རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཟླ་9པའི་ཚེས་30ཉིན་གྱི་དགོང་མོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་73འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་རྒྱལ་ཁབ་ཕྱི་ནང་གི་མི་སྣ་500ཙམ་ལྷན་འཛོམས་གནང་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་མེ་ཏོག་ལྷུག་པོར་བཞད་དེ་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་གྱང་ངོས་སུ་རྔམ་བརྗིད་ལྡན་པའི་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པ་དང་། “1949--2022”ཞེས་པའི་ལོ་གྲངས་ཆེན་པོ་དེ་དམར་མདངས་བཀྲ་བའི་དར་དམར་གྱི་མཛེས་རྒྱན་འོག་དེ་བས་མངོན་གསལ་དོད་པར་སྣང་།
ཆུ་ཚོད་17དང་སྐར་མ་30ཙམ་ལ། སྤྲོ་སྣང་དོད་པའི《མགྲོན་བསུའི་རོལ་དབྱངས》དང་བསྟུན་ནས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣ་གསོལ་སྟོན་ཁང་དུ་ཕེབས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།
སྣེ་ལེན་ཚོགས་འདུ་འགོ་ཚུགས་པ་དང་བསྟུན་ནས་དམག་མིའི་རོལ་ཆ་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་རྒྱལ་གླུ་བླངས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཤིས་ཚིག་གསུངས་པ་རེད། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ། སྤུན་ཟླ་ཐའེ་ཝན་བ། ཕྱིར་སྡོད་རང་མི་བཅས་ལ་མཛའ་བརྩེའི་འཚམས་འདྲིའི་ཞུས་པ། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ལི་ཁེ་ཆང་གིས། ལོ་ངོ་73རིང་། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འབད་འབུངས་ཡར་བརྩོན་བྱས་ཏེ། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད། ད་ལོ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་ཞིང་། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སུ་སྐོང་འཚོག་བྱེད་པའི་ཚོགས་ཆེན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ད་ལོ་ནི་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཧ་ཅང་རྒྱུན་ལྡན་མིན། རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་ཚང་མས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་པ། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། བསྒྱུར་བཅོས་སྒོ་དབྱེར་བརྟེན་ནས་གསོན་ཤུགས་དང་འགུལ་ཤུགས་འཕེལ་བར་བྱེད་པ། ཟོག་གོང་གི་ཆུ་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱེད་པ། དམངས་འཚོ་འགན་ལེན་ཏན་ཏིག་བྱེད་པ། ཐན་ཞོད་དང་ས་ཡོམ་སོགས་ཀྱི་གནོད་འཚེར་ཁ་གཏད་ཧུར་ཐག་གཅོག་པ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་བཅས་བྱས་ཡོད་ཅིང་། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། འདི་ནི་ལས་སླ་པོ་ཞིག་མིན་ཞེས་གསུངས་པ་རེད།
ལི་ཁེ་ཆང་གིས། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དཔལ་འབྱོར་གྱི་གཞི་རྩ་ནུས་ཤུགས་ཡོད་རྒུས་བརྟན་པོ་ཡོང་བ་བྱེད་དགོས། ང་ཚོས་སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་འདོན་པ། དཔལ་འབྱོར་བརྟན་པོ་ཡོང་བ་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་བཅས་བྱས་ཏེ། ཚོང་རའི་གྲུབ་ཆ་གཙོ་བོར་འགན་ལེན་དང་ལས་ཞུགས་བརྟན་པོ་དང་ཟོག་གོང་བརྟན་པོ་ཡོང་བ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་གཏོང་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། མིག་སྔར་འཕེལ་རྒྱས་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། དུས་ཚོད་ཀྱིས་མི་འགུག་མི་སྲིད་པའི་བསམ་བློའི་ཐོག་ནས་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་ཁག་ནུས་ལྡན་དང་གོ་ཆོད་ངང་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ། དཔལ་འབྱོར་བརྟན་དུ་འགྲོ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་བརྟན་པོའི་ངང་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས་ཤིང་། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུར་འགན་ལེན་བྱེད་པའི་ཐད་ང་ཚོར་སེམས་ཤུགས་དང་ནུས་པ་ཡོད། བསྒྱུར་བཅོས་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་ལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཀྱང་ཡིན། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བསྒྱུར་བཅོས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས”རྒྱུན་འཁྱོངས། ཚོང་རའི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་དང་རྒྱ་སྐྱེད། ཁྲིམས་ལྟར་སྲིད་འཛིན་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ་དང་། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་སྔར་ལས་ཆེ་བ་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་བ་བྱེད་པ། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། ཀྲུང་གོ་ཉིད་ཐོག་མཐའ་བར་གསུམ་དུ་ཕྱི་རྒྱལ་ཚོང་པས་མ་འཇོག་བྱེད་ཡུལ་ཡག་ཤོས་སུ་འགྱུར་བར་བྱེད་པ་དང་། མཉམ་རྒྱལ་འཕེལ་རྒྱས་ཡོང་བ་བྱེད་དགོས། སྲིད་སྐྱོང་བ་དེ་དམངས་ཀྱི་ཁེ་ཕན་ལ་ཕན་པ་ཞིག་བྱེད་དགོས། ང་ཚོས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་འཆང་བའི་རེ་སྨོན་ལ་དམིགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཞག་སྟེ། དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་པ་དང་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་སྤྱོད་སྤེལ་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་ཁོང་ཚོར་རོགས་སྐྱོབ་གང་ལེགས་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་དམངས་འཚོའི་གཞི་ཐིག་བརྟན་པོ་སྲུང་བ། སློབ་གསོ་དང་། སྨན་བཅོས། རྒན་གསོ། སྡོད་ཁང་འགན་སྲུང་སོགས་ཀྱི་དངོས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་པ་བཅས་བྱས་ནས། མི་དམངས་ཀྱི་སྐྱིད་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལི་ཁེ་ཆང་གིས། ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་བཅོས་སྐྱོང” “ཨའོ་མོན་བས་ཨའོ་མོན་བཅོས་སྐྱོང” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་དང་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་དང་། དཔལ་འབྱོར་གོང་སྤེལ། དམངས་འཚོ་ལེགས་བཅོས་བཅས་བྱས་ནས། རྒྱལ་ཁབ་གོང་འཕེལ་གཏོང་བའི་ཁྱོན་ཡོངས་གནས་བབ་ཁྲོད་སྔར་བས་མཉམ་འདྲེས་གང་ལེགས་ཐུབ་པར་བྱེད་པ་དང་། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། དུས་རབས་གསར་པར་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་ གོང་འཕེལ་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་བསྐྲུན་བཞིན་ཡོད། རང་བརྟེན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཞི་བདེ་གོང་འཕེལ་གྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་གཏིང་ཟབ་སྤེལ་བ་དང་། མི་སྣའི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་གོ་ལའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
ལི་ཁེ་ཆང་གིས་མཇུག་ཏུ། འོད་སྟོང་འཕྲོ་བའི་མཛད་རྗེས་ནི་དངོས་དོན་བསྒྲུབས་ནས་བཏོད་པ་ཞིག་རེད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་སྟོབས་ཆེའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
སྣེ་ལེན་ཚོགས་འདུར་ཞུགས་མཁན་གྲས་སུ། པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་དོན་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། འགོ་ཁྲིད་ཀྱི་ལས་གནས་ནས་དགོངས་ཞུ་གནང་ཟིན་པའི་བློ་མཐུན་བཅས་དང་། དེ་བཞིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་མྱོང་བའི་བློ་མཐུན་བཅས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། དམངས་གཙོ་ཏང་ཤོག་ཁག རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བ། བྱས་རྗེས་མཚན་སྙན་ཐོབ་མཁན་གྱི་འཐུས་མི། སྤྱི་ལོ་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་འཐུས་མི། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་མི་སྣའི་འཐུས་མི། མི་རིགས་ས་ཁུལ་བརྟན་ལྷིང་དང་། འཕེལ་རྒྱས། མཐུན་སྒྲིལ་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི། པེ་ཅིང་དུ་བཞུགས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་ཁག་གཅིག ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཁག་གི་འཐུས་མི། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཁག་གཅིག་བཅས་ཀྱང་སྣེ་ལེན་ཚོགས་འདུར་ཞུགས་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
སྤྲོ་སྣང་དོད་པའི་དབྱངས་རྟའི་ཁྲོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་73འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས་པ། ཀྲུང་གོ་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་གྲོགས་ཡུན་ནས་ཡུན་དུ་གནས་རྒྱུའི་སྨོན་འདུན་ཞུས་ཡོད།