བསང་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ཕྱོགས་སུ་གནས། ས་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༦༢༧༤དང་མཚོ་ངོས་ལས་མཐོ་ཚད་སྨི༢༢༠༠ནས༣༦༠༠བར་ཡིན། ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ནུབ་བྱང་མཚམས་སུ་གནས་ཤིང་། བྱང་དུ་ཀ་ཅུ་དང་། ལྷོ་རུ་ཀླུ་ཆུའི་ཤིས་ཚང་། ཤར་ལྷོ་ཅོ་ནེ་དང་ལིན་ཐན། ནུབ་བྱང་དུ་མཚོ་སྔོན་ཞིང་ཆེན་ཧོ་ནན་སོག་རིགས་རང་སྐྱོང་རྫོང་དང་ཐུན་རིན་རྫོང་གཉིས་འདྲེས་ཡོད། རྫོང་གི་ཁོངས་གཏོགས་ལ་ཤང་༡༠དང་གྲོང་རྡལ༣དོན་གཅོད་ཁང༡ སྡེ་དམངས་ཨུ་ཡོན་ལྷན་ཁང་༦༥དང་གྲོང་རྡལ་སྡེ་ཁུལ༤། སྡེ་དམངས་ཚོ་ཆུང༤༣༠། སྤྱིའི་མི་གྲངས་ཁྲི༨.༡ཡོད། དེའི་ཁྲོད་བོད་རིགས༧༩.༢% དང་། ཞིང་ཕྱུགས་ལས་མི་གྲངས་ཀྱིས་༨༠.༦%ཟིན། བོད་དང་རྒྱ། ཧའེ་རིགས་སོགས་མི་རིགས༡༨ཡོད། ༡༩༨༥ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་ལྟར་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྫོང་ཞིག་ཡིན། ༢༠༠༢ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་རྩོམ་སའི་རྫོང་གཙོ་བོའི་གྲས་སུ་བཞག བསང་ཆུ་རྫོང་གི་ཁྱད་དུ་འཕགས་པའི་ཐོན་ཁུངས་གཙོ་བོ་ལ་ཕྱུགས་ལས་དང་ཆུ་གློག ཡུལ་སྐོར། གཏེར་ཁ། བོད་ཀྱི་གསོ་རིག་སྨན་རྫས་བཅས་ཡོད། བསང་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཕྱུགས་ལས་རྫོང་ཁག་གི་གྲས་ཤིག་ཡིན་ལ་རྫོང་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི་༧༥༣.༨༧དང་ཕྱུགས་རིགས་ཡོངས་ལ་ཁྲི༩༡.༢ཡོད། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཏེ་རྒྱ་ཁབ་ཕྱི་ནང་ལ་མིང་དུ་གྲགས་པའི་འཛམ་གླིང་གི་བོད་རིག་པའི་སློབ་གླིང་། ཀྲུང་གོ་ཡི་གནས་མཆོག་བླ་བྲང་། ཞེས་པའི་སྙན་གྲགས་ཕྱོགས་མཐར་ཁྱབ། བསང་ཆུ་རྫོང་གི་ཁོངས་སུ་བླ་བྲང་ལྷ་སྡེ་ཤོག་པ་བཞི་དང་གནང་ལྷ་ཤོག་པ། ཧོར་གཙང་ཤོག་པ་བཞི། ཐང་དཀར་ཤོག་པ། སྨན་ལུང་ཚོ་བ། རོང་ངར་ཚོ་བ། ཁོ་ཚེ་ཚོ་བ་གསུམ། རྔོག་ཚོ་བ་ལྔ། རྡོ་དཀར་ཉིན་སྲིབ། མཛོད་དགེ་ཤོག་པ་ལྔ། བསང་ཁོག་ཚོ་རྩེ་བདུན། རྒན་གྱའི་ཚོ་བ་དྲུག ཁ་གྱ་ཤོག་པ་བཞི། ཙ་ཡུས་སྟོད་སྨད། འབོ་ར་ཚོ་བ། ཨ་མཆོག་ཚོ་བ་བརྒྱད། ཀླུ་ཤོད་ཚོབ་བརྒྱད། སྒྱིས་ཚང་ཚོ་གཉིས། དམེ་ཤུལ་ཚོ་བཞི་སོགས་འདུའོ།།