ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་ཚེས30ཉིན་གྱི་སྔ་དྲོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།
རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། རབ་མཛེས་སྐར་ལྔའི་དར་དམར་ལྷབ་ལྷུབ་ངང་རླུང་གིས་སྐྱོད་ཅིང་། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ཀྲོང་ངེར་འགྱིང་ཡོད། ཐང་ཆེན་གྱི་དཀྱིལ་དབུས་སུ། མེ་ཏོག་གིས་བསྒྲིགས་པའི“མེས་རྒྱལ་ལ་རྟེན་འབྲེལ་ཞུ”ཞེས་པས་རྒྱལ་ཁབ་སྟོབས་འབྱོར་རྒྱས་པའི་མཛེས་སྡུག་གི་སྨོན་འདུན་མཚོན་པར་བྱས་ཡོད་ལ། དེའི་སྟེང“ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ”ཞེས་བཀོད་པ་ཡིས་ཏང་ཡོངས་དང་དམངས་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་ནས་འཚོགས་པར་ངང་སྒུག་བྱེད་པ་མཚོན་ཡོད།
ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་རྗེས་དྲན་རྡོ་རིང་གི་རྨང་སྟེགས་སྟེང་བུད་དེ། མེ་ཏོག་གི་མཆོད་པར་གཟིགས། མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་དམར་པོ་དང་དྲི་ཞིམ་གྱིས་ཁྱབ་པའི་ལུག་མཉེ་མེ་ཏོག འདབ་མ་ལྷུག་པོར་གྲོལ་བའི་མེ་ཏོག་སེར་པོ་བཅས་ལ། མི་དམངས་དཔའ་བོར་བཅངས་པའི་གདུང་སེམས་ཟབ་མོ་དང་བླ་ན་མཐོ་བའི་གུས་འདུད་བཅོལ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་སེམས་གཅིག་དང་དཔའ་ངར་མདུན་སྐྱོད་ཀྱིས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་དཔུང་སྐྱོད་བྱེད་པའི་བགྲོད་ལམ་གསར་པའི་སྟེང་དུ། ང་ཚོས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྗེས་འཛིན་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་སྡུད་ལེན་བྱས་ན། སྔར་ལས་འོད་སྟོང་འབར་བའི་ལེའུ་གསར་པ་འབྲི་ཐུབ་ངེས་ཡིན། །