མཱོ་པཱོ་སང་གིས་བརྩམས།མགོན་པོ་སྐྱབས་ཀྱིས་བསྒྱུར།
ས་སྲོས་ཀྱི་ཚེ་ན།ཉིན་གང་པོར་ལྷབ་ལྷུབ་ཏུ་བབས་པའི་ཁ་བ་གཞི་ནས་འབབ་མཚམས་བཞག་ཅིང་།ཁུར་དུ་ལྕི་བའི་སྨག་ནག་ཡོལ་བའི་འོག་གི་འཇིག་རྟེན་གྱི་ཁམས་ཆེན་པོ་སྲ་འཐས་སུ་གྱུར་པ་ལྟར་སྣང་ལ། ཚེ་སྲོག་ཡོད་ཚད་ག་ལེར་གཉིད་ཀྱི་བདེ་བར་ཞུགས།ཉེ་རྒྱང་གི་རི་ལུང་དང་ཐང་གཤོང་། ནགས་ཚལ། རུ་སྡེ་སོགས་ནི་ཁ་བའི་གཟི་མདངས་ལས་དངུལ་དཀར་གྱིས་ཡོངས་སུ་བཀབ་པ་ལྟར་ལྟ་ན་སྡུག འདི་ལྟར་ཁ་བ་བབས་རྗེས་ཀྱི་མཚན་མོ་ནི་ཐོར་རླུང་ཙམ་ཡང་མི་ལྡང་བར་ཁུ་སིམ་མེར་གནས།
གློ་བུར་དུ། རྒྱང་རིང་ནས་སྐད་ཅོར་ཞིག་གྲག་ཡོང་ནས་ལྷིང་འཇགས་ཀྱི་མཚན་མོ་འདི་གཉིད་ལས་དཀྲོགས། སྐད་ཅོར་དེ་ནི་ངུ་འབོད་དང་སྨྲེ་སྔགས ཁོང་ཁྲོ་དང་ལེ་བདའ་མོད་པའི་ཤ་ཟིང་སྤུ་ཟིང་ནས་ཐོན་པའི་སྐད་ཅིག་རེད། དེ་ནི་བདག་པོས་སྒོར་བསྐྲད་པའི་སྒོ་ཁྱིའི་ཟུག་སྐད་དེ་ཡིན་འདུག་ལ། སྡེ་འདབས་སུ་སྐད་གསང་མཐོན་པོར་ཟུག་པའི་སྒོ་ཁྱི་དེས་རང་གི་ལུས་རྟེན་ལ་འཁང་ར་བྱེད་པ་ཡིན་ནམ།ཡང་ན་མིའི་རིགས་ལ་བཅངས་པའི་བརྩེ་བ་བརྗོད་པ་ཡིན་ནམ།
ཁོད་སྙོམས་ཤིང་མཐའ་ཀླས་པའི་ས་ཞིང་ནི་ཁ་བས་ཡོངས་སུ་གཡོགས་ཀྱང་འཕག་འཚག་ཙམ་ཡང་མི་འདོད་པ་ལྟར་དལ་ཅག་གེར་གནས། འཛིན་མའི་ཁྱོན་གྱི་རྩྭ་རྩི་ཏོག་དང་བུང་བའི་ཚོགས། དེ་མིན་ག་ས་གང་དུ་འཕུར་ལྡིང་བྱེད་པའི་ཕྱེ་ལེབ་དག་ཀྱང་། ད་ནི་རང་རང་གི་གནས་མལ་དུ་བསྡད་དེ་འགྲོ་འོང་སོགས་ཀྱི་རྗེས་ཤུལ་ཕྲ་མོ་ཙམ་ཡང་མེད་པར་སྣང་། ཡིན་ཡང་།མི་ལོ་དུ་མར་སྐྱེས་པའི་སྡོང་རྒན་དེ་དག་གིས་སྔར་བཞིན་ཡལ་གའི་གཤོག་ཟུང་རྣམ་པར་བརྐྱངས་ཏེ་ཤ་ཟད་རུས་ཐུག་གིས་གནས་པ་དེས་ཁ་བའི་མཚན་མོ་འདིར་ལྷིང་འཇགས་དང་སྐྱོ་གདུང་འཕར་མ་ཞིག་བསྐྱེད།
ནམ་མཁས་ཁུ་སིམ་མེའི་མིག་ཞགས་མི་ཡུལ་དུ་འཕེན་པ་ནི་མཁའ་དབྱིངས་འདིའི་ཁ་ཞེང་འཇལ་བ་དང་གཉིས་སུ་མ་མཆིས། སྤྲིན་གྱི་བང་རིམ་མཐོ་བའི་བ་གམ་ལས་སྐྱ་མདོག་གི་དུང་ཟླ་ཁད་ཀྱིས་བུད་དེ། མག་མོག་གི་ཟླ་འོད་དེ་མི་ཡུལ་གྱི་ཞིང་སར་འགྱེད་དུས་སྔར་ལས་ལྷག་པའི་གྲང་ཚོར་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོངས། དེ་དང་ལྷན་དུ་གྲང་འདར་རྒྱག་པའི་སྐར་མ་རེ་འགས་ཀྱང་མཚན་ངོགས་འདིའི་སྐྱོ་གདུང་དང་གྲང་ངར་ལ་ཡི་མུག་གི་དངན་པ་རིང་མོ་ཞིག་འབྱིན། ལྟོས་དང་།དུང་ཟླའི་སྐྱོ་གདུང་གི་མིག་ཟུང་དང་འུ་ཐུག་གི་གོམ་འགྲོས་ནི་ཅི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ཨང་།
དལ་བ་དལ་བུར། དུང་ཟླ་དེ་རང་གི་འགྲུལ་བཞུད་ཀྱི་མཐའ་མར་སླེབས་ཤིང་།མུ་མཐའ་མེད་པའི་ཞིང་ཚིགས་ཀྱི་སྒལ་གཞུང་ནས་བག་ལ་ཉལ། ནམ་མཁའི་དབྱིངས་སུ་འོལ་ཁའི་ཟླ་འོད་ཙམ་འཕྱུར་བ་ལས་ཅི་ཡང་མི་སྣང་བར་གྱུར།ཡུད་ཙམ་ན།ཁྱད་མཚར་བའི་ཉ་མོ་དེ་སླར་ཡང་ཤར་ཕྱོགས་ནས་ཚུར་འབྱམས་པ་མཐོང་ཞིང་།དར་ཟབ་ཀྱི་ཡོལ་བ་ཡངས་ཤིང་འཇམ་པ་ཞིག་བཀྲམ་པས་ས་གཞི་ཧྲིལ་པོར་ཁེབས་པ་དང་མཚུངས།
མཚན་མོ་འདི་ནི་རི་མོ་མཁན་གྱི་པིར་ལས་ཐོན་པ་ལྟར་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་ཞིག་ཡིན་ནའང་། བྱེའུའི་ཚོགས་ལ་མཚོན་ན་དངངས་སྐྲག་འདར་སིག་གིས་གདོང་ལེན་བྱེད་དགོས་པའི་དུས་སྐབས་ཤིག་ཡིན། ཁོ་ཚོའི་གཤོག་སྒྲོ་ཁ་བས་བརླན་ཞིང་། འདར་སིག་གི་རྐང་པའང་གྲང་ངར་གྱིས་ཕྱིད། རུས་ལ་གཟན་པའི་གྲང་ངར་དེ་ནགས་གསེབ་ཏུ་རྔམ་རྫིག་གིས་རྒྱུ་བ་དེས། སྙིང་རྗེ་བའི་བྱེའུའི་ཚོགས་ཀྱི་གནས་ཚང་ཡང་གཡས་འཁྱོར་གཡོན་འཁྱོར་དུ་བཏང་། ཐང་ཆད་པའི་མིག་ཟུང་བཙུམ་པར་བརྩམས་ཀྱང་གྲང་ངར་གྱི་རྡེག་པ་བཙན་པོས་ཡོངས་སུ་དཀྲོགས་པས་བག་ལ་འཁུམས་ཏེ་འདར་སིག་སིག་ངང་མི་འདུག་ཐབས་མེད་བྱུང་། གྲང་འདར་རྒྱག་བཞིན་ཡི་མུག་གི་མིག་ཟུང་དངུལ་དཀར་གྱི་མེ་ལོང་ལྟ་བུའི་ཐང་ཆེན་ལ་ཅེར་ཏེ། གྲང་ངར་གྱིས་གཙེས་པའི་མཚན་གཞུང་འདིའི་མུ་མཐའ་སྔ་མོར་རྫོགས་ནས་རེ་བའི་སྐྱ་རེངས་དང་སང་ཉིན་གྱི་ཉི་འོད་གསར་པ་ཞིག་ལ་རེ་ཞིང་སྒུག
—《འཛམ་གླིང་གི་ཚད་ཐུབ་ལྷུག་རྩོམ་ཕྱོགས་བསྒྲིགས།》ལས་བཏུས་ཏེ་བསྒྱུར།
བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།