རོགས་སྐྱོར་བྱ་ཐབས་ཁག་8བཏོན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-09



      བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བའི་གནས་སྐབས་བྱ་ཐབས་འགའ་ཞིག་དོན་འཁྱོལ་བྱ་ཆེད། ཟླ་10ཚེས་6ཉིན། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི〈དཔལ་འབྱོར་བརྟན་པོ་ཡོང་བའི་སྐོར་གྱི་གནས་སྐབས་བྱ་ཐབས་འགའ་ཞིག〉དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལེ་ལག་ཚང་བའི་བྱ་ཐབས》བཏོན་པ་སྟེ། འཚོ་བའི་ཁ་གསབ་དང་། གནས་སྐབས་རོགས་སྐྱོར། དངུལ་བུན་སྐྱེད་གསབ། རླངས་འཁོར་འཇོག་གླ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་དང་འབྲེལ་བ་ཡོད་ཅིང་། ཁྱོན་དོན་ཚན་ཁག་8ཡོད་པ་སྟེ།

      གཅིག ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་རྒྱུ།

      ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནི། ཆ་རྐྱེན་དང་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་དུད་ཚང་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན། དབང་པོ་སྐྱོན་ཅན་ཚབས་ཆེན། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་བའི་རྒན་རྒོན། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རང་མགོ་མ་ཐོན་པའི་རྒན་རྒོན་བཅས་ཡིན་པ་དང་། མི་རེར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྒོར་1200སྤྲོད་རྒྱུ།

      གཉིས། གནས་སྐབས་རོགས་སྐྱོར་ལག་བསྟར་བྱེད་རྒྱུ། 

      ཆ་རྐྱེན་དང་འཚམ་པའི་རོགས་སྐྱོར་བྱ་ཡུལ་ལ་གྱོན་ཆས་དང་། བཟའ་བཅའ། འཐུང་ཆུ་བཅས་སྤྲོད་རྒྱུ།

      གསུམ། ལས་ཤོར་བར་འཚོ་བའི་ཁ་གསབ་སྤྲོད་རྒྱུ། 

      2022ལོའི་ཟླ་8པ་ནས་ཟླ་10པའི་བར། ལྷ་ས་གྲོང་ཁྱེར་ལ་རེ་འདུན་ཞུས་པ་གང་ཞིག་ཟླ་བ་གཞིར་བཟུང་ལས་ཤོར་འགན་བཅོལ་དངུལ་ལེན་མཁན་ལ། མི་རེར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྒོར་1000སྤྲོད་རྒྱུ། 

      བཞི། ཏོག་གསར་གློ་ཚད་ཕོག་མཁན་ལ་གནས་སྐབས་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། 

      ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་པ་ལོ་60(ཚུད་པ)ནས་80(ཚུད་མེད)མན་བར་གྱི་རྒན་རྒོན་ལ། འབྲེལ་ཡོད་རོགས་སྐྱོར་བྱེད་པའི་རྨང་གཞིའི་ཐོག མི་རེར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྒོར་3000སྤྲོད་རྒྱུ།

      ལྔ། ཡུལ་གཞན་ནས་སླེབས་པའི་ལས་མིར་གནས་སྐབས་ཀྱི་རོགས་སྐྱོར་བྱ་རྒྱུ།

      རིམས་ནད་ཀྱི་རྐྱེན་པས་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་ལུས་པའི་ཡུལ་གཞན་ནས་སླེབས་པའི་ལས་མིར(ས་གནས་དེ་གའི་རྒྱུན་སྡོད་མི་མིན་པ)གནས་སྐབས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ཞིང་། ཟླ་10ཚེས་6ཉིན་ནས་ཟླ་10ཚེས་31ཉིན་བར(ཚུད་པ)རྫོང(ཆུས)དང་བྱེད་ནུས་གླིང་ཁུལ་གྱིས་མི་རེར་ཉིན་རེར་གནས་སྐབས་འཚོ་བའི་ཁ་གསབ་དངུལ་སྒོར་50སྤྲོད་རྒྱུ།

      དྲུག ཁྲོམ་རའི་བྱེད་པོའི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཆུང་རུ་གཏོང་རྒྱུ། 

      2022ལོའི་ཟླ་11པ་ནས་2023ལོའི་ཟླ་3པའི་བར། དངུལ་ཁང་ནས་གཡར་བའི་ཐོན་སྐྱེད་གཉེར་སྐྱོང་མ་དངུལ་གྱི་དངུལ་བུན་ལ་རྫོང(ཆུས)དང་བྱེད་ནུས་གླིང་ཁུལ་ཁག་གིས་ལག་འབྱོར་གཞིར་བཟུང་བོད་ཀྱི་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཚད་ཀྱི་50%སྐྱེད་གསབ་སྤྲོད་རྒྱུ་དང་སྐྱེད་གསབ་སྤྲོད་ཡུན་ལོ་གཅིག་ལས་བརྒལ་མི་ཆོག

      བདུན། རླངས་འཁོར་འཇོག་གླ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ། 

      2022ལོའི་ཟླ་8ཚེས་12ཉིན་ནས་བཟུང་། བཀག་སྡོམ་དོ་དམ་མཇུག་འགྲིལ་ནས་གཞུང་ལམ་དུ་མང་ཚོགས་ཀྱི་རླངས་འཁོར་འགྲོ་ཆོག་པའི་བར། གཞུང་ཁོངས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ས་དང་། སྤྱི་པའི་བགྲོད་ལམ་གྱི་གནས་སྐབས་རླངས་འཁོར་འཇོག་ས། དེ་བཞིན་སྨན་ཁང་དང་། རླངས་འཁོར་འབབ་ཚུགས། མཛེས་ལྗོངས་ཁུལ་བཅས་སུ་ལུས་པའི་མང་ཚོགས་ཀྱི་རླངས་འཁོར་ལ་རླངས་འཁོར་འཇོག་གླ་རྩ་ཆག་གཏོང་རྒྱུ།

      བརྒྱད།  ཁྲོམ་རའི་བྱེད་པོའི་ཆུ་དང་། གློག སོལ་རླངས་བཅས་སྤྱོད་པའི་མ་གནས་ཆུང་དུ་གཏོང་རྒྱུ། 

      2022ལོའི་ཟླ་8པའི་གོང་། ལྷ་ས་གྲོང་ཁྱེར་དུ་ཐོ་བཀོད་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས། གནས་སྐབས་ཐོན་སྐྱེད་གཉེར་སྐྱོང་བྱེད་དཀའ་བའི་གནས་ཚུལ་ཐོན་པར། 2022ལོའི་ཟླ་8པ་ནས་ཟླ་12པའི་བར་དངོས་སུ་གཉེར་སྐྱོང་བྱེད་རིང་གི་ཆུ་རིན་དང་གློག་རིན་ལ་རྫོང(ཆུས)དང་བྱེད་ནུས་གླིང་ཁུལ་གྱིས་10%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། རིམས་ནད་ཐོན་རིང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་2022ལོའི་ཟླ་8པ་ནས་10པའི་བར་གྱི་བཙོག་ཆུ་གཙང་བསིང་གི་འགྲོ་གྲོན་དང་འཚོ་བའི་གད་སྙིགས་ཀྱི་འགྲོ་གྲོན་རྩ་ཆག་གཏོང་རྒྱུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1