མུན་ཁེར་སྐྱེས།
གཅིག
རྩྭ་ཐང་དུ། མེ་ཏོག་མཛེས་ཤིང་སྡུག་གུར་བཞད་ཀྱང་། སླར་ཡང་དལ་བ་དལ་བུར་བསྐམས་ཤིང་རྙིད་སོང་། ལྗོན་ཤིང་གི་ལོ་འདབ་རེ་རེ་སྔོ་ལྗང་གིས་བརྒྱན་རུང་། སླར་ཡང་སེར་ཐིག་བབས་ཤིང་ལང་ལོང་དུ་འཐོར་སོང་། ལྷ་བྱ་ཁྲུང་ཁྲུང་དཀར་མོས། སྙན་འཇེབས་ཀྱི་གླུ་གཞས་ལེན་བཞིན་ལྷོ་ནས་ཐོན་རུང་། སླར་ཡང་བརྩེ་ཞེན་བྲལ་བའི་གཤོག་པ་རྡེབ་ཞོར་འཕུར་སོང་། ལོ་དང་ཟླ་བ་རེས་འཁོར་གྱི་རྗེས་ཤུལ་རེ་རེ་ན། མི་བུ་ལ་ལས་རྐང་རྗེས་རི་མོ་བཞིན་དུ་འཁོད་ཡོད། མི་བུ་ལ་ལས་ཅི་ཡང་བཞག་མེད་ལ། ཐ་ན་མི་ཡུལ་དུ་ཐོན་པའི་གྲིབ་མ་ཙམ་ཡང་མེད། གཙང་ངོགས་ན། ཝུ་བ་སབ་སོབ་ཀྱི་ཕྲེང་བར་བརྒྱུས་པའི་ལོ་དང་ཟླ་བ། སྐབས་རེར་མངོན་ཞིང་གསལ་ལ། སྐབས་རེར་མག་མོག་དང་རབ་རིབ་ཏུ་སྣང་། ལོ་དང་ཟླ་བའི་རྗེས་ཤུལ་དུ། སེམས་ནས་བརྗེད་པར་དཀའ་ཞིང་ན་ཟུག་དྲག་ཏུ་བསླངས་བའི་ཕྱིར་དྲན་མང་དུ་ལུས་ཡོད། ཕྱི་མིག་འཕེན་ཐེངས་རེ་རེར། འདས་པའི་དྲན་ཤིང་རེ་རེས་དར་ལ་བབས་པའི་ལང་ཚོ་ཅིས་ཀྱང་འགྲེལ་དཀའ། ལོ་དང་ཟླ་བ། འདི་ལྟར་ཟིལ་ཐིགས་བཞིན་མཛུབ་བར་དུ་འཐོར།
གཉིས།
ཟླ་དྲུག་པའི་བསིལ་རླུང་དལ་བུར་རྒྱུ་དུས། ལྗོན་ཤིང་དང་ནགས་ཚལ་གྱི་མགོ་ལྕོག་ཤིག་ཤིག་ཏུ་གཡོ་ཞིང་། རྩྭ་ལྗང་དག་ཀྱང་ལྡེམ་ལྡེམ་དུ་འགུལ། ཉི་འོད་དུ། གླུ་དང་གར་གྱི་རྩེད་མོར་གཡེང་བ་འདྲ། རྒྱང་རིང་གི་མཁའ་མཐའ་རུ། ལོག་ཡུལ་ལ་ངེས་གཏན་མེད་པར་ལང་ལོང་དུ་གཡོ་བའི་སྤྲིན་དཀར་ཚོམ་བུ་དེ་ལ། ཁེར་རྐྱང་དང་སུན་སྣང་གིས་བྱིལ་བྱིལ་དུ་རེག་བཞིན་འདུག ཉེ་འགྲམ་ན་ཁེར་རྐྱང་དུ་འགྲེང་བའི་ལྗོན་རྩེར། བྱ་དང་བྱེའུ་ཡིས་ཀུ་ཅོ་བར་མེད་དུ་སྒྲོག་བཞིན། ཁྱུ་དང་ཁྱུ། ཚོགས་པ་དང་ཚོགས་པ་བྱས་ནས་འཕུར་ཞིང་འབབ། སྒོ་འགྲམ་ན་རྒྱུག་པའི་ཆུ་ཕྲན་དེ། བདག་གི་མདུན་ནས་ཤག་ཤག་དང་ཆལ་ཆིལ་དུ་བཞུར་སོང་།
གསུམ།
དེ་བས། སྐད་ཅིག་ཙམ་དུ། བདག་སེམས་ལ་འཇའ་ཚོན་ལྟར་དྲན་སྣང་སྣ་ཚོགས་ཤར་འོངས། བཞུར་ཟིན་པའི་ཆུ་ཕྲན་དེ། ཅི་ཞིག་འཚོལ་སྙེག་གི་དོན་དུ། མུ་མཐའ་བྲལ་བའི་རྒྱ་མཚོའི་ཀློང་དུ་ཆས་སོང་། ལང་ལོང་དུ་གང་སར་འཁྱམ་པའི་སྤྲིན་དཀར་ཚོམ་བུ་དེ་ཡང་། བསིལ་རླུང་འཇམ་པོ་ཞིག་གིས་སྐྱེལ་མ་བྱས་ཏེ། ཅང་མ་འགོར་བར། སྔོ་ཞིང་དྭངས་བའི་མཁའ་དབྱིངས་ནས་གར་སོང་ཆ་མེད་དུ་གྱུར་ཏེ། ཤུལ་དུ་སྤུ་ཉག་ཙམ་ཡང་བཞག་མེད། ལོ་དང་ཟླ་བ་ཡ། ཁྱེད་ཀྱིས་ང་ཡི་ཆེད་དུ་ཅི་ཞིག་སྟེར་ཆོག་གམ། བདག་གིས་བསམ་ན། ཉིན་རེ་བཞིན་ལོ་དང་ཟླ་བས་བྲིས་པའི་རྒས་བའི་གཉེར་རིས་ཤལ་ལེ་ཤུལ་ལེ་དང་། ཡང་ན་ལོ་དང་ཟླ་བས་བསྩལ་བའི་འགྱུར་བག་རེ་རེ་ལས་གཞན་ཅི་ཡང་མེད།
བཞི།
ཁེར་རྐྱང་དུ། ཆ་རྒྱུས་མེད་པའི་ཡུལ་འདི་རུ་འཁྱམ་ཞིང་ཉུལ་དུས། ལམ་ཁ་ན། ལྗོན་ཤིང་གི་ལོ་མ་དང་ཡལ་འདབ་རེ་རེ། འཚབ་འཚུབ་དང་ལང་ལོང་དུ་གཡོ་ཞིང་འདར། རླུང་ཁ་ན། མི་ཚོགས་འགྲོ་འོང་གི་གོམ་སྟབས་བྲེལ་ཡང་བྲེལ། འཚུབ་ཀྱང་འཚུབ། འདི་ལྟར་མི་ཚོགས་ཀྱི་འདུར་རྒྱུག་ཀློང་དུ། ལོ་དང་ཟླ་བ། སྐད་ཅིག་སྐད་ཅིག་ཏུ་སྐར་མདའ་ལྟར་ཡལ་བཞིན་ཡོད། ཡང་ཞིག་བཤད་ན། མ་གཞི་འཚོ་བ་ཟེར་བ། འཁོར་བ་ཟེར་བ། གང་ལྟར་འཇིག་རྟེན་གྱི་ཆོས་ཉིད་དེ་འདྲ་ཡིན་པས། སུ་ཞིག་གིས་ཀྱང་བཟློག་ཏུ་མེད། དེ་བས། མི་སེམས་དང་ཧ་ཅང་མཐུན་པར་དཀའ། ང་ཚོ་བསྡད་ཀྱང་རུང་། ང་ཚོ་སོང་ཡང་རུང་། ང་ཚོ་གསོན་ཡང་རུང་། ང་ཚོ་འཆི་ཡང་རུང་། ལོ་དང་ཟླ་བ། ང་ཚོའི་མོས་ཁ་དང་མཐུན་པར་མི་གནས་ཤིང་མིག་རྡེབ་ཙམ་དུ་ཡང་སྡོད་མི་སྲིད་པས། དུས་ཡུན་རིང་ཡང་རུང་། དུས་ཡུན་ཐུང་ཡང་རུང་། ལོ་དང་ཟླ་བ། ང་ཚོས་དབང་དུ་སྡུད་མི་ཐུབ་པས། ཤུགས་རིང་ནར་ནར་དུ་འཐེན་པ་ཙམ་ལས་བཀོད་པ་ཅི་ཞིག་ཡོད།
ལྔ།
ལོ་དང་ཟླ་བ། མ་བསམ་མ་དྲན་ས་ནས་ཟིལ་ཐིགས་བཞིན་འཐོར་ཏེ། ལང་ཚོ་ཡི་གཟི་དཔལ་ཇི་འདྲའི་མང་པོ། སད་ཐབས་བྲལ་བའི་ཕྱིར་དྲན་ཀློང་དུ་ག་ལེར་སིམ་པས། སུ་ལའང་འཚེར་སྣང་དང་འགྱོད་གདུང་ཚད་མེད་སྟེར་བར་མ་ཟད། དཔྲལ་བའི་གཉེར་རིས་ཀྱང་ཉིན་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ། ཀྱེ་མ་ཀྱེ་ཧུད། ལོ་དང་ཟླ་བའི་འགྲུལ་བཞུད་ལམ་དུ། ང་ཚོའི་ལུས་ཟུངས་ཟད། བློ་རིག་ཉམས། གོམ་ཁ་འདར། སེམས་ཀྱི་སྡུག་བསྔལ་རེ་རེ་རྡེའུ་འབུམ་བཞིན་བརྩེགས་ཤིང་། རི་རབ་བཞིན་གཅིག་ལས་གཅིག་གིས་ལྗིད་ཅིང་གནོན་པར་བྱེད། དེར་བརྟེན། ཅི་བྱ་གཏོལ་མེད་དུ་གྱུར་པའི་སེམས་སུ། ལོ་དང་ཟླ་བའི་རྗེས་ཤུལ་རེ་རེ་ནི། བཅོས་ཐབས་མེད་པའི་སེམས་ཀྱི་རྨ་ཁ་རེ་རེ་མ་ཡིན་ནམ།
དྲུག
ཚེ་སྲོག ཕྱོགས་བཞིའི་མགྲོན་པོ་སྐྱེལ་བའི་མཁའ་ལ་འཕུར་བའི་གནམ་གྲུ་ཇི་བཞིན། ཕྱི་རུ་ལོག་པའི་འཛིན་བྱང་མེད་ལ། བརྒྱུད་ཟིན་པའི་ལམ་བུ་རེ་རེར། སླར་ཡང་ཐེངས་ཤིག་ལོག་པར་འདོད་ཀྱང་། སྔར་གྱི་ལམ་ཕྲན་ཇི་ལྟར་བཙལ་ཡང་རྙེད་མ་བྱུང་། མྱུར་ཞག་རྒོད་པའི་ལོ་དང་ཟླ་བ། མེ་ཤུགས་འཕུར་མདའ་ལྟར། བསམ་ཁོམ་དྲན་ཁོམ་ཙམ་ཡང་མེད་པར་ཡལ་ཞིང་སྟོངས། ཐེངས་མང་པོར། སླར་ཡང་འདས་ཟིན་པའི་མཛེས་ལྗོངས་རེ་རེ་ཐེངས་ཤིག་མངོན་པར་འདོད་ལ། སེམས་ནས་འདོར་མི་པྲ་བའི་གྲོགས་མཆོག ལས་གྲོགས། མཛའ་གྲོགས། སླར་ཡང་རེ་རེ་བཞིན་ཐེངས་ཤིག་མཇལ་ན་འདོད། འགྲོགས་ན་འདོད། ཡུལ་རྒྱུས་ཡོད་དེ་ནས། མི་རྒྱུས་ཅན་དེ་ཚོ་དང་མཉམ་དུ། ཅི་ཡང་མི་བསམ་ལ་ཅི་ཡང་མི་དྲན་པར། སླར་ཡང་དགའ་སྐྱིད་ཀྱི་དཔལ་ལ་ཐེངས་ཤིག་རོལ་ན་འདོད། ཡིན་ནའང་། གཞུ་ལས་ཤོར་བའི་མདའ་མོ་བཞིན་ཕྱི་རུ་ལོག་ཐབས་ཤིག་གཏན་ནས་མི་འདུག
བདུན།
ན་གཞོན་གྱི་ལང་ཚོ། ལང་ཚོ་ཡི་གཟི་དཔལ། ལོ་དང་ཟླ་བའི་ཤུལ་དུ། ཟིལ་ཐིགས་བཞིན་སྙིང་རྗེ་མེད་པར་འཐོར་ཅིང་ལྷུང་། ཆུ་བོའི་བཞུར་རྒྱུན་ལྟར་གོ་མེད་ཚོར་མེད་ངང་རྒྱང་ནས་རྒྱང་དུ་བཞུར། ཡིན་ནའང་། བརྗེད་པར་དཀའ་བའི་ཕྱིར་དྲན་ཟབ་མོ་རེ་རེ། སྨྱུག་ཁ་ནས། ནོར་མེད་འཆུག་མེད་དུ། ཕྱི་གསལ་ནང་གསལ་དུ་བརྡོལ་ན་ཆོག ལོ་དང་ཟླ་བས་ང་ལ་བསྩལ་བའི་ཆགས་ཞེན་ཟབ་མོ་རེ་རེ། ཡང་ན་རྒ་བའི་སྨྲེང་སྐྱོ་རེ་རེ། འཛད་དུ་མེད་པའི་དྲན་སྣང་དེ་དག རེ་རེ་བཞིན་བདག་གིས་ཞིབ་ཅིང་ཕྲ་བར་བྲི་ན་ཆོག
བརྒྱད།
འཇིག་རྟེན་མི་ཡུལ་འདིར། སེམས་ཅན་གྱི་ཚེ་ཐག་ཟད་པའི་དན་རྟགས་སུ། ལོ་དང་ཟླ་བས་སྙིང་རྗེ་མེད་པར་རྫོགས་ཚིག་ཅིག་བྲི་བ་ནི། ཚེ་དང་འཇིག་རྟེན་མི་རྟག་པར་གོམས་སུ་འཇུག་པའི་བརྡ་སྦྱོར་འབའ་ཞིག་མ་ཡིན་ནམ། གང་ལྟར་མི་བུ་སུ་ཡིན་ཡང་། འཇིག་རྟེན་འདི་ནས་འདོད་པའི་རྩེ་གང་ཡང་ཆོག འགྱོད་པས་གདུངས་ཀྱང་ཆོག གང་ལྟར་རང་དབང་ཅི་ཡང་མེད་པར་མ་ཟད། ཐ་ན་གྲ་སྒྲིག་རྟ་རྔ་ཙམ་ཡང་མེད་པར་རྫོགས་ཚིག་ཅིག་འབྲི་ཁོ་ཐག་ཡིན། ཆེས་མཐའ་མར་ལུས་པའི་ཁྱེད་ལ། དགའ་སྐྱོ་ཆགས་སྡང་གང་ཡོད་རུང་། ཁ་ཆེམས་ཙམ་ཡང་འཇོག་པའི་ཁོམ་ལོང་མེད་པར་གྱེས་སྲིད། བརྒྱུད་པའི་ལོ་དང་ཟླ་བ། འཕྲད་པའི་དོན་ཆེན་དོན་ཆུང་། ཐ་ན་འཚོ་བའི་ཟ་ཟུར་རེ་ཡང་། ཤོས་ངོས་ལ་རིས་སུ་ཕབ་ཐུབ་ན་ཇི་འདྲའི་རིན་ཐང་ལྡན་པ་ཞིག་མ་ཡིན་ནམ།
དགུ།
འགྲོ་བ་མི་དང་རྟ་ནོར་ལུག གཅན་གཟན་དང་རི་དྭགས། རྩྭ་རྩི་ཤིང་། མཚོ་མཚེའུ་སོགས་སྲོག་གི་དབང་བོ་ཞུགས་ཀྱང་ཆོག མ་ཞུགས་ནའང་ཆོག ལོ་དང་ཟླ་བའི་ལྕགས་སྒྲོག་ལས་ཐར་དུ་མེད་པས། ང་ཚོ་ཚང་མ་ལོ་དང་ཟླ་བའི་མགྲོན་པོ་ཡིན། དེ་བས། ལོ་དང་ཟླ་བའི་བར་གསེང་ནས། དཔྲལ་བའི་མིག་གི་དགའ་སྟོན་དུ་མཛེས་པའི་ཡུལ་ལྗོངས་དང་མཛེས་པའི་བུ་མོ། མཛེས་པ་ཅི་ཡོད་འདྲེན་དགོས་ལ། འཚོ་བའི་མངར་སྐྱུར་ཁ་ཚ་ཅིས་ཀྱང་སེམས་ཀྱིས་མྱོང་དགོས། བཞུད་ཟིན་པའི་འགྲུལ་ལམ་ལ་ཐེངས་ཤིས་བལྟས་ན། བདག་སེམས་སུ་ཞོ་ལྟར་ཆགས་པའི་བརྩེ་ཞེན་དེ་བརྗེད་ཐབས་མེད་ལ། སུ་ཞིག་གིས་རྟོགས་མི་ཐུབ་ལ། དེ་བས་ཀྱང་ཇི་ལྟར་བརྗོད་ནུས་ཨང་།
བཅུ།
འཇིག་རྟེན་ཆགས་འཇིག མི་རྟག་འཚོ་བ། བགྲང་ལས་འདས་པའི་འདུ་བྲལ་རེ་རེ། ལོ་དང་ཟླ་བའི་བཞུར་རྒྱུན་དུ་འཐིམས་སོང་། སྨྱུག་ཁ་ནས་ཐོན་པའི་ཆགས་ཞེན་དྭངས་མའི་བརྩེ་འདང་རེ་རེ། ད་དུང་འགྲོ་འོང་གི་མི་དང་བྱ་གཞག་དེ་དག མི་ཚེ་ཡི་འཚོལ་སྙེག་ཅིག་ཀྱང་ཡིན་ཞེས་བཤད་ན་ཆོག ལོ་དང་ཟླ་བར་གཤིབ་ཅིང་འགྲོས་པའི་མི་དང་བྱ་གཞག་འཚོལ་ཅིང་བསྙེགས་ཡོད། མི་དང་བྱ་གཞག་གི་འབྲེལ་འདྲིས་ཁྲོད་དུ། དཔག་པར་དཀའ་བའི་འཚོ་བའི་ཡིན་མིན་དང་བདེན་རྫུན་གྱི་གནས་ལུགས་གསལ་བོར་རྟོགས་འོངས། ཡིན་ནའང་། སླར་ཡང་དལ་བར་དལ་བུར་རྩ་བ་དང་གཏིང་ནས་བརྗེད་ཀྱང་འགྲོ་ངེས།
བཅུ་གཅིག
ཟིལ་ཐིགས་བཞིན་འཐོར་བའི་ལོ་དང་ཟླ་བར། ལང་ཚོ་ཡི་གཟི་དཔལ་དྲག་ཏུ་རྒྱས་མྱངས་ལ། རྒས་པའི་གཉེར་རིས་ཀྱང་ཇེ་མང་དུ་བབས་ཡོད། ཕྱིར་ལོག་མེད་པའི་ལོ་དང་ཟླ་བ་དེ་དག ཕྱིར་དྲན་གྱི་གསེང་དང་ཁོང་དུ་སྦས་ནས་ཡོད། བསྐུངས་ནས་ཡོད། ལོ་དང་ཟླ་བ། འཛིན་པར་འདོད་པའི་ལག་ཟུང་གིས་ཇི་ལྟར་བསྙབས་ཀྱང་ཟིན་དུ་མེད་ལ། རེག་ཙམ་ཡང་མི་ཐུབ། ཐ་ན་ཁ་རླངས་ཙམ་ཡང་ཕོག་མེད་པ་འདྲ།
བཅུ་གཉིས།
ད་ལྟ། འདང་རེ་བརྒྱབ་ན། ལོ་དང་ཟླ་བ། དེ་ལྟར་ཟིལ་ཐིགས་ཇི་བཞིན། མཛུབ་བར་ནས་འཐོར་ཅིང་ལྷུང་དུས། མཚམས་རེེར་ཐིག་ཐིག་ཏུ་འཐོར་བའི་ཐག་སྒྲ་ཙམ་ཐོས་ཡོད་པ་འདྲ། ལན་རེར་ཐག་སྒྲ་ཙམ་ཡང་ཐོས་མེད་པ་འདྲ། ལོ་དང་ཟླ་བ། དུས་ནམ་ཡང་འགྲུབ་པར་འདོད་ཀྱང་འགྲུབ་ཏུ་མེད་པའི་རེ་སྒུག་ཅིག ཚར་དུ་མེད་པའི་འགྲུལ་བཞུད་ཅིག ལོ་དང་ཟླ་བ། ལམ་གང་དུ་འགྲོ་བ་དང་གནས་གང་དུ་འབྱོར་བར་ཁ་ལོ་བསྒྱུར་མི་ཐུབ་པའི་འགྲུལ་བཞུད་ཐེངས་ཤིག་མ་ཡིན་ནམ།