《ཨེ་ཛི་ནད་འགོག་བཅོས་ཀྱི་ཁྲིམས་སྲོལ།》འདི་2006ལོའི་ཟླ་1པོའི་ཚེས་18ཉིན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་122་པའི་ཐོག་གྲོས་འཆམ་བྱུང་ཞིང་། 2006ལོའི་ཟླ་3པའི་1ཉིན་ནས་ལག་བསྟར་བྱས།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། རིམས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་ལ་གཞིར་བྱས་ཏེ་ཨེ་ཛི་ནད་ཡམས་རིམས་ནད་སྔོན་འགོག་དང་ཚོད་འཛིན། མི་དམངས་བདེ་ཐང་དང་འཕྲོད་བསྟེན་གྱི་ཆེད་དུ་ཁྲིམས་སྲོལ་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་སྔོན་འགོག་གཙོར་བཟུང་དང་འགོག་བཅོས་ཟུང་འབྲེལ། སྲིད་གཞུང་གི་སྣེ་ཁྲིད་དང་ལས་ཁུངས་སོ་སོས་རང་འགན་རང་ཁུར། སྤྱི་ཚོགས་ཡོངས་རྫོགས་མཉམ་ཞུགས་བཅས་བྱེད་པའི་སྒྲིག་གཞི་བཙུགས་ནས། ཨེ་འགོག་སློབ་གསོ་ཁྱབ་བསྒྲགས་ལ་ཤུགས་གནོན་དང་། སྤྱོད་ལམ་བསྒྱུར་བཅོས་དང་ཐུགས་ཁུར་རོགས་སྐྱོབ་ཀྱི་ཐབས་ལམ་སྤྱད་དེ། ཕྱོགས་ཡོངས་ནས་རང་འཛོམས་རང་བཞིན་གྱི་འགོག་བཅོས་བྱེད་དགོས།
དོན་ཚན་གསུམ་པ། ལས་ཁུངས་གང་དང་མི་སྒེར་སུ་རུང་ཨེ་ཛི་ནད་དུག་ཅན་དང་།ཨེ་ཛི་ནད་པ། དེའི་ཁྱིམ་མི་ལ་དམའ་འབེབ་བྱེད་མི་རུང་། ཨེ་ཛི་ནད་དུག་ཅན། ཨེ་ཛི་ནད་པ་དང་དེའི་ཁྱིམ་མི་ལ་ཡོད་པའི་གཉེན་སྒྲིག་དང་ལས་ཞུགས། སྨན་བཅོས། སློབ་གྲྭར་འགྲོ་བ་སོགས་ཁྲིམས་མཐུན་གྱི་དབང་ཆ་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་ཐོབ།
དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམས་སྲིད་གཞུང་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་གཅིག་འགྱུར་གྱིས་འགོ་ཁྲིད་དང་། ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀའི་སྒྲིག་གཞི་འཐུས་ཚང་ཅན་དང་ལས་ཀའི་འོས་འགན་ལམ་ལུགས་བཟོ་བ། འབྲེལ་ཡོད་ལས་ཁུངས་ཀྱིས་འགན་ལེན་གྱི་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་བརྟག་དཔྱད་དང་ལྟ་སྐུལ་བྱེད་དགོས།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ལས་འགན་ལས་བགོ་བྱས་ཏེ་ཨེ་ཛི་ནད་ཡམས་འགོག་བཅོས་དང་དེ་ལ་ལྟ་སྐུལ་འོག་དོ་དམ་བྱེད་དགོས།
དོན་ཚན་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གཞན་པ་རྣམས་དང་མཉམ་དུ་རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཡམས་འགོག་བཅོས་འཆར་འགོད་གཏན་འབེབ་བྱེད་ཅིང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་ཡིག་འདི་དང་རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཡམས་འགོག་བཅོས་འཆར་གཞི་ལ་གཞིར་བྱས་ནས་ས་གནས་སྲིད་འཛིན་ཁུལ་གྱི་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ལག་བསྟར་འཆར་གཞི་བཟོ་ཞིང་ལག་ལེན་བསྟར་རྒྱུ་རྩ་འཛུགས་བྱེད་དགོས།
དོན་ཚན་དྲུག་པ། རྒྱལ་ཁབ་ཀྱིས་བཟོ་ཚོགས་དང་གུང་ཁྲན་རང་ལུགས་གཞོན་ནུ་ཚོགས་པ། བུད་མེད་མཐུན་ཚོགས། རྒྱ་གྲམ་དམར་པོ་ཚོགས་པ་སོགས་ཚོགས་པ་སོ་སོ་ཡིས་མི་དམངས་སྲིད་གཞུང་གི་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་རམ་འདེགས་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་ཡོད།གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོང་གསེབ་པ་ཨུ་ཡོན་ལྷན་ཁང་གིས་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཨེ་ཛི་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་ཡིག། སྲིད་ཇུས། ཤེས་བྱ་སོགས་ཀྱི་ཁྱབ་བསྒྲགས་སློབ་གསོ་གཏོང་བ་དང་། ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་སྤྱི་ཕན་ལས་རིགས་སྤེལ་བ་སོགས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་སྒྲུབ་པར་རོགས་རམ་བྱ་དགོས།
དོན་ཚན་བདུན་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ཁག་གིས་ཚོགས་པ་དང་མི་སྒེར་སུ་ཡིན་རུང་ཁྲིམས་ཡིག་འདི་དང་རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཡམས་འགོག་བཅོས་འཆར་གཞི་དང་ཨེ་ཛི་ནད་ཡམས་འགོག་བཅོས་ལག་བསྟར་འཆར་གཞི་ནང་ལྟར་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་ཞུགས་པ་དང་། ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་རོགས་དངུལ་སྦྱིན་པ། ཨེ་ཛི་ནད་དུག་འགོ་ཉེན་ཆེ་བའི་མི་མང་གི་སྤྱོད་པ་བསྒྱུར་བཅོས་ལས་འགུལ་སྤེལ་བ། དེ་མིན་ཨེ་ཛི་ནད་དུག་ཅན་དང་ནད་པའམ་དེ་དག་གི་ཁྱིམ་མི་སོགས་ལ་ཐུགས་ཁུར་དང་རོགས་རམ་བྱེད་པ་སོགས་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་ཨེ་ཛི་སྔོན་འགོགབརྟག་དཔྱད། སྨན་བཅོས་སྐོར་གྱི་ཚན་རིག་ཞིབ་འཇུག ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ཚན་རིག་ལག་རྩལ་དར་འཕེལ་གཏོང་བ་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས་ལ། སྲོལ་རྒྱུན་གསོ་རིག་གམ་གནའ་དེང་ཟུང་འབྲེལ་བྱས་ནས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ནད་ཐོག་སྨན་བཅོས་དང་ཞིབ་འཇུག་བྱེད་པ་ལའང་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས། ད་དུང་ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་ཐད་ཀྱི་རྒྱལ་སྤྱི་རང་བཞིན་གྱི་མཉམ་འབྲེལ་དང་ཤེས་བྱ་བརྗེ་རེས་བྱེད་པ་རྒྱབ་སྐྱོར་དང་སྐུལ་འདེད་བྱ་དགོས།
དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་ཐད་འགྲུབ་འབྲས་འབུར་ཐོན་ལེན་ཞིང་བྱས་རྗེས་ཆེ་བའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་དང་དགའ་རྟགས་འབུལ་བ། ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་ནམ་གཞུང་ཞབས་ལས་ཀའི་དབང་གིས་ཨེ་ཛི་ནད་དུག་འགོ་བའམ། ན་བ། ལས་ཀའི་ནུས་པ་ཤོར་བའམ། ཚེ་སྲོག་འཆོར་མཁན་རྣམས་ལ་འབྲེལ་ཡོད་ཁྲིམས་ཡིག་ལྟར་འཆི་གོད་གྱོང་གསབ་སྤྲད་དགོས།
ལེའུ་གཉིས་པ། དྲིལ་བསྒྲག་སློབ་གསོ།
དོན་ཚན་བཅུ་པ། ས་གནས་མི་དམངས་སྲིད་གཞུང་དང་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་དང་། ཨེ་ཛི་ནད་དུག་ཅན་དང་ནད་པ། དེ་མིན་ནད་པའི་ཁྱིམ་མི་བཅས་ལ་ཐུགས་ཁུར་བྱེད་པ་ལས་དང་དམའ་འབེབ་མི་བྱེད་པའི་སློབ་གསོ་དྲིལ་བསྒྲག་བྱེད་པ། བདེ་ཐང་གི་འཚོ་བའི་གོམས་གཤིས་བཟང་པོ་དར་སྤེལ་དང་ཨེ་ཛི་ནད་ཡམས་འགོག་བཅོས་ཐུབ་པའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས།
དོན་ཚན་བཅུ་གཅིག་པ། ས་གནས་སྲིད་གཞུང་རིམ་པ་སོ་སོ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རླངས་འཁོར་འབབ་ཚུགས་དང་། གྲུ་ཁ། གནམ་གྲུ་འབབ་ཚུགས་དང་སྤྱི་གླིང་སོགས་མི་མང་འདུ་ས་དང་། འགྲིལ་པ་སྐྱེལ་འདྲེན་རླངས་འཁོར་དང་གྲུ་གཟིངས་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་སོགས་ཀྱི་ནང་དུ་གཅིག་གྱུར་གྱི་ཨེ་ཛི་ནད་ཡམས་འགོག་བཅོས་དྲིལ་བསྒྲག་བྱང་བུ་ཡང་ན་སྤྱི་ཕན་རང་བཞིན་གྱི་ཨེ་ཛི་ནད་ཡམས་འགོག་བཅོས་དྲིལ་བསྒྲག་བཟོས་ཏེ་སྦྱོར་དགོས་ལ། ཨེ་ཛི་ནད་ཡམས་འགོག་བཅོས་དྲིལ་བསྒྲག་ཡིག་ཆ་འགྲེམ་རྒྱུའི་རྩ་འཛུགས་བྱེད་དགོས།
དོན་ཚན་བཅུ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་དྲིལ་བསྒྲག་སློབ་གསོའི་ལས་ཀ་ལ་ཤུགས་སྣོན་བྱེད་ཅིང་། འབྲེལ་ཡོད་སྡེ་ཁག ཚོགས་པ་དང་མི་སྒེར་སོགས་ཀྱིས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་སྤེལ་བར་རམ་འདེགས་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ལས་ཀ་བ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་དང་འབྲེལ་བའི་བཅའ་ཁྲིམས།ཁྲིམས་ཡིག། སྲིད་ཇུས་དང་ཤེས་བྱ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱེད་དགོས་ལ། སྨན་བཅོས་མི་སྣ་ཡིས་ཨེ་ཛི་ནད་ཡམས་དང་མཚན་མའི་ནད་སོགས་འབྲེལ་ཡོད་ནད་རིགས་འདྲི་རྟོགརྟག་དཔྱད་དང་སྨན་བཅོས་ཀྱི་གོ་རིམ་ཁྲོད་དུ་སྨན་བཅོས་བྱེད་ཡུལ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་སློབ་གསོ་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ཤེས་བྱ་དེ་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ། སློབ་འབྲིང་སོགས་སློབ་གྲྭའི་ཁྲིད་གཞི་རུ་འདེམས་དགོས་ཤིང་། འབྲེལ་ཡོད་ཀྱི་སློབ་ཟུར་སློབ་གསོ་བྱ་འགུལ་སྤེལ་དགོས་ལ། སློབ་གྲྭ་དེ་དག་གིས་སློབ་མས་ཨེ་ཛི་ནད་ཡམས་འགོག་བཅོས་ཤེས་བྱ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱེད་དགོས།
དོན་ཚན་བཅུ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་མི་འབོར་དང་འཆར་ལྡན་བུ་བཙའ་གཙོ་གཉེར་སྡེ་ཁག་གིས་འཆར་ལྡན་བུ་བཙའ་དྲིལ་སྒྲོག་གི་གོ་སྐབས་དང་ལག་རྩལ་ཞབས་ཞུའི་འབྲེལ་ལམ་བེད་སྤྱད་དེ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་བ། འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུ་ལས་ཁུངས་ཀྱིས་བཙའ་ལོ་རན་པའི་མི་ཚོགས་ལ་འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུ་དང་སྐྱེ་འཕེལ་བདེ་ཐང་ཞབས་ཞུ་མཁོ་སྤྲོད་བྱེད་དུས། ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་དགོས།
དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་དང་ངལ་ལས་མཚམས་སྦྱོར་ཞབས་ཞུ་སྒྲུབ་པའི་ལས་ཁུངས་ཀྱིས་གྲོང་ཁྱེར་དུ་ཡོང་བའི་ཞོར་ལས་པ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་བར་དེ་བས་བརྩོན་དགོས།
དོན་ཚན་བཅུ་དྲུག་པ། རྒྱལ་མཚམས་ཀྱི་འགོས་ནད་ཞིབ་བཤེར་ལས་ཁུངས་ཀྱིས་ས་མཚམས་ཀྱི་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོའི་ལས་ཀ་ལ་ཤུགས་སྣོན་བྱེད་དགོས་ཤིང་། ཕྱི་ནང་འགྲོ་ཡོང་མི་སྣ་ལ་དམིགས་ནས་ཨེ་ཛི་ནད་ཡམས་རིམས་འགོག་བཅོས་སྐོར་གྱི་འདྲི་རྟོག་དང་སློབ་གསོ་གཏོང་དགོས།
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་བུད་མེད་མཐུན་ཚོགས་དང་རྒྱ་གྲམ་དམར་པོ་ཚོགས་པས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་སྤེལ་བར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ཤིང་། ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་དེ་བུད་མེད་དང་བྱིས་པའི་ལས་དོན་གྱི་ནང་དུ་བཞག་སྟེ་བུད་མེད་ཀྱི་ནད་ཨེ་ཛི་ནད་ཡམས་སྔོན་འགོག་གི་འདུ་ཤེས་དང་ནུས་པ་བསྐྱེད་སྲིང་བྱེད་པ། རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་མི་དང་དང་བླངས་པས་རྩ་འཛུགས་བྱས་ཏེ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་དགོས།
དོན་ཚན་བཅོ་བརྒྱད་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ཁག་གིས་ཚོགས་པ་དང་མི་སྒེར་གང་རུང་གིས་ཨེ་ཛི་ནད་དུག་འགོ་ཉེན་ཆེ་བའི་མི་ཚོགས་ལ་དམིགས་ནས་ཨེ་ཛི་ནད་ཡམས་འགོག་བཅོས་སྐོར་འདྲི་རྟོག་དང་སློབ་སྟོན། དྲིལ་སྒྲོག་སློབ་གསོ་གཏོང་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བཅུ་དགུ་བ། རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར། དུས་དེབ། དྲ་བ་སོགས་གསར་འགྱུར་ལས་ཁུངས་ཀྱིས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་སྤྱི་ཕན་་དྲིལ་སྒྲོག་སྤེལ་དགོས།
དོན་ཚན་བཅུ་གཉིས་པ། ལས་ཁུངས་དང་ཚོགས་པ། ཁེ་ལས་དང་ལས་དོན་སྡེ་ཁག མི་སྒེར་གྱི་དཔལ་འབྱོར་ཚོགས་པ་བཅས་ཀྱིས་ལས་ཁུངས་དེའི་ལས་བྱེད་མི་སྣ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ཁྲིམས་ལུགས་དང་། ཁྲིམས་ཡིག། སྲིད་ཇུས་དང་ཤེས་བྱ་སོགས་སློབ་སྦྱོང་བྱེད་དུ་འཇུག་དགོས་ལ། ལས་ཁུངས་དེའི་ལས་བྱེད་མི་སྣ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་བྱ་འགུལ་ལ་ཞུགས་པར་རྩ་འཛུགས་བྱེད་དགོས།
དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཨེ་ཛི་ནད་ཡམས་འགོག་བཅོས་འདྲི་རྟོག་ཞབས་ཞུའི་ཁ་པར་བཙུགས་ཏེ་མི་མང་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་འདྲི་རྟོག་ཞབས་ཞུ་དང་སློབ་སྟོན་མཁོ་སྤྲོད་བྱེད་དགོས།