ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ། ས་གནས་ཁག་གིས་འབྱུང་ཁམས་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-10


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་སྦགས་མེད་སྤུས་མཐོའི་གོང་འཕེལ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ཀྱིས་དམངས་ལ་ཕན་བདེ་དེ་བས་ཆེ་བ་བསྐྲུན་ཡོད། ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་། འབད་འཐབ་དངོས་སྒྲུབ། དཔའ་ངར་ཆེར་བསྐྱེད་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་བཞིན་ཡོད།

        ཧྥུའུ་ཧྲི་ཆུ་མཛོད་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་གྲོང་གི་ཆུ་ཁུངས་གཙོ་བོ་ཞིག་ཡིན་ལ་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་རིམ་པ་དང་པོ་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་སྤྱི་བདེ་ཅུས་ཀྱིས་འབྱུང་ཁམས་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད། ཧུའུ་ཀྲོའུ་གྲོང་ཁྱེར་འབྱུང་ཁམས་ཁོར་ཡུག་ཅུས་ཨན་ཅི་ཡན་ལག་ཅུས་ཞའོ་ཧྥེང་རུ་འབྲིང་གི་རུ་དཔོན་མཱ་ལི་ཧུང་གིས། མཉམ་འབྲེལ་སྐོར་ཞིབ་ཁྲིམས་འཛིན་བྱས་པ་བརྒྱུད། དུས་མཚམས་སྔ་མར་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད། ང་ཚོས་ཆུ་མཛོད་ཀྱི་ཆུ་འགོའི་སྐོར་ཞིབ་ཁྲིམས་འཛིན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ང་ཚོའི་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

        ཁ་སང་དེ་རིང་། ཤིན་ཅང་ཧྥུའུ་ཁང་གྲོང་ཁྱེར་སན་ཀུང་ཧོ་ཤང་པའེ་སེ་ཧུའུ་མུའུ་ལྟེ་བའི་གྲོང་ཚོའི་རྡོ་སོལ་གློག་སྒྱུར་གྱི་དྭངས་གཙང་དྲོད་ལེན་ལས་གྲྭ་ཁྱོན་ཡོངས་ནས་བསྐྲུན་ཟིན་ནས་དུད་ཚང་400ལྷག་ཙམ་གྱི་གྲོང་མིས་དྭངས་གཙང་དྲོད་ལེན་ལོངས་སྤྱོད་ཐུབ་ཡོད་པ་རེད། གྲོང་མི་ཧ་སི་ཏེའར·ཨ་སི་ཧ་ཐི་ཡིས། སྔོན་ཆད་རྡོ་སོལ་སྤྱོད་པའི་དུས། དགུན་ཁ་སླེབས་སྐབས་ཁྱིམ་དུ་རྡོ་སོལ་གྱི་ཐལ་བས་ཁེངས་ནས་སྐྱ་ཐིང་ངེར་གནས་ཀྱི་ཡོད། ད་ཆ་ཁྱིམ་དུ་གཙང་མ་གཙང་རྐྱང་རེད་འདུག་ཅེས་བཤད།

        འདི་ལོ་ཤིན་ཅང་ཧྥུའུ་ཁང་གྲོང་ཁྱེར་གྱིས་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་1.538བརྩོན་ལེན་བྱས་ནས་ནུས་རྒྱུ་གཙང་མའི་ཚབ་བྱེད་ལས་དོན་སྤེལ་བ་དེ་ཤང་གྲོང་6གི་གྲོང་ཚོ་15ཡི་དུད་ཚང་7800ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།

        ཅང་སུའུ་ཞུས་ཀྲོའུ་ཡི་ཕན་ཨན་མཚེའུའི་ཐོག་རླབས་ཕྲེང་ལང་ལོང་དུ་གཡོ་བཞིན་ཡོད། མཚོ་ངོས་ཡངས་ཤིང་རྒྱ་ཆེ་བ་དང་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་པའི་རྒྱལ་ཁབ་ཀྱི་4Aརིམ་པའི་མཛེས་ལྗོངས་ཁུལ་ནི་དེ་སྔ་ཞུས་ཀྲོའུ་ཁུལ་གྱི་གཞི་རྒྱ་ཆེ་ཤོས་ཀྱི་རྡོ་སོལ་སྔོག་འདོན་ཁུལ་ཞིག་ཡིན། འདས་པའི་ལོ་ཤས་རིང་། ཞུས་ཀྲོའུ་ཡིས་ལྕགས་དང་ངར་ལྕགས། སྲེག་སྒྱུར་ངར་ལྕགས། ཨར་འདམ། ཚ་གློག་བཅས་སྲོལ་རྒྱུན་གྱི་ཀ་རྟེན་ཐོན་ལས་ཆེན་པོ་བཞིའི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་བ་དང་དུས་མཚུངས་འབྱུང་ཁམས་སླར་གསོ་བྱས་པ་དང་རྡོ་སོལ་སྔོག་འདོན་ཁྲོན་རྡིབ་ཁུལ་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ཡོད། 2021ལོར། ཞུས་ཀྲོའུ་གྲོང་ཁྱེར་གྱི་PM2.5ཡི་གར་ཚད་དང་མཁའ་རླུང་ལེགས་སུ་འགྲོ་ཚད་ཚང་མ་ཞིང་ཆེན་དེ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

        ཞུས་ཀྲོའུ་གྲོང་ཁྱེར་འབྱུང་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུས་ཀྲང་ཐང་ཀོང་ཕུའུ་ཡིས། གཙོ་གནད་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་ཁེ་ལས་སྦགས་མེད་སྤུས་མཐོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1