མཐོ་སྒང་སྦྲག་ལམ་སྲུང་བའི་ཕོ་ཉ། འཆི་མེད་རྡོ་རྗེ།
【མི་སྣའི་མིང་བྱང་།】
འཆི་མེད་རྡོ་རྗེ། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཡན་ལག་སྤྱི་གཉེར་ཁང་སྦྲག་སྐྱེལ་ཁ་ལོ་ཚོ་ཆུང་གི་ཚོ་དཔོན་ཡིན། 2018ལོའི་ཟླ་བ9པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཅན་དང་རྒྱལ་ཡོངས་ལས་བརྩོན་བློས་འབུལ་དཔེ་སྟོན་མཁན། རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་མི་ཕུལ་བྱུང་བཅས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།
【མི་སྣའི་གཏམ་རྒྱུད།】
སྤྱི་ཟླ9པའི་ཚེས13ཉིན་ལ། འཆི་མེད་རྡོ་རྗེ་ཉིན4ལ་ལས་སྒྲུབ་ཏུ་བསྐྱོད་རྗེས་དཀར་མཛེས་རྫོང་དུ་སླེབས། ཕྱིར་ཉིན་ཁྱིམ་མི་ཚོ་དང་ལྷན་དུ་ངལ་གསོ་ཉིན་གཅིག་བྱས། དེ་ནས་ཁོང་གིས་ཁྱིམ་མི་རྣམས་ལ་ལྕགས་ཟམ་རྫོང་དུ་བསྐྱོད་པའི་མཐོང་ཐོས་སྐོར་ཁ་བརྡ་ལབ།
སྤྱི་ཟླ9པའི་ཚེས5ཉིན་ལ། ལྕགས་ཟམ་རྫོང་ཁོངས་སུ་ས་འགུལ་རིམ་པ6.8བྱུང་། ས་འགུལ་འབྱུང་ལྟེ་ནས་བར་ཐག་སྤྱི་ལེ500ཡོད་ཀྱང་། འཆི་མེད་རྡོ་རྗེ་ལ་མཚོན་ན་ཁྱད་པར་གང་ཡང་མེད་དེ། གང་དུ་མཁོ་དགོས་ཐུག་ན་ཁོང་ཚམ་ཚོམ་མེད་པར་དེ་རུ་བསྐྱོད་ངེས་པ་རེད། ཁོང་ནི་གངས་ལྗོངས་སྦྲག་ལམ་དུ་ལྷབ་ལྷུབ་གཡོ་བཞིན་པའི་དར་ཆ་དང་གཉིས་སུ་མེད་ཅིང་། རྒྱང་སྐྱོད་ཀྱི་ལམ་དུ་སླར་ཡང་བསྐྱོད་འགོ་བཙུགས།
ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་སྤྱི་ལེ500ཉེ་བ་ཡོད་ས་ནས་གནོད་སྐྱོབ་དངོས་རྫས་སྐྱེལ་སར་ཡོང་།
ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས། འཆི་མེད་རྡོ་རྗེས་དེ་མ་ཐག་ཏང་རྩ་འཛུགས་ལ་ཞུགས་ཆོག་པའི་རེ་བ་ཞུས་ནས་ག་དུས་ཡིན་ཡང་འགྲོ་ཆོག་ཆོག་བྱས། ཡིན་ན་ཡང་ས་འགུལ་བྱུང་རྗེས་ཀྱི་ཉིན་སྔོན་མ་ཁ་ཤས་ལ་དངོས་རྫས་སྐྱེལ་འདྲེན་བྱེད་མཁན་ལྕགས་ཟམ་རྫོང་ནས་ཐག་ཉེ་བའི་ས་ཆ་ནས་ཡོང་མཁན་ཚོ་ཡིན་པས་ཁོང་གིས་གནས་སྐབས་བཀའ་བསྒུགས་ནས་མི་བསྡད་ཐབས་མེད་བྱུང་།
སྤྱི་ཟླ9པའི་ཚེས8ཉིན་ལ། འཆི་མེད་རྡོ་རྗེས་དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་དཀར་མཛེས་ཁུལ་སྦྲག་སྲིད་ཁང་གིས་དར་མདོར་དངོས་རྫས་ཚན་འབོར་ཞིག་སྡུད་གསོག་བྱས་ནས་ཟོང་འགྲུལ་ཁ་ལོ་བ་དགོས་པའི་གནས་ཚུལ་ཤེས་རྗེས། འཆི་མེད་རྡོ་རྗེས་རླངས་འཁོར་དུ་འོ་མ་དང་ཕྱུར་བ་སོགས་ཁྲོན་བོད་མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་བཅུག་སྟེ་ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད9ནས་ཆས་ཏེ་ཕྱི་དྲོའི་ཆུ་ཚོད3པར་དར་མདོར་སླེབས། རླངས་འཁོར་བརྗེས་རྗེས་ཚེས9ཉིན་གྱི་སྔ་དྲོར་འཆི་མེད་རྡོ་རྗེས་སྦྲག་སྲིད་རླངས་འཁོར་དུ་གནོད་སྐྱོབ་དངོས་རྫས་བྱུར་བུ་གང་བཅུག་སྟེ་ལྕགས་ཟམ་རྫོང་དུ་བསྐྱོད། ལྕགས་ཟམ་རྫོང་གི་གདན་ཐོག་གྲོང་རྡལ་དུ་སླེབས་རྗེས་འཆི་མེད་རྡོ་རྗེས་ས་ཚུགས20ལྷག་གི་དྲག་ཆས་དང་མེ་ཟོན། དམངས་དམག་སོགས་རོགས་སྐྱོབ་དཔུང་སྡེ་མང་པོའི་སར་དངོས་རྫས་བསྐྱལ་བ་རེད། དེའི་རྗེས་ཀྱི་ཉིན་ཁ་ཤས་ནང་འཆི་མེད་རྡོ་རྗེས་གནོད་འཚེ་ཐེབས་ཁུལ་དུ་གནོད་སྐྱོབ་དངོས་རྫས་སྐྱེལ་རོགས་དང་བགོ་འགྲེམ་གྱི་ལས་ལ་གཅིག་ཏུ་གཞོལ་ནས་སྤྱི་ཟླ9པའི་ཚེས12ཉིན་ལ་ལས་འགན་ཡོངས་རྫོགས་གྲུབ་རྗེས་གཞི་ནས་དཀར་མཛེས་རྫོང་དུ་ཕྱིར་ལོག་པ་རེད།
ལྕགས་ཟམ་རྫོང་དུ་ས་གནས་དེ་གའི་མི་མང་པོས་འཆི་མེད་རྡོ་རྗེ་ངོ་ཤེས་ནས་ཁོང་ལ་ཁ་བརྡ་ལབ་པ་རེད། ཁོང་གིས་དགོད་ཞོར་དུ་ལན་བཏབ་རྗེས་རང་ཉིད་ཀྱི་ལས་དོན་ལ་རྩེ་གཅིག་ཏུ་བརྩོན། འཆི་མེད་རྡོ་རྗེས་ནམ་རྒྱུན་ང་ནི་སྦྲག་སྲིད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཕལ་པ་ཞིག་ཡིན་ཞེས་བཤད་ཀྱིན་ཡོད་མོད། འོན་ཀྱང་ཁོང་དང་གངས་ལྗོངས་སྦྲག་ལམ་གྱི་གཏམ་རྒྱུད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཟིན་པ་རེད།
ལོ33རིང་ལ་གངས་ལྗོངས་སྦྲག་ལམ་བསྲུངས་ཤིང་། ད་ཐེངས་ཁོང་གིས་བདེ་སྐྱིད་གཏམ་རྒྱུད་ཚོགས་ཆེན་དུ་འབུལ་རྒྱུ་རེད།
1989ལོར། ལོ་ན26ལ་སོན་པའི་བོད་རིགས་ཕོ་གསར་འཆི་མེད་རྡོ་རྗེ་སྦྲག་སྲིད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཞིག་ཏུ་གྱུར། དེ་ནས་བཟུང་སྤྱི་ལེ1200འགྲོ་འོང་བྱ་དགོས་ཤིང་ལམ་བར་འཚོ་འཕགས་སྨི4500ཡན་གྱི་རི་ཆེན14བརྒལ་དགོས་པའི་གངས་ལྗོངས་སྦྲག་ལམ་དུ་བསྐྱོད་འགོ་བཙུགས།
ལོ33རིང་ལ། འཆི་མེད་རྡོ་རྗེས་གངས་ལྗོངས་སྦྲག་ལམ་དུ་དཀའ་ཚེགས་གྲངས་མེད་མྱོང་ཡོད། ཁོང་སེ་དྲོད་ཐིག་འོག30ཡོད་པའི་གངས་རིར་ལུས་མྱོང་ཞིང་། ཁོང་གིས་རླངས་འཁོར་ལ་དོན་རྐྱེན་བྱུང་བའི་མང་ཚོགས་མང་པོའི་ཚེ་སྲོག་བསྐྱབས་ཡོད། ཁོང་གིས་མི་ངན་དང་འཐབ་སྟེ་ལུས་ལ་གྲི17ཐེབས་ཀྱང་སྲོག་དང་བསྡོས་ནས་སྦྲག་འཁོར་བསྲུངས་ཡོད། དེས་ན་ལོ33ལ་ཉིན་གཅིག་ལྟར་བྱེད་པའི་དམིགས་ཡུལ་ནི་སྦྲག་ཆས་རེ་རེ་བཞིན་མང་ཚོགས་ཀྱི་ལག་ཏུ་འཕྲོད་ཐུབ་པའི་ཆེད་དུ་རེད།
ཁོང་ནི་དར་ཆ་ཞིག་དང་གྲུ་ལམ་སྟོན་རྟགས་ཤིག་དང་གཉིས་སུ་མེད། ཁོང་གིས་ལས་གནས་དཀྱུས་མ་ཡིན་ལ་དཀའ་ཚེགས་ཆེ་བ་རུ་བརྟན་སྲུང་མཐའ་གཅིག་ཏུ་བྱས། འཆི་མེད་རྡོ་རྗེའི་གཏམ་རྒྱུད་མི་ཚང་མའི་རྣ་ལ་བྱང་བྱང་དུ་སོང་བ་ཆབས་ཅིག་ཁོང་ལ་མཚན་སྙན་བཟང་པོ་ཡང་མང་པོ་ཐོབ། ཁོང་ནི་གནས་གཅེས་ལས་བརྩོན་གྱི་མིག་དཔེ་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་དུ་གྱུར།
2018ལོའི་ཟླ་བ9པར་འཆི་མེད་རྡོ་རྗེ་གུང་ཁྲན་ཏང་ནང་ལ་ཞུགས། 2021ལོར་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་མི་ཕུལ་བྱུང་ཞེས་པའི་མཚན་སྙན་སྤྲད། ད་ལོར་ཡང་ཁོང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཉེར་ཡོད་པའི་སྐོར་གླེང་བའི་ཚེ། འཆི་མེད་རྡོ་རྗེའི་སྤྲོ་སེམས་གནོན་ཐབས་བྲལ་ཞིང་། ཁོང་གིས་ངས་ལོ་འདི་ཤས་རིང་ལ་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་འགྱུར་ལྡོག་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་གཏམ་རྒྱུད་པེ་ཅིང་དུ་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་ཚོར་འབུལ་རྒྱུ་ཡིན། ལྷག་པར་དུ་ཐེངས་འདིར་ལྕགས་ཟམ་རྫོང་དུ་སོང་བའི་མཐོང་ཐོས་སྐོར་ཡང་གླེང་ངེས་ཡིན། གནོད་འཚེ་ཡིས་ང་ཚོར་སྐྱོ་སྡུག་དང་གྱོང་གུན་བྱིན་མོད། ངས་མི་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་ལ་ཡོང་ནས་སེམས་ཁུར་བྱེད་པ་མཐོང་བྱུང་ལ། གནོད་ཐེབས་མང་ཚོགས་ཀྱི་རང་སྟོབས་རང་འཕེལ་དང་སྤྲོ་སྣང་ཧུར་སྐྱོད་ཀྱི་བློ་སྤོབས་དང་ཡིད་ཆེས་ཀྱང་མཐོང་བྱུང་། ཏང་གི་འགོ་ཁྲིད་སྲ་བརྟན་གྱི་འོག་ཏུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོ་ཕུགས་འདུན་འགྲུབ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད་པ་རེད། །