༄༅།།རྩོད་ཡིག་ཕྱི་རྒོལ་གླང་སྨྱོན་འཇོམས་པའི་སེང་གེའི་ངར་སྐད་ཅེས་བྱ་བ་བཞུགས་སོ། །

རྩོམ་པ་པོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 10-08


  རྣོ་ཞིང་ངར་ལྡན་མཁྱེན་པའི་རལ་གྲི་ཡིས།  །ལོག་རྟོགས་ཚང་ཚིང་ནགས་ཚལ་གཅོད་མཛད་པའི།  །རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་ཁྱོད་ཀྱིས། །བརྒྱ་ཕྲག་སྨྲ་བའི་སྒོ་འཕར་ད་ཕྱེས་ཤིག  །ཐུབ་བསྟན་པདྨའི་དགའ་ཚལ་རྙོག་བྱེད་པ།  །ལོག་རྟོག་ཆང་གིས་རབ་ཏུ་མྱོས་པ་ཡི།  །ཕྱི་རྒོལ་ལག་ལྡན་སྟོང་གི་མགོ་བོ་ཀུན།  །གཅིག་ཆར་འགེམས་པའི་སེང་གེའི་ངར་སྐད་སྒྲོགས།  དེ་ཡང་ཨེངྒ་ལེང་ཞེས་པའི་གླིང་གཞན་ནས་རང་རེའི་གླིང་འདིར་ཡེ་ཤུའི་ཆོས་ལོག་སྤེལ་བར་འོངས་པའི་མི་བོལ་ཧེལ་ཟེར་བ་ཞིག་གིས།  སི་ཁྲོམ་དུ་རྒྱའི་སྐད་དང་ཡི་གེ་བསླབ་ནས་བྱང་བར་བྱས་ཏེ།  རབ་ཚེས་ས་གླང་ལོའི་ཟླ་བདུན་པའི་ཚེས་ལྔ་ལ་འདིར་འོངས་ནས།  ཁོ་བོའི་གམ་ནས་བོད་ཡིག་དང་སྐད་ཆ་སོགས་བསླབ་ནས་ཟླ་བརྒྱད་པའི་ཚེས་བཅུ་དགུ་ལ་ཟི་ལིང་མཁར་དུ་སོང་།  ཟླ་བཅུ་གཅིག་པའི་ཚེས་བཅུ་ལ་སླར་འདིར་འབྱོར་ནས་ཉིན་རེ་བཞིན་དམ་པའི་ཆོས་ལ་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་སོགས་ལས་བརྩམས་པའི་འཕྲོས་གླེང་ཅུང་ཟད་བྱས། ཟླ་བ་བཅུ་གཅིག་པའི་ཉེར་གསུམ་ཉིན་ཕྱི་མ་ལ་བོལ་ཧེལ་ཁོ་བོ་ལ་འདི་སྐད་ཅེས་སྨྲ་སྟེ། ཁྱོད་ཀྱིས་ངེད་ཚོའི་སངས་རྒྱས་ཡེ་སུ་ལ་སྐྱབས་གནས་སུ་བསྟེན་ལ།  ཁྱོད་རང་གི་སངས་རྒྱས་གོའུ་ཏ་མ་དང་།  དེའི་དམ་པའི་ཆོས་དང་།  སྐུ་འདྲ་དང་བཅས་པ་ཐམས་ཅད་སྙིང་ཐག་པ་ནས་ད་ལྟ་ཉིད་དུ་སྤོངས་བར་བྱས་ན།  ཁྱེད་ཀྱི་སྡིག་པ་ཐམས་ཅད་ཡེ་སུ་རང་ཐོག་བླངས་ནས།  ཁྱེད་ཀྱི་སྡིག་པ་ཐམས་ཅད་དག་ཅིང་བདེ་བའི་གོ་འཕང་མཆོག་ཐོབ་པོ་ཞེས་སྨྲས་སོ། །    དེ་ལ་ཁོ་བོས་ཁྱེད་ཀྱི་སངས་རྒྱས་ཡེ་སུ་ཞེས་པ་ཇི་ལྟ་བུ་ཞིག་ཡིན་ཞེས་དྲིས་པར།  ཕྱི་པས་ན་རེ།  ཁོ་བོའི་སངས་རྒྱས་ཡེ་སུ་ནི་སྣོད་བཅུད་ཀྱི་བྱེད་པོ་ནམ་མཁའི་དབྱིངས་ན་གནས་པ།  གཟུགས་སུ་གྲུབ་པ་མེད་པ་ཞིག་ཡིན་ཀྱང་།  དེའི་སྲས་ཧྲི་སུ་འཇིག་རྟེན་འདིར་ཡོངས་ནས་ཁོ་བོ་གནམ་གྱི་ལྷའི་སྲས་ཡིན་ཞེས་པས།  ལོང་པ་རྣམས་ཀྱིས་མིག་ཐོབ། འོན་པས་སྒྲ་ཐོས། གྱོལ་བོ་རྣམས་ཀྱིས་བགྲོད་ཐུབ་པ་སོགས་བྱས་པ་ལ་བརྟེན་ནས། མི་ལ་ལས་དད།  ལ་ལས་མ་དད་ནས་རྐྱང་ཤིང་ལ་བརྐྱངས་ཏེ་བསད་དོ། །   དེ་དུས་སྐྱེ་དགུ་ཡོངས་ཀྱིས་སྡིག་པ་རང་ཐོག་བླངས་ཏེ་ཤི་བ་དེ་ལྟ་བུ་ཞིག་ཡིན།  ངེད་ཚོ་དད་ལྡན་རྣམས་ཀྱི་སེམས་ལ་ནམ་འདོད་འདོད་ལ་འོངས་པས་ཤེས་པར་སླའོ་ཞེས་ཟེར།  ཁོ་བོས།  འོ་ན་ཁྱོད་ཀྱི་སངས་རྒྱས་སྐྱོན་ཀུན་ཟད།  །ཡོན་ཏན་ཀུན་ལྡན་ཡིན་པ་དང་།  བདག་གི་སངས་རྒྱས་ལ་སྐྱོན་ཀུན་ལྡན། ཡོན་ཏན་ཅི་ཡང་མེད་ཚུལ་ཁྱོད་ཀྱིས་ལུང་དང་རིགས་པས་སྒྲུབ་ཚུལ་ཅི་ལྟར་ཡོད་སྨྲས་ཤིག་ཞེས་པར། ཁོ་ན་རེ།  ངེད་ཚོའི་སངས་རྒྱས་ལ་གཞན་འཇིག་རྟེན་ཁམས་ན་གོའུ་ཏ་མ་ལ་སོགས་པའི་སངས་རྒྱས་གཏན་ནས་མེད་དེ། གཞན་སེམས་ཅན་ཐམས་ཅད་སྡིག་པོ་ཆེ་ཡིན་པའི་ཕྱིར་གོའུ་ཏ་མ་ཡང་སེམས་ཅན་སྡིག་པོ་ཆེ་ཡིན་དེས་བྱས་ཚད་ཆོས་ལོག་འབའ་ཞིག་གོ །ཡེ་སུ་ལ་སྐྱབས་སུ་སོང་བ་རྣམས་ཀྱིས་དེ་བསྟེན་ནས།  དེའི་སྐུ་འདྲ་ལ་མཆོད་མེ་དང་སྤོས་ཕུལ་ན་སྡིག་པ་ཚབས་ཆེན་བསགས་ནས་དམྱལ་བར་ལྷུང་ངོ་། །     ངེད་ཚོའི་དཔེ་ཆའི་གཞུང་དུ་འདི་མ་གཏོགས་སྒྲུབ་ཚུལ་གཞན་མེད་ཟེར།  དེ་ལ་ཁོ་བོས།  དེ་ཙམ་གྱི་ལུང་ཚིག་ལྟར་སྣང་གིས་ཁྱོད་ཀྱི་སངས་རྒྱས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་དུ་སྒྲུབ་མི་ནུས་པས་ཤིན་ཏུ་མི་འཐད་དོ། །     རང་ཅག་གི་སྟོན་པ་སངས་རྒྱས་ནི་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།  བར་དུ་བསྐལ་ཆེན་གྲངས་མེད་གསུམ་གྱི་བར་དུ་ཚོགས་བསགས།  མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྐྱོན་ཀུན་ཟད།  ཡོན་ཏན་ཀུན་རྫོགས་པར་ཡིད་ཆེས་པའི་ལུང་དང་དྲི་མ་མེད་པའི་རིགས་ལ་གཉིས་ཀས་སྒྲུབ་པ་ཡིན།  དམ་པའི་ཆོས་ཀྱང་དེས་གསུངས་པ་ཡིན།  ཁྱེད་ཅག་གི་སངས་རྒྱས་རྒྱུ་མེད་གློ་བུར་དུ་བྱུང་བ་དེ་ངོ་མཚར་ཆེ་ཨང་།  ད་དུང་ཁྱོད་ཀྱིས་བསམ་བློར་ཐོང་ལ་འོངས་དང་།  སང་ཉིན་རང་རེ་རྩོད་པར་བྱ་ཞེས་བཤད་ཀྱང་།ཁོ་ན་རེ། ཁྱེད་རང་དེ་རིང་ངེད་ཀྱི་སངས་རྒྱས་ལ་མ་དད་པར།  གོའུ་ཏ་མ་དང་།  དེའི་སྐུ་འདྲ་དང་ཆོས་བསྒྲུབ་ན་དེ་ལྟ་བུའི་སྡིག་པ་ཆེ་བས། ཤི་མ་ཐག་ཏུ་དམྱལ་བར་སྐྱེས་ནས་མི་བཟད་པའི་སྡུག་བསྔལ་མྱོང་ནས་དུས་ནམ་ཡང་ཐར་པར་མི་འགྱུར་རོ་ཟེར།ཁོ་བོས།  འོ་ན་གོའུ་ཏ་མ་དང་།  དེའི་སྐུ་འདྲ་དང་།  དེའི་ཆོས་རྣམས་བསྒྲུབ་ན་དེ་ལྟ་བུའི་སྡིག་པ་འབྱུང་ཚུལ་དགེ་བ་མི་འབྱུང་བའི་ཚུལ་ལ་ཁྱོད་ཀྱིས་ལུང་དང་རིགས་པ་བློ་ཡུལ་དུ་འཐད་པ་རེ་བསྒྲུབ་པར་མཛོད་ཅིག ། དེ་ལྟར་འཐད་ན་ཁོ་བོ་ཁྱོད་ཀྱི་སངས་རྒྱས་སྐྱབས་སུ་བསྟེན་ནས་གཞན་ཐམས་ཅད་ད་ལྟ་ཉིད་དུ་འདོར་བར་བྱའོ་ཞེས་སྨྲས་པས།  ལན་ཅི་ཡང་མ་བྱུང་ངོ་།  །    ཉེར་བཞིའི་ཉིན་སླར་དེ་ལྟར་ཉིན་གཅིག་ལ་རྩོད།  ཉེར་ལྔའི་ཉིན་སླར་ཡང་སྔ་དྲོ་གོང་ལྟར་རྩོད་ཀྱང་།  ཕྱི་དྲོ་བདག་ལ་འདི་སྐད་སྨྲ་སྟེ། ཁྱོད་ཀྱི་གློ་ནད་འདི། ཁྱོད་ཀྱི་བླ་མའམ་དད་པའི་ལྷ་གང་ཡོད་ལ། ངའི་ནད་འདི་སེལ་བར་མཛོད་ཅེས་གསོལ་བ་ཐོབ་ལ།  ནད་སེལ་ན་ཁྱོད་ཀྱི་ལྷ་དེ་མཐུ་དང་ལྡན་ལ།  དེ་མིན་ན་ཁོ་བོས་ཁྱོད་ཀྱི་ནད་དེ་སེལ་བར་བྱ་ཡི་ཁྱོད་ཁོ་བོའི་རྗེས་སུ་འཇུག་པའི་རྒྱལ་འཇོག་ཅེས་སྨྲས་པར། ཁོ་བོས། ནད་ཅུང་ཟད་ལྐོག་ཏུ་གྱུར་པས།  ཁྱོད་བདག་གི་ཁ་སྤུ་དཀར་པོ་འདི་ནག་པོར་བསྒྱུར་ཅིག།  དེ་ལྟ་ན་ཁོ་བོས་ཁྱོད་ནུས་ལྡན་དུ་ཡིད་ཆེས་མོད།  འོན་ཀྱང་དེ་ཙམ་ནི་སྔགས་རྫས་ཀྱི་ནུས་པ་དང་།  ལྷ་འདྲེའི་འཕྲུལ་ལའང་ཡོད་ཆོག་པས།  དེས་རྩོད་པའི་ཤན་འབྱེད་པར་ནི་མི་ནུས་སོ། །    གཏམ་ཡང་ཏིག།  ཕྱི་ནང་ཀླ་ཀློ་སོ་སོའི་གཞུང་ནས་རང་རང་གི་རྩ་བའི་ལྷའམ་སྟོན་པ་ལ་སྐྱབས་གནས་མཐར་ཐུག་ཏུ་བཤད་ཡོད་པས།  ལུགས་རྙིང་ཙམ་གྱིས་སུས་ཀྱང་ཡིད་རྟོན་དཀའོ།།གལ་སྲིད་ཁྱོད་ཀྱིས་རང་གི་སྟོན་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དང་། ང་ཚོའི་སྟོན་པ་དེ་ལྟར་མིན་ཚུལ་ཡང་དག་པའི་རིགས་པའི་ལམ་ནས་སྒྲུབ་པར་བྱེད་ནུས་ན་བདག་དེ་མ་ཐག་ཏུ།  སངས་རྒྱས། ཆོས། བླ་མ། གཞིར་ཁང་གསུམ་ཡོད་དོ་ཅོག་འདོར་ནས་ཁྱོད་ཀྱི་རྗེས་སུ་ཞུགས་ཏེ་ཁྱེད་ཀྱི་བརྟུལ་ཞུགས་འཛིན་པའི་དཔང་མི་ཡི་གེ་ལག་རྟགས་འདྲི་བར་བྱེད་ཅེས་སྨྲས་པར།ཁོ་ན་རེ། ཁྱོད་རང་གི་དེ་ཆོག་གི། ཁོ་བོ་རང་གི་སངས་རྒྱས་ལ་འདྲི་རུ་འགྲོ་ཞེས་སོང་བས།  ཅུང་ཟད་ནར་འགྱངས་ནས་ཡོངས་ཏེ་སྨྲས་པ།  སངས་རྒྱས་ལ་འདྲི་བར།  སངས་རྒྱས་འདི་སྐད་གསུང་སྟེ།  ཡེ་སུ་རྐྱང་ཤིང་ལ་བརྐྱང་བར་ཁྱོད་ཀྱིས་སྡིག་པ་ཐམས་ཅད་དག་པར་མཛོད་ཅིག་ཅེས་གསོལ་བ་བཏབ་ན་ཁྱོད་ཤི་བར་འགྱུར་རོ།།    དེ་ནས་ཞག་གསུམ་སོང་ན་གསོན་པོར་འགྱུར་རོ་ཞེས་པའི་གདོལ་གཏམ་ལས་དོན་མཐུན་གྱི་གཏམ་རི་བོང་གི་རྭ་རུ་གྱུར་རོ།།   །།ཧ་ཧ་ཧེ་ཧེ་ལྷ་རྒྱལ་ལོ། །རྒོལ་ངན་བོལ་ཧེལ་སྙིང་རེ་རྗེ། །བཅོམ་ལྡན་འདས་ལ་ལྷག་པར་ཡང་། །དད་པའི་སྤུ་ལོང་ཆེས་ཆེར་གཡོས།ཞེས་པ་འདི་ནི་མདོ་སྨད་ཙོང་ཁའི་མྰ་ཡང་པཎྜི་ཏ་བླ་མའི་ཕེ་རེང་གི་ཞིག་དང་རྩོད་པའི་བརྗེད་ཐོ་ཕྱག་བྲིས་ངོ་མ་རྒྱ་ཡག་སྤྲུལ་སྐུའི་ཡིག་སྒམ་ཏུ་བཞུགས་པ་ལས་ཕྲན་གྱིས་སྔོན་སྐུ་འབུམ་ཆོས་སྡེར་ཕྱིན་དུས་གཡར་བཤུས་འོངས་པ་ལ་ཕྱིས་སུ་ཅུང་ཟད་ཞུས་དག་བགྱིས་པ་ཛཡནྟུ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1