གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ཕ་རྒྱུད་ནམ་མཁའ་སྟོང་བའི་གླུ། །
སྟོང་བའི་གླུ་དེ་མི་ལེན་ཏེ། །
ནམ་མཁའ་མཐའ་དབུས་མེད་པའི་གླུ། །
མ་རྒྱུད་ཆུ་བོ་གཞུང་འབྱམས་གླུ། །
འབྱམས་པའི་གླུ་དེ་མི་ལེན་ཏེ། །
ཆུ་ལ་རྒྱུན་ཆད་མེད་པའི་གླུ། །
རང་རྒྱུད་རྩ་རླུང་འཁྲུལ་འཁོར་གླུ། །
འཁྲུལ་བའི་གླུ་དེ་མི་ལེན་ཏེ། །
རྩ་ལ་འགག་པ་མེད་པའི་གླུ། །
ས་འདིའི་ས་ངོ་མ་ཤེས་ན། །
རྨ་སྤོམ་རའི་གཡས་ཀྱི་གྱེན་ལམ་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
གུར་སེར་འབུམ་དམག་སེར་པོ་ནས། །
འཕྲུ་སེར་འཕྲུ་གཡས་ཀྱི་དང་པོ་ན། །
དཔོན་མིང་ཐང་རྩེ་གཡུ་འབྲུག་ཐོགས། །
རང་མིང་དཔའ་བརྟན་དར་ལུ་ཟེར། །
རྒྱ་བྱ་དཀར་པོའི་ཡང་སྟེང་ནས། །
དབང་ཆེན་གསེར་སྒའི་ཁྲི་སྟེང་ན། །
འབུམ་པའི་ལྷ་སྲས་དཀར་པོ་ལགས། །
ཞལ་དཀར་མི་ཆེན་རྒྱལ་པོ་ལགས། །
གསོན་དང་འདི་འདྲ་ཞུ་རྒྱུ་ཡོད། །
ད་ལོ་ཧོར་དམག་ཚུར་ཆས་འདི། །
སྡོང་བོ་རྟིང་ནས་མ་སྐྱེས་ན། །
ལོ་མ་འཁྲུངས་ལོ་ཅི་ལ་ཡོད། །
ལྗང་ཆུང་གཞི་ནས་མ་སྐྱེས་ན། །
འབྲས་བུ་སྨིན་ཐབས་ཅི་ལ་ཡོད། །
ལྷོ་སྤྲིན་བྱང་ལ་མ་སོང་ན། །
བ་མོ་འབབ་དོན་ཅི་ལ་ཡོད། །
གུར་དཀར་ཨ་གནམ་མ་འགུལ་ན། །
ཧོར་དམག་ཆས་དོན་ཅི་ལ་ཡོད། །
གཞི་རྩ་སྲིད་པའི་བཀོད་བཞག་ལན། །
འཕྲལ་རྐྱེན་མི་ཆུང་ཁ་བདེ་ལན། །
གུར་སེར་གུར་ནག་མན་ཆད་ནས། །
ལྷ་པ་མོ་མ་ཡན་ཆད་ཀྱིས། །
བཤོལ་བཤོལ་རྣ་ལ་མི་ལེན་དོ། །
ཐང་དམར་པོ་གོང་མ་མནན་ཚུན་ནས། །
ཁེ་ཉིན་ཞག་གསུམ་ཡན་ཆད་ལ། །
ཡིད་མ་བདེ་སྐྲག་སྐྲག་ངང་ལ་བསྡད། །
གཉིད་མི་ཁུག་འདར་འདར་ངང་ལ་ཡོད། །
ཧོར་ཡ་མའི་བླ་མ་སླེབས་ཚུན་ནས། །
བློ་ཕུགས་ཁོང་ལ་ཞུ་ཞིང་ཡོད། །
གཏམ་བཤད་མཁན་གླང་པོ་ཁྲ་འབར་རེད། །
དེ་སྡེ་ཧོར་གླིང་བྱ་བ་འདི། །
མང་སྣེ་ཉུང་གིས་རྟེན་ཐབས་མེད། །
མཐར་ཕམ་ཁ་གླིང་ལ་འབབ་ངེས་རེད། །
འཛམ་གླིང་ནོར་བུ་དགྲ་འདུལ་དང་། །
ཁྲི་དཔོན་ཞལ་ལུ་དཀར་པོ་གཉིས། །
བྱང་ཆུ་ལུང་ན་ཁྲ་གོང་མ་ནས། །
གཞིས་བྱེས་ཁག་ཏུ་བགོས་པའི་དུས། །
ཁྱེད་རྒྱ་ཚའི་ཕྱག་ལ་འཇུས་ནས་ནི། །
གསུང་ཞལ་ཏ་བྱོན་པ་ཨེ་དྲན་ཏོ། །
ཁྱེད་ཁེར་འབྱོན་མི་དགའ་སེར་ཁྲི་ནོན། །
རྟ་ཁེར་འགྲོ་མི་དགའ་བྲེས་མགོ་ནོན། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
དགུང་ཨ་སྔོན་ཟུར་གྱི་ཉི་ཟླ་གཉིས། །
འོད་བསིལ་དྲོད་གླིང་བཞི་བསྐོར་ལམ་ན། །
སྤྲིན་ནག་པོ་ལངས་ཀྱང་བསྐྱུར་ནས་ཞོག །
ནམ་ཕུགས་རླུང་གིས་གཏོར་ངེས་ཡིན། །
གཞི་དོག་མོའི་རྒྱན་ལ་ཆུ་ཆེན་འབབ། །
ལུས་འཁྱོག་འགྲོའི་འཛུམ་གྱིས་བསུ་ཙ་ན། །
ཆབ་རྦ་རླབས་འཁྲུགས་ཀྱང་བསྐྱུར་ལ་ཞོག །
སང་ནམ་ཕུགས་དལ་ལ་འགོད་ངེས་ཡིན། །
དབྱར་སྤང་ལྗོངས་གཞུང་དྲུག་མེ་ཏོག་བཀྲ། །
འདབ་དྲུག་ཟིལ་བ་ངོམ་པའི་དུས། །
དགྲ་བ་མོ་བྱུང་ཡང་བསྐྱུར་ལ་ཞོག །
སང་ནམ་ཕུགས་རྒྱན་ལ་འཁྲུངས་ངེས་ཡིན། །
ལམ་སྐྱ་རིང་ཟུར་ལ་ཚོང་ངའི་འགྲུལ། །
ནོར་གསེར་དངུལ་གཡང་དུ་ལེན་པའི་དུས། །
སྐྱོ་ཐང་ངེ་སོང་ཡང་བསྐྱུར་ལ་ཞོག །
སང་ནམ་ཕུགས་རང་གཞིས་འཁོར་ངེས་ཡིན། །
ཆབ་རྨ་ཆུའི་གཞུང་ནས་ཧོར་དམག་དཔུང་། །
གླིང་ལྷ་སྡེ་ནོམ་ལ་གཅོད་བསམ་འདི། །
སེམས་ཡིད་རྩ་འཁྲུགས་ཀྱང་བསྐྱུར་ལ་ཞོག །
སང་ནམ་ཕུགས་ལེ་ལན་འཕྲོད་ངེས་ཡིན། །
ཉི་ཟླ་སྤྲིན་ལ་བཟུར་བཟུར་ནས། །
གཟའ་རྒོད་ཐོག་བརྫིས་བྱུང་ཉེན་ཡོད། །
ཆུ་བོ་རྦ་ལ་བཟུར་བཟུར་ནས། །
དཔྱིད་ཐན་པས་ཉག་ལམ་གཅོད་ཀྱིས་དོགས། །
མེ་ཏོག་བ་མོར་བཟུར་བཟུར་ཀྱང་། །
སེར་རྒོད་གློ་བུར་བརྡུང་དོགས་ཡོད། །
ཚོང་མགྲོན་ལ་ལུང་བཤོལ་བཤོལ་ནས། །
ཇག་པའི་ཁ་ལ་ཐལ་ཉེན་ཡོད། །
ཁྱེད་ཞལ་དཀར་ཧོར་ལ་རྒོད་རྒོད་འདི། །
ནམ་ཕུགས་སྐུ་ཚེ་གཏོང་ཉེན་ཡོད། །
ཁྱོད་ལ་ཞུ་ཕོད་མ་ཡིན་ཏེ། །
འབུམ་དམག་ཁ་ལོ་བསྒྱུར་བ་ལ། །
དཔའ་རྩལ་དམར་ཡག་སྟག་འདྲ་དགོས། །
རྒོད་ཐག་ཆོད་བར་སྣང་ཐོག་འདྲ་དགོས། །
ཞེ་སྤྱང་བ་ཧོར་བ་ཁྲ་འདྲ་དགོས། །
ཡིད་གྲུང་བ་མེ་ལོང་གཟུགས་བརྙན་དགོས། །
ལས་ཨུ་ཚུགས་གཅིག་པོས་ཆོག་པ་མིན། །
ཡང་ཏིག་གླུ་ཡི་རྡོག་ཁ་ལ། །
སྨན་གླིང་བཟའ་སེང་ལྕམ་འབྲུག་མོ་དེ། །
མཁར་ཡ་རྩེའི་བཅུད་ལ་མ་ལོན་ན། །
གུར་དཀར་ཤི་ཡང་སྡོད་ལེ་མེད། །
ཡང་མིན་ན་མོ་རང་བྱིན་ལ་ཐོངས། །
སང་ཕ་ནོར་རང་ལ་རང་ལ་འཁོར་ཡིན། །
དེ་མིན་པའི་མི་ཤི་ཇུས་བརླགས་འདི། །
གླིང་སེང་ཆེན་བྱང་ནད་ཚུར་འབྱོན་དུས། །
གཏམ་ཞུ་ན་ཅི་ཚུགས་ཞུ་བསམ་ཡོད། །
ཞལ་མཇལ་ན་ཅི་འདྲས་མཇལ་ཚུལ་ཡོད། །
ངས་སེམས་དཀར་དྲང་པོའི་གླུ་ལེན་ཡིན། །
གླུ་འཁྲུལ་པ་སོང་ན་མཐོལ་ལོ་བཤགས། །
ངག་འཆལ་བར་སོང་ན་བཟོད་པར་བཞེས། །
ཁྱེད་ཞལ་དཀར་ཡིད་ལ་དེ་ལྟར་ཞོག །