གཡུ་ཐོག་གསར་མ་ཞེས་པ་དེ་ཡིན་པས།  ཁོང་གི་གསུང་རྩོམ་དེ་ལ་ཡང་བསྐྱར་ཞིག་གཟིགས་ཤིག    །ཧ་ཧ།     རྒྱལ་བ་ལྔ་པ་དང་།  ཀློང་རྡོལ་བླ་མའི་གསུང་རྣམས་ལུང་དྲངས་པ་ནི་ཤིན་དུ་འཐད་མོད།   དེ་ནི་སྟོད་ལུང་སྨན་པ་ཀུན་ལེགས་ཀྱིས་གཡུ་ཐོག་རྣམ་ཐར་རྫུན་བཟོ་བྱས་པའི་རྗེས་སུ་བྱུང་བའི་གསུང་ཡིན་པས།  གཡུ་ཐོག་རྙིང་མ་ཡོད་པ་སྒྲུབ་བྱེད་ཀྱི་ནུས་པ་ཅིའང་མེད་དོ།   །

༤   སྐུ་ཉིད་ཀྱི་རྩོམ་ཡིག་ལས།   ཤོག་ལྷེབ་༦པའི་ངོས་སུ།    “འགས་འབེ་ལོའི་གསོ་རིག་ཁོག་དབུབ་ལ་བརྟེན་ནས་གཡུ་ཐོག་རྙིང་མ་ལོ་རྒྱུས་ཐོག་མར་བྱུང་ཅེས་དང་།   དཔལ་ལྡན་རྒྱུད་བཞི་ཁོང་གིས་མཛད་པ་མིན་སོགས་བཤད་པ་མཆིས་ཀྱང་འབེ་ལོས་གསུང་པ་ཙམ་གྱིས་གཡུ་ཐོག་རྙིང་མ་མེད་པ་འགོག་མི་ཐུབ་ཅིང་།”    ཞེས་པ་བདག་གི་དཔྱད་རྩོམ་ལ་བཀའ་བཀྱོན་གནང་བ་འདི་ལ།     ཚིག་སྐྱོན་དང་དོན་སྐྱོན་གཉིས་ཀ་སྣང་སྟེ།   འབེ་ལོའི་གསོ་རིག་ཁོག་དབུབ་ལ་བརྟེན་ནས་གཡུ་ཐོག་རྙིང་མ་ལོ་རྒྱུས་ཐོག་མར་བྱུང་།  ཟེར་མཁན་སུ་རེད།   དེ་ལྟར་ན་གཡུ་ཐོག་རྙིང་མ་ཡོད་ཟེར་མཁན་འབེ་ལོ་ཡིན་དགོས་པ་ཐལ་ཏེ།   འབེ་ལོའི་ཁོག་དབུབ་ལ་བརྟེན་ནས་གཡུ་ཐོག་རྙིང་མའི་ལོ་རྒྱུས་བྱུང་བ་ཁྱེད་ཀྱིས་གསུང་པའི་ཕྱིར།    །ཉིད་ཀྱི་དགོངས་བཞེད་ངོ་མ་དེ་ཕལ་ཆེར།  གཡུ་ཐོག་རྙིང་མའི་ལོ་རྒྱུས་ཐོག་མར་དེ་རྣམ་ཐར་བཀའ་རྒྱ་མ་ཡིན་ཟེར་མཁན་འབེ་ལོའི་གསོ་རིག་ཁོག་དབུབ་རེད།  ཅེས་གསུང་འདོད་པ་འདྲ།    དེ་ལྟར་ཡིན་ན།  བདག་གིས་ལན་དུ།  དེ་དེ་བཞིན་ནོ།  །རྣམ་ཐར་བཀའ་རྒྱ་མའི་སྔོན་ལ་གཡུ་ཐོག་རྙིང་མ་ཟེར་བའི་ཚིག་གཅིག་གང་ན་འདུག   །ཡོད་ན་དཔེ་ཆ་དེ་སྟོན་དང་རིན་པོ་ཆེ་སྟོང་གི་མཎྜལ་ཞིག་འབུལ་ངེས་ཡིན།  ཧ་ཧ་ཧ།   །

༥    སྐུ་ཉིད་ཀྱི་རྩོམ་ཡིག་ལས།     “འབེ་ལོས་གསུང་པ་ཙམ་གྱིས་གཡུ་ཐོག་རྙིང་མ་མེད་པ་འགོག་མི་ཐུབ་ཅིང་། ”   ཞེས་པར།  དྲི་བ།   འབེ་ལོས་གཡུ་ཐོག་རྙིང་མ་མེད་པ་འགོག་པ་མ་རེད།  ཡོད་པ་འགོག་པ་རེད།   བརྡ་སྤྲོད་རིག་པ་ལྟར་ན།   དགག་མ་གཉིས་ཀྱིས་རྣལ་མའི་དོན་གོ་ཞེས་པ།   མེད་པ་འགོག་པ།  ཞེས་པའི་དོན་ནི་ཡོད་པ་བསྒྲུབ་པ་རེད།  དེ་ལྟར་ན་གཡུ་ཐོག་རྙིང་མ་ཡོད་པ་སྒྲུབ་མཁན་འབེ་ལོ་ཡིན་པར་ཐལ་ལོ།  །འདི་ཡང་ཕལ་ཆེར་བརྡ་སྤྲོད་ཀྱི་སྐྱོན་ཡིན་པ་ལས།  ཉིད་ཀྱི་དགོངས་བཞེད་དངོས་དེ།   འབེ་ལོས་གསུང་པ་ཙམ་གྱིས་གཡུ་ཐོག་རྙིང་མ་ཡོད་པ་འགོག་མི་ཐུབ།  ཅེས་གསུང་འདོད་ཡོད་པ་འདྲ།     དེ་ལྟར་ན།   ཉིད་ཀྱིས་གཡུ་ཐོག་རྙིང་མ་ཡོད་གསུང་པ་ཙམ་གྱིས་ཀྱང་ཡོད་པ་བསྒྲུབ་མི་ནུས་པ་རིགས་པ་མགོ་མཚུངས།    དཔེར་ན།   བོད་ཆོལ་ཁ་གསུམ་གྱིས་རྒན་དར་གཞོན་གསུམ་གྱིས་མགྲིན་གཅིག་ཏུ་རི་བོང་རྭ་ཡོད་པ་བསྒྲུབ་ན་འགྲུབ་མི་ནུས་པ་བཞིན་ནོ།    ཧ་ཧ་ཧ།   །

༦    སྐུ་ཉིད་ཀྱི་རྩོམ་ཡིག་ལས།     ཤོག་ལྷེབ་༦པའི་ངོས་སུ།   “དེ་ཙམ་མ་ཟད་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་དགག་པ་མཛད་ཚད་ཆོས་མ་ཡིན་ན་ཡང་དག་པའི་ཆོས་འགའ་མི་རྙེད་དེ།   རྗེ་བཙུན་ས་སྐྱ་པཎྜི་ཏས་སྡོམ་གསུམ་རབ་དབྱེ་རུ།   ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་སོགས་དྭགས་པོ་བཀའ་བརྒྱུད་ལ་དགག་པ་ཚན་ཆེན་པོ་མཛད་པ་དང་།  བཀའ་གདམས་པའི་དགེ་བཤེས་ནམ་མཁའ་འབུམ་གྱི་དྲིས་ལན་ལས།   འབྲི་སྟག་ཕྱག་རྒྱ་པའི་ཆོས་ལུགས་འདི་རྒྱུད་སྡེ་སྣོད་གང་དང་ཡང་མི་མཐུན་པ་གདའོ།   འདི་ཡང་དག་པའི་ལམ་མ་ལགས་པར་སྙམ་དུ་སེམས།   ཚིག་འདི་གཞན་ལ་མ་སྤེལ་བ་མཛོད།  ཅེས་གསུངས་པ་སོགས་བཀའ་བརྒྱུད་ཀྱི་ཕྱོགས་ཤིན་ཏུ་བཀག་པ་དང་།”   ཞེས་པར།    བདག་གི་འདྲི་བར།  1. བོད་ཀྱི་མཁས་པ་རྣམས་ཀྱིས་དགག་པའི་ཆོས་དེ།  ཆོས་ལ་སྐྱོན་ཡོད་ནས་དགག་པ་རེད་དམ།   དགག་མཁན་མཁས་པ་གང་ཉིད་ཀྱི་བློ་འཁྲུལ་བ་རེད།   སྐྱོན་མེད་ན་མཁས་པས་ཅི་ལ་དགག    ཆོས་དག་ན་མཁས་པ་སྨྱོན་པ་རེད།   དེ་ཆོས་དང་གང་ཟག་གང་གི་སྐྱོན་ཡིན་པ་ལན་གསལ་པོར་ཞིག་གསུང་རོགས་ཞུ།    

2.   གནའ་བོའི་མཁས་པས་དགག་སྒྲུབ་བྱས་པ་དེ་དག་ནི་ལྟ་བའི་སྐོར་རེད།   ལྟ་བ་རྣམ་དག་ཡིན་མིན་དེ་ཆོས་ཉིད་ཀྱི་བདེན་པ་མ་ཐོབ་པའི་གང་ཟག་གིས་ཐག་ག་ལ་ཆོད།   དེས་ན་བོད་ཀྱི་ལོ་རྒྱུས་ཐོག་མཁས་པ་སོ་སོས་བཞེད་པའི་ལྟ་གྲུབ་མི་མཐུན་པ་མང་པོ་བྱུང་བ་དེ་དག   རང་རང་ངོས་ནས་ཐམས་ཅད་ཡང་དག་པ་ཡིན་པ་ལས།  མཐའ་ཐུག་པའི་ཐག་སུས་ཆོད།   གལ་སྲིད་བཅད་ན་དགེ་འདུན་ཆོས་འཕེལ་གྱིས་གསུང་པར།   【དོན་ལ་སེང་གེའི་དཔང་པོ་ལ་སྟག     །སྟག་གི་དཔང་པོ་ལ་གཡག     དེའི་དཔང་པོ་ལ་ཁྱི།   ཁྱིའི་དཔང་པོ་ལ་བྱི་བ།   བྱི་བའི་དཔང་པོ་ལ་འབུ་བཙུགས་འདུག་པས་ཐམས་ཅད་ཀྱི་དཔང་པོ་མཐར་ཐུག་དེ་འབུ་ལ་བྱེད་པར་འདུག     །དེས་ན་གང་ཐག་བཅད་ཚད་ཀྱི་རྩ་བ་མཐར་ཐུག་ཞིབ་ཏུ་བཅད་ཚེ་རང་རང་གི་བློ་ལ་ཐུག་པ་མ་གཏོགས་གཞན་ཅི་ཡང་མི་སྣང།】    ཞེས་གསུངས་པ་ལྟར་ངེད་གཉིས་ཀྱིས་བཀའ་བརྒྱུད་པ་དང་ས་པཎ་སུ་བདེན་ཐག་ག་ལ་ཆོད།    །

3.  ལོ་རྒྱུས་ནི་དེ་དང་མི་འདྲ་སྟེ།   འདས་པའི་དོན་ལྐོག་ཏུ་གྱུར་པ་དེ་དག་ལ་དཔྱད་གཞིའི་ཡིག་ཆ་རྙིང་པ་དང་།   ས་འོག་ནས་ཐོན་པའི་དངོས་རྫས་རྙིང་པ་སོགས་ཀྱི་བདེན་དཔང་ལ་བརྟེན་ནས་ཞིབ་འཇུག་བྱས་ན་སྔ་མེད་པ་གསར་ཏུ་རྟོགས་སྲིད་ལ།   སྔར་རྫུན་པ་ཕྱིས་བདེན་པར་རྟོགས་པ་སོགས་ང་ཚོ་འཇིག་རྟེན་རང་རྒྱུད་པ་རྣམས་ཀྱིས་བསྒྲུབ་ཐུབ་པ་ཞིག་རེད།     །

4.    འདིར་ཉིད་ཀྱིས་དྭགས་པོ་བཀའ་བརྒྱུད་པ་རྣམས་ལ་དམིགས་སུ་བཀར་ནས་བཀའ་བཀྱོན་འབེབ་དོན།   ཁོ་བོ་དཔལ་སྤུངས་ཕྱོགས་སུ་སྐྱེས་པ་ཡིན་སྟབས།  བཀའ་བརྒྱུད་པའི་ཆོས་ལ་ཞེན་རྒོག་ཅན་ཞིག་ཡིན་པར་དགོངས་ནས་བཀའ་བཀྱོན་ཡིན་པར་གསལ་ཡང་།     ཁོ་བོ་ནི་གྲུབ་མཐའ་ལ་མ་ཞུགས་པའི་སྐྱེ་བོ་མགོ་ནག་པ་ཞིག་ཡིན་པས།  དྭགས་པོ་བཀའ་བརྒྱུད་པ་ཐམས་ཅད་མུ་སྟེགས་པའི་གྲལ་དུ་བཅུག་ནའང་དགའ་སྡུག་གི་ཚོར་བ་ཏིལ་འབྲུ་ཙམ་ཡང་སྐྱེ་ག་ལ་སྲིད་དེ།   ཁོ་བོ་ཆོས་ལུགས་པའི་རྗེས་འབྲངས་མ་ཡིན་པའི་ཕྱིར་རོ།    །

       འོན་ཀྱང་གསལ་བཤད་ཞུ་དགོས་པ་ཞིག་ལ།   ཕྱི་གླིང་པས་ལོ་ངོ་བརྒྱ་ཕྲག་ལྔ་དྲུག་ཙམ་གྱི་རིང་ལ་ཕྱི་རོལ་རྫས་ཀྱི་དངོས་པོ་ལ་ཞིབ་འཇུག་བྱས་པས་ད་ལྟ་ཚན་རིག་པ་བརྒྱ་ཕྲག་མང་པོ་ཞིག་ཐོན་པ་མ་ཟད།   ཚན་རིག་གི་འབྲས་བུའང་གནམ་ལ་བྱ་ལྟར་འཕུར་བ་དང་།   ཆུ་འོག་ལ་ཉ་ལྟར་འཛུལ་ཐུབ་པའི་གྲུབ་འབྲས་བླ་ན་མེད་པ་མང་པོ་ཐོན་ཡོད་པ་འདི་རེད།   །ནང་ཆོས་བོད་དུ་དར་ནས་ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་རིང་ལ་ང་ཚོ་བོད་གངས་ཅན་པ་རྣམས་ཀྱིས་ནང་པའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་བྱས་ཀྱང་།   གསང་སྔགས་ཀྱི་གྲུབ་པ་ཐོབ་མཁན་མི་ལ་རས་པ་དང་།   བསླབ་པའི་སྡོམ་པ་ཡང་དག་པ་སྲུང་ཐུབ་མཁན་རྗེ་ཙོང་ཁ་པ་གཉིས་མ་གཏོགས་བྱུང་མི་འདུག     དེས་ན་མི་ལ་རས་པ་གྲུབ་པ་ཐོབ་ཚུལ་ལ་བརྟགས་ན་དྭགས་པོ་བཀའ་བརྒྱུད་པའི་ཆོས་དེ་དག་ཡང་དག་པ་ཞིག་ཡིན་པར་འདྲ།   ཧ་ཧ་ཧ།   

༧    སྐུ་ཉིད་ཀྱི་རྩོམ་ཡིག་ལས།     ཤོག་ལྷེ་བ་༧པའི་ངོས་སུ།  དཀོན་མཆོག་བརྩེགས་པའི་མདོ་ལས།   འོད་སྲུང་ངའམ་ང་དང་འདྲ་བའི་ཆོས་དང་གང་ཟག་གིས་ཚོད་བཟུང་བར་རུང་གི་གཞན་དག་གིས་ནི་མ་ཡིན་ཏེ། ལོག་པར་ལྟུང་བའི་ཕྱིར་རོ།  །ཞེས་གསུང་པ་ལྟར་བག་ཡོད་པར་བྱ་དགོས་པ་ལས་ཆོས་དང་གང་ཟག་གི་གནད་ལ་བདེན་པ་མཐོང་བའི་ཆོས་ཀྱི་མིག་རྣམ་པར་དག་པ་མ་རྟོགས་པ་དེ་སྲིད་དུ་འདི་ནི་ལོག་པའོ།   །འདི་ནི་མ་དག་པའོ།  །འདི་ནི་བཅོས་མའོ།  །ཞེས་སྒྲོ་སྐུར་གྱི་ཤན་འབྱེད་པ་ནི་མི་བཟད་པའི་ལས་རྔམས་པོ་ཆེ་ཡིན་པར་གསུངས་སོ།  །

ཞེས་པར།   འདི་ནི་རང་ཚིག་སྔ་ཕྱི་འགལ་བའི་གཏམ་ཏེ།   འོག་ཏུ་ཁོ་བོར་བཀའ་བཀྱོན་པའི་སྐབས་སུ།   བསྟན་དགྲ་ཞེས་པ་དེ་ལས་སྡུག་པ་སུ།  ཞེས་དང་།   ལོག་ལྟའི་སྐུར་འདེབས་ཞུ་མཁན་བྱུང་དང་འབྱུང་བཞིན་པ་འདི་དག་ནི་རང་རང་གི་གནས་སྐབས་བསོད་ནམས་མ་ཡིན་པ་སྒྲུབ་པའི་ཉེར་ལེན་ཙམ་ལས།  ཞེས་སོགས་ཉིད་ཀྱིས་ཚིག་ཐག་བཅད་ནས་འདི་ནི་མ་དག་པའོ།   །འདི་ནི་བཅོས་མའོ།  །ཞེས་ཐོག་མར་ཉིད་ཀྱིས་བྱ་མི་རུང་བ་གསུང་པ་དེ།  སྐར་མ་ཁ་ཤས་ཀྱི་རྗེས་སུ་ཁྱེད་རང་ཉིད་ཀྱིས་ལག་ལེན་གནང་འདུག་པ་དེ་ཆང་གིས་སྦད་པ་ནི་ག་ལ་ཡིན།    ཧ་ཧ་ཧ།   ཉིད་ཀྱིས་ཐུགས་འདུན་དེ་བོད་ཀྱི་ལུགས་སྲོལ་རྙིང་པ་ལྟར།  ལྟ་ལོག་དང་བསྟན་དགྲ་ཞེས་འདྲེ་ཡི་གྲལ་དུ་ཕུད་ཅིང་།  མི་ལ་ཞེད་སྣང་སྐུལ་ཏེ་ཁ་གྲགས་མི་ཕོད་པར་བྱ་རྒྱུའི་ཐབས་རྙིང་དེ་ཡིན་པ་གསལ་པོར་ཤེས་བྱུང་།   འོན་ཀྱང་དེང་དུས་གནའ་བོའི་དུས་དང་མི་འདྲ་བ་འདྲེ་ལ་སྡང་པོ་ཆེར་མེད་པ་མ་ཟད།   ཁོ་བོ་ལྟ་བུ་འདྲེ་བྱ་རྒྱུ་ལ་དགའ་མཁན་ཡང་མི་མང་པོ་ཡོད་པ་འདྲ།   ཧ་ཧ་ཧ།

༨   སྐུ་ཉིད་ཀྱི་རྩོམ་ཡིག་ལས།     ཤོག་ལྷེ་བ་༨པའི་ངོས་སུ།  གཞུང་འདིའི་རྩ་བ་ས་བོན་ཙམ་ཞིག་ནི་རྣམ་སྣང་ལོ་ཙཱ་བ་བཻ་རོ་ཙ་ནས་པཎ་ཆེན་ཙནྡྲ་དེ་བ་ལས་ཞུས་ནས་བོད་སྐད་དུ་བསྒྱུར་ཏེ་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་ཕུལ་ཞིང་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ལ་གདམས།   གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ་སུམ་ཅུར་བཞེས་པ་ས་ཕོ་སྟག་ (སྤྱི་ལོ་༧༣༨) ལོར་ཆོས་རྒྱལ་སོགས་མཆོད་ཡོན་གོང་མ་རྣམས་ཀྱི་བཀས་བསྐུལ་བ་ལྟར་བཻ་རོས་གནང་བའི་རྒྱུད་ཀྱི་ས་བོན་སྟེང་དུ་གངས་ཅན་བོད་ཀྱི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམས་པའི་གདམས་ཟབ་སྣ་ཚོགས་ཀྱིས་ཁ་སྐོང་རྒྱ་ཆེར་མཛད་ནས་སློབ་དཔོན་ཆེན་པོ་དང་།   མངའ་བདག་རྒྱལ་པོ།   ལོ་ཆེན་བཻ་རོ་བཅས་ལ་ཕུལ་བས་ཁོང་རྣམས་བཀའ་བགྲོས་ཏེ་རྒྱུད་བཞིའི་ཚིག་དོན་གྱི་ཆ་ཟབ་ཅིང་ཕུན་སུམ་ཚོགས་པར་གཟིགས་ཀྱང་གསང་རྒྱུད་མན་ངག་གི་རྒྱུད་འཆོལ་ན་མི་རུང་བ་དང་།   མ་འོངས་པ་ན་ཆོས་རྒྱུད་ཐག་ཉེ་བ།   གདམས་པར་བསླད་མི་ཞུགས་པ་སོགས་དགོས་པ་ཁྱད་པར་ཅན་དུ་མ་ལ་དམིགས་ཏེ་རེ་ཞིག་སྤེལ་བའི་དུས་ལ་མ་བབ་པར་དགོངས་ནས་ཨོ་ཌཱ་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་ཀ་རས་ཆོས་སྲུང་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་ལ་གཉེར་གཏད་ཅིང་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་ནང་མི་ལོ་སུམ་བརྒྱུའི་བར་གཏེར་དུ་སྦས།   

ཞེས་པར།  ཁོ་བོས་གནའ་བོའི་ལོ་རྒྱུས་ཡིག་ཆ་རྙིང་པ་གཅིག་གི་ནང་དུའང་གཡུ་ཐོག་རྙིང་མ་རྒྱུད་བཞི་རྩོམ་པ་པོ་ཡིན་ཞེས་པ་མཐོང་མ་མྱོང་།   ཉིད་ཀྱིས་བྲིས་པའི་གཡུ་ཐོག་རྙིང་མས་《རྒྱུད་བཞི་》  བརྩམས་པའི་སྐོར་གསུང་པ་འདི་ནི་བལྟས་པ་ཙམ་གྱིས་ཉིད་ཀྱི་དགོངས་གཏེར་ཡིན་པ་གསལ་པོར་མཐོང་ཐུབ།   དེས་ན་དགོངས་གཏེར་དག་སྣང་གི་རྒྱུད་པ་ཡིན་པས།  འདི་ནི་ཉིད་དང་ཉིད་ཀྱི་དག་སྣང་གི་བརྒྱུད་འཛིན་པ་རྣམས་ཀྱི་སྤྱོད་ཡུལ་ཙམ་ལས།   ཁོ་བོ་ལྟ་བུ་དག་སྣང་མེད་པའི་གང་ཟག་གི་སྤྱོད་ཡུལ་མ་ཡིན་སྟབས།    དགག་སྒྲུབ་ཀྱི་སྤྲོས་པའི་ངལ་བས་ཅི་བྱ།   །

༩    སྐུ་ཉིད་ཀྱི་རྩོམ་ཡིག་ལས།     ཤོག་ལྷེབ་༡༢པའི་འགོ་ནས།   ཀཉྩའི་ཡུལ་གྱི་རྒྱལ་རིགས་རྣམས།  །ཕ་བསད་པ་ལ་རྒྱལ་རྔ་རྡུང་།  ཞེས་དང་།   ད་དུང་བསྟན་པ་དཀྲུག་པའི་ལས་བརྩམས་ན།  །བསྟན་དགྲ་ཞེས་པ་དེ་ལས་སྡུག་པ་སུ།   ཞེས་དང་།   དེང་དུས་སྔོན་རབས་མི་ཤེས་བྱིས་པ་འགས།  །རང་རིགས་ཕ་མེས་ལ་འཁུ་ངན་སྨྲས་བཅས།   །རང་མཐོང་གཅེས་ལང་ཤོར་བའི་བསམ་སྦྱོར་ལ།  །གཟུར་གནས་བློ་ལྡན་རྒན་པོས་སྙིང་ནས་བརྩེ།  །ཞེས་ལུང་སྣ་ཚོགས་ཤིག་དྲངས་འདུག་པ་འདི་དག་ནི།   ཁོ་བོ་བསྟན་དགྲ་དང་ལྟ་ལོག་སྒྲུབ་བྱེད་ཀྱི་རྡོ་རྗེའི་ལུང་ཡིན་འདུག་ཀྱང་།  འདི་དག་ནི་དགའ་མགུ་ཡི་རངས་ཀྱི་ངང་ནས་དང་ལེན་ཞུ་རྒྱུ་ཡིན།    གང་ཞེ་ན།   ཁོ་བོ་ལོ་ངོ་དྲུག་ཅུ་ལ་ཉེ་བའི་བར་འཇིག་རྟེན་མིའི་རྣམ་པའི་སྒོ་ནས་རང་གི་མི་རིགས་དང་རིག་གནས་དེ་ཡར་རྒྱས་ཡོང་བའི་ཆེད་དུ།   བསྟོད་སྨད་གང་ཞིག་བྱས་ཀྱང་སྣང་མེད་དུ་བཏང་ཞིང་།  གྲུབ་མཐའ་དང་ས་ཕྱོགས་ཀྱི་བློས་མ་ལྷད་པར།  བློ་རྒྱ་ཆེ་བསྐྱེད་དང་།  ཐབས་ཤེས་སྣ་ཚོགས་ཀྱིས་སྒོ་ནས་བདེན་པའི་དོན་ལ་འབད་བརྩོན་བྱས་པ་ཡིན།    ད་ནི་ཚེ་ཡི་ལྷག་མར་ཅུང་ཟད་ཡོད་པ་དེ་ཡང་།  ང་ཚོའི་སྲོལ་རྒྱུན་རྙིང་པའི་གྲུབ་མཐའི་ཕྱོགས་རིས་དང་།  མཁས་པའི་ཕྲག་དོག་གི་འགྲན་རྩོད་ནང་དུ་མི་ཞུགས་པ་མུ་མཐུད་དེ།   ལྟ་ལོག་དང་བསྟན་དགྲའི་མིང་གི་ཐོག་ནས་རང་རིགས་དང་རིག་གནས་ལ་ཞིབ་འཇུག་གི་བདེན་པའི་འབྲས་བུ་ཞིག་ཐོབ་པའི་ཆེད་དུ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད།   ཧ་ཧ་ཧ།   །

༡༠    སྐུ་ཉིད་ཀྱི་རྩོམ་ཡིག་ལས།     ཤོག་ལྷེབ་༡༢པའི་མཇུག་ངོས།    མཇུག་ཏུ་རང་ཅག་ཁ་བ་རི་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྨན་པའི་རྒྱལ་པོ་རྙིང་མ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཀའ་དྲིན་རྗེས་སུ་མི་དྲན་པའི་ཁར་ལོག་ལྟའི་སྐུར་འདེབས་ཞུ་མཁན་བྱུང་དང་འབྱུང་བཞིན་པ་འདི་དག་ནི་རང་རང་གི་གནས་སྐབས་བསོད་ནམས་མ་ཡིན་པ་སྒྲུབ་པའི་ཉེར་ལེན་ཙམ་ལས་སྦར་མོས་སྣང་བྱེད་ནམ་ཡང་སྒྲིབ་མི་ནུས་པ་ལྟར་གངས་ལྗོངས་ཙམ་མ་ཚད་འཛམ་བུས་མཚན་པའི་གླིང་དུ་གྲགས་ཤིང་གྲུབ་ཟིན་པའི་རླབས་ཆེན་གྱི་མེས་པོ་མཁས་དབང་གང་དེའི་རྣམ་ཐར་དང་ཕྲིན་ལས་ཀྱི་རྒྱ་མཚོ་ནམ་ཡང་འགོག་པར་ནུས་པ་མ་ཡིན་ནོ།   །

ཞེས་པར།   1.  དྲི་བ།  གཡུ་ཐོག་རྙིང་མ་ཟེར་བ་ཞིག་བྱུང་ཡོད་མེད་ཐག་མ་ཆོད་པའི་སྔོན་ལ་བཀའ་དྲིན་ཡོད་མེད་ཇི་ལྟར་ཐག་ཆོད།  2.   སྦར་མོས་སྣང་བྱེད་ནམ་ཡང་སྒྲིབ་མི་ནུས།   ཞེས་པ་དེ་མཐུན་དཔེ་ཡང་དག་མ་ཡིན་ཏེ།  བསྒྲིབ་བྱའི་ཉི་མ་དང་སྒྲིབ་བྱེད་སྦར་མོ་གཉིས་ཀ་མངོན་སུམ་གྱིས་གྲུབ་པ་ལ།   འདི་བསྒྲུབ་བྱ་གཡུ་ཐོག་རྙིང་མ་ཡོད་མེད་མ་ངེས་པའི་སྔོན་ལ་སྒྲུབ་བྱེད་ཀྱི་མཐུན་དཔེ་ཇི་ལྟར་འོས་ཏེ།   འདིའི་རྩོད་གཞི་ཆོས་ཅན་མ་ངེས་པའི་ཕྱིར།   འདི་ལ་ཚད་མ་རིག་པའི་ཐ་སྙད་ལྟར་ན།  བསྒྲུབ་བྱ་མ་ངེས་པའི་རྟགས་ལྟ་སྣང་བ་ཞེས་ཟེར།   3.  གངས་ལྗོངས་ཙམ་མ་ཚད་འཛམ་བུས་མཚན་པའི་གླིང་དུ་གྲགས་ཤིང་གྲུབ་ཟིན་པའི་རླབས་ཆེན་གྱི་མེས་པོ།   ཞེས་པའང་མ་ངེས་ཏེ།    འཛམ་བུ་གླིང་ལྟ་ཅི་སྨོས།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ར་བའི་ནང་ཙམ་ལའང་ཡོངས་སུ་གྲགས་མ་ཐུབ་པའི་ཕྱིར་ཏེ།   དེར་བཞུགས་པའི་གོ་ལའི་ཤར་ནུབ་གཉིས་སུ་སྐད་གྲགས་ཡོད་པའི་མཁས་པ་འབུམ་རམས་པ་རྣམས་ཀྱིས་ཀྱང་གཡུ་ཐོག་རྙིང་མ་ཡོད་མེད་དཔྱད་དང་དཔྱད་བཞིན་པ་ཡིན་པའི་ཕྱིར།    དེས་ན་མཛད་ཕྲིན་རྒྱ་མཚོའི་མཐའ་ཡིས་འགོག་པ་མི་ནུས་པ་ཕར་ཞོག   །གསོ་རིག་སློབ་ཆེན་གྱི་ར་བའི་མཐའ་ལས་ཀྱང་བརྒལ་ནུས་མེད་པའི་ཕྱིར་རོ།   །

〖 ལོ་རྒྱུས་ཀྱི་དོན་དངོས་ར་སྤྲོད།〗

༡    སྔར་དུས་གཡུ་ཐོག་རྙིང་མའི་རྣམ་ཐར་རྫུན་བཟོ་བྱས་པ་རེད་ཅེས་དགག་པ་གནང་མཁན་མང་པོ་བྱུང་འདུག   །འོན་ཀྱང་དེང་དུས་གཡུ་ཐོག་རྙིང་མའི་རྣམ་ཐར་ལ་ཞིབ་འཇུག་བྱེད་མཁན་མ་གཏོགས།  གཡུ་ཐོག་རྙིང་མ་མེད་ཅེས་ཐག་བཅད་ནས་སྨྲ་མཁན་ཁོ་བོས་ད་བར་དུ་མ་མཐོང་།    ཁོ་བོ་ནི་བན་བོན་གཉིས་ཀའི་གནའ་བོའི་ཡིག་ཆ་དག་ལ་འདྲ་མཉམ་དང་གུས་བཀུར་གྱིས་སྒོ་ནས་ཞིབ་འཇུག་བྱེད་མཁན་ཞིག་ཡིན་སྟབས།    《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག་》དང་།   《བོད་ཡིག་ཚིག་གཏེར་རྒྱ་མཚོ།》   《གསོ་རིག་སྙིང་ནོར་གཅེས་བཏུས་》   སོགས་ཁོ་བོས་བརྩམས་པའི་འབྲེལ་ཡོད་ཀྱི་ཡིག་ཆ་ཐམས་ཅད་ནང་དུ་《རྣམ་ཐར་བཀའ་རྒྱ་མ་》ལ་གཞི་གཟུང་སྟེ།   གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་བཀོད་ཡོད་ལ།  དུས་མཚུངས་སུ་དེ་ཉིད་ལོ་རྒྱུས་ཐོག་རྩོད་གཞི་ཅན་ཡིན་ཚུལ་ཡང་གསལ་བཤད་བྱས་ཡོད།    གཡུ་ཐོག་རྙིང་མ་ཡོད་མེད་གང་ཡིན་ཀྱང་དེས་བོད་ཀྱི་གསོ་རིག་ཡར་རྒྱས་འགྲོ་བ་ལ་ཕན་གནོད་གཉིས་ཀ་གང་ཡང་མ་མཐོང་།    སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་བར་གཡུ་ཐོག་རྙིང་མ་ཟེར་བའི་མིང་ཙམ་ཡང་ཡིག་རྙིང་དག་ལས་མཐོང་རྒྱུ་མེད་ཀྱང་།  དེས་བོད་ཀྱི་གསོ་རིག་འཕེལ་རྒྱས་འགྲོ་བའི་བཀག་རྡོ་གང་ཡང་བྱུང་མི་འདུག     དེས་ན་རི་བོང་རྭ་ཡོད་མེད་ཀྱི་ཆེད་དུ་ཁོང་ཁྲོ་དང་།  ང་རྒྱལ་གྱི་སྒོ་ནས་རྩོད་པ་ལ་འབད་དྲག་ན། རང་གི་ལུས་སེམས་ལ་གནོད་པའི་རྒྱུར་བྱེད་ངེས།   ། 

༢   སྤྱི་ལོ་༡༦༠༠ལོའི་སྔོན་ལ།    《རྒྱུད་བཞི་》སངས་རྒྱས་ཀྱི་བཀའ་ཡིན་ཟེར་མཁན་རྣམས་ལ་དགག་པ་བྱེད་མཁན་ཁག་གཅིག་བྱུང་བ་དཔེར་ན།   ཀརྨ་པ་རང་བྱུང་རྡོ་རྗེ།   སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།   ཀརྨ་ཕྲིན་ལས་པ།   དཔའ་བོ་གཙུག་ལག་ཕྲེང་བ།    ཟུར་མཁར་བློ་གྲོས་རྒྱལ་པོ་ལ་སོགས་པ་བྱོན་ཡོད་ཅིང་།  ལྷག་པར་དུ་དཔའ་བོ་གཙུག་ལག་ཕྲེང་བ་དང་།  ཟུར་མཁར་བློ་གྲོས་རྒྱལ་པོ་རྣམས་ཀྱིས་《རྒྱུད་བཞི་》  རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་པ་གསལ་པོར་གསུངས་ཀྱང་།   གཡུ་ཐོག་གཉིས་ཡོད་པའི་ཚིག་ཟུར་ཙམ་ཡང་མེད་པ་མ་ཟད་།  དེའི་གོང་གི་ཡིག་ཆའི་ནང་གཡུ་ཐོག་རྙིང་མ་ཟེར་བའི་མིང་ཙམ་ཡང་ད་བར་མ་མཐོང་།  ཟུར་མཁར་བས་《རྒྱུད་བཞི་》  བཀའ་ཡིན་པ་དགག་པ་ལ་ལན་དུ།   《རྒྱུད་བཞི་》རྒྱ་གར་ནས་དྲངས་ཡོང་བ་ཡིན་པའི་ཁུངས་རྫུན་མ་བཟོ་བའི་ཆེད་དུ་སྟོད་ལུང་སྨན་པ་ཀུན་ལེགས་ཀྱིས་གཡུ་ཐོག་རྙིང་མའི་《རྣམ་ཐར་བཀའ་རྒྱ་མ་》  བྱས་པ་ཡིན་ཚུལ་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་《གསོ་རིག་ཁོག་དབུབ་》  དུ་ཞིབ་གསལ་བསྟན་ཡོད་པས་འདི་ཡང་བསྐྱར་མ་སྨོས།   །

༣   གཡུ་ཐོག་རྙིང་མའི་《རྣམ་ཐར་བཀའ་རྒྱ་མ་》  དར་མོ་སྨན་རམས་པས་གཟིགས་སྐྱོང་གནང་ཞིང་ཤིང་སྤར་དུ་བརྐོས་པ་དང་།  རྒྱལ་བ་ལྔ་པ་ཆེན་པོས་དེ་ལ་རྒྱབ་སྐྱོར་གནང་བ་ནི་དོན་དངོས་ཀྱི་ལོ་རྒྱུས་རེད།   །

༤        སྡེ་སྲིད་སངས་རྒྱས་རྒྱ་མཚོས་《སྨན་གྱི་ཁོག་དབུབ་》 ནང་དུ།  “རྣམ་ཐར་ལོ་རྒྱུས་དེ་གསུང་རབས་སྤྱི་དང་མི་མཐུན། རྩ་རྒྱུད་དང་འགལ། བོན་པོའི་ཟེར་སྒྲོས། རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟེན་དུ་རུང་བ་དཀའ་ནའང་།” ཞེས་ཡིད་མ་ཆེས་པའི་རྣམ་འགྱུར་དང་བཅས་པའི་སྒོ་ནས་གཡུ་ཐོག་རྙིང་མའི་རྣམ་ཐར་སྐོར་ཞིག་གསུང་ཡོད་པ་ནི།   སྐབས་དེར་རྒྱལ་བ་ལྔ་པ་ཆེན་པོས་དར་མོ་སྨན་རམས་པ་ལ་རྒྱབ་སྐྱོར་གནང་ཞིང་ཡོད་སྟབས་མངོན་གསལ་གྱི་སྒོ་ནས་དགག་པ་གནང་མ་ཕོད་ནའང་།  ལྔ་པ་ཆེན་པོ་སྐུ་གཤེགས་པའི་རྗེས་སུ་ཁོང་གིས་སྦྱིན་བདག་གནང་ནས་བཞེངས་པའི་སྨན་ཐང་བརྒྱད་ཅུའི་ནང་རྒྱལ་བ་ལྔ་པ་ཆེན་པོའི་གསན་ཡིག་ལྟར་གསོ་རིག་སྨན་གྱི་བླ་བརྒྱུད་བཀོད་པ་དེ་དག་གི་ནང་ན་གཡུ་ཐོག་རྙིང་མའི་ཚིག་ཟུར་ཙམ་ཡང་བཀོད་མི་འདུག    བོད་ལྗོངས་སྨན་རྩིས་ཁང་གི་སྨན་ཐང་གི་དེབ་དང་།   གནའ་དུས་ཨོ་རོ་སོག་ལ་ཉར་ཚགས་བྱས་ཤིང་ཕྱིས་དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པའི་སྨན་ཐང་གཉིས་ཀ་ཕན་ཚུན་གོ་བསྡུར་བྱས་ཏེ་བལྟས་ཀྱང་དེ་དག་ཚང་མའི་བླ་རྒྱུད་ནང་དུ་གཡུ་ཐོག་རྙིང་མ་བཀོད་མི་འདུག   །འདིར་ཞལ་ཐང་ནང་དུ་བཀོད་པའི་བླ་བརྒྱུད་མི་འདྲ་བ་རྣམས་རེ་རེ་བཞིན་རེའུ་མིག་ཏུ་བཀོད་ཡོད་པར་འདིར་གཟིགས། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1