སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་མའོ་ཧྲུའེ་གྲོང་ཚོ་ནི་དམར་དམག་རྒྱང་སྐྱོད་བྱེད་རིང་བརྒལ་མྱོང་བའི་གྱ་གྱུ་རི་འདབས་སུ་གནས་ཡོད། དེ་གའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཙམ་ཟིན་ཞིང་། རི་བོ་མཐོ་ལ་ས་རྒྱུ་ཞན། དེ་སྔའི་འཚོ་བ་ཧ་ཅང་སྡུག་པོ་ཡོད།
ཁྲེན་ཝང་ཧུའེ་ཡིས་དེ་དུས་གྲོང་རྡལ་ནང་ཟ་ཁང་དང་ཆང་ཁང་གཉེར་མྱོང་ཡོད་པས། མའོ་ཧྲུའེ་གྲོང་ཚོར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་མཁས་ཅན་ཞིག་ཡིན། ཁོང་གིས“ཡུལ་མི་ཚོའི་འཚོ་བ་དབུལ་ཕོངས་ཡིན་པ་མཐོང་སྐབས་སེམས་ནང་གི་ཚོར་སྣང་སྐྱིད་པོ་ཞིག་མ་རེད”ཅེས་བཤད། 2010ལོའི་ལོ་མཇུག་ཏུ་གྲོང་མི་ཚོས་ཁྲེན་ཝང་ཧུའེ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་འདེམས་བསྐོ་བྱས་པ་རེད། དུས་དེ་ནས་བཟུང་ཁོང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་དབུལ་སྒྲོལ་བྱེད་འགན་འཁུར་བ་རེད།
མའོ་ཧྲུའེ་གྲོང་ཚོ་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཞན་པོ་ཡིན་པ་དང་། ཞིང་ཁར་རྟག་པར་ཕག་རྒོད་ཀྱིས་གཏོར་གྱི་ཡོད། ཕག་རྒོད་ཀྱིས་གཏོར་སྐྱོན་ཐེབས་པའི་ཞིང་སར་ལྟ་ཞིབ་བྱེད་སྐབས། ཁྲེན་ཝང་ཧུའེ་ཡིས་གློ་བུར་དུ་ཞིང་འགྲམ་གཏོར་མེད་པའི་རི་སྐྱེས་རྒྱ་སེ་མེ་ཏོག་འགའ་མཐོང་བ་རེད། “རྒྱ་སེ་མེ་ཏོག་འདེབས་བསྒྱུར་བྱས་ན། ཕག་རྒོད་ཀྱི་གཏོར་བརླག་མི་ཐེབས་པ་མ་ཟད། དཔལ་འབྱོར་གྱི་རིན་ཐང་ཡང་མཐོན་པོ་ཡོད”སྙམ་ནས་ཁྲེན་ཝང་ཧུའེ་ཡིས་དེ་ཚོད་ལྟ་བྱ་རྒྱུའི་སེམས་ཐག་བཅད།
རྒྱ་སེ་མེ་ཏོག་ཐོན་ལས་ལ་རྟོག་ཞིབ་བྱ་ཆེད། ཁྲེན་ཝང་ཧུའེ་ཡིས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་འདྲུད་འཐེན་འཕྲུལ་འཁོར་ནང་བསྡད་ནས་ས་གནས་ཁག་གི་རྒྱ་སེ་མེ་ཏོག་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ། འདེབས་འཛུགས་དུད་ཚང་ལ་ཁེངས་སྐྱུང་ངང་སོན་བཟང་འདེབས་གསོ་དང་ཞིང་ནང་གི་དོ་དམ་སོགས་ཀྱི་ཤེས་བྱ་བཀའ་འདྲི་གནང་བས་ཟླ་བ་ཁ་ཤས་ནང་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་ཡོད་པ་རེད།
གྲོང་ཚོར་ལོག་རྗེས་ཁྲེན་ཝང་ཧུའེ་ཡིས་རྒྱ་སེ་མེ་ཏོག་སྣ་ཁ་8ཚོད་འདེབས་བྱས། མའོ་ཧྲུའེ་གྲོང་ཚོའི་ས་ཆུ་དེ་རྒྱ་སེ་མེ་ཏོག་སྐྱེ་འཚར་ལ་འཚམ་པ་མ་ཟད། མེ་ཏོག་གི་འདབ་མ་ཆེ་ལ་མཐུག་པའི་ཁར་ལས་སྣོན་བྱས་པའི་སྣུམ་གྱི་སྤུས་ཚད་ཀྱང་རིགས་གཅིག་པའི་ཐོན་རྫས་ལས་ཆེས་ཆེར་བརྒལ་ཡོད། “རི་ཁུལ་དབུལ་བོར་འགྲོ་ལམ་འཚོལ”ཐུབ་པས་ཁྲེན་ཝང་ཧུའེ་ཡི་སེམས་ཤུགས་རབ་ཏུ་འཕེལ། དེའི་རྗེས་སུ་ཁོང་གིས་རྒྱ་སེ་མེ་ཏོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས། ཏང་ཡོན་དང་རྐང་འཛིན་པའི་སྣེ་ཁྲིད་བ་དང་གྲོང་མི་ཚོར་སློབ་ཁྲིད་བྱས། རྒྱ་སེ་མེ་ཏོག་གི་ཁྲོམ་ར་ཉམས་དུས་ཁོང་གིས་ཁྲོམ་རའི་རིན་གོང་ལས་མཐོ་བའི་སྒོ་ནས་རྒྱ་སེ་མེ་ཏོག་ཉོས་ནས་ཚང་མའི་ཡིད་ཆེས་སྲུང་འཛིན་བྱས། 2016ལོར་ཁྲེན་ཝང་ཧུའེ་མའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད། ཁོང་གིས་རང་གི་བསགས་དངུལ་སྤྱད་དེ་རྒྱ་སེ་མེ་ཏོག་གི་ཞིབ་ཐོན་ལས་སྣོན་བཟོ་གྲྭ་གྲབས་འཛུགས་བྱས་པ་དང་སྒྲིག་ཆས་གསར་པ་དང་ཐོན་སྐྱེད་བརྒྱུད་རིམ་ནང་འདྲེན་བྱས་པ་རེད། རྒྱ་སེ་མེ་ཏོག་གི་ཇ་དང་རྒྱ་སེ་མེ་ཏོག་གི་བཅུད་སྣུམ་སོགས་ཐོན་རྫས་རིགས་10ལྷག་གཅིག་རྗེས་གཉིས་མཐུད་དུ་གསར་སྤེལ་བྱས་ཤིང་། དེ་དག་ཚང་མ་བྲིན་ཁ་རྒྱུགས་པོ་བྱུང་ཡོད།
མའོ་ཧྲུའེ་གྲོང་ཚོའི་འཚོ་བ་ཡག་ཏུ་ཕྱིན་ཚེ་ཁྲེན་ཝང་ཧུའེ་ལ་ཡང་དམིགས་འབེན་གསར་པ་ཞིག་ཡོད་པ་སྟེ། “དབུལ་སྐྱོར་གྱི་རྒྱ་སེ་མེ་ཏོག”བཙན་ལྷ་རྫོང་གི་གང་སར་ཁྱབ་པ་བྱ་རྒྱུ་དེ་རེད། ཁོ་མོ་ས་ཆ་མང་པོར་བསྐྱོད་དེ་རྒྱ་སེ་མེ་ཏོག་འདེབས་འཛུགས་ལག་རྩལ་ཉེ་འཁོར་གྱི་གྲོང་ཚོ་40ལྷག་ཙམ་ལ་ཁྱབ་གདལ་བཏང་བ་རེད། ཁོང་གིས“ཀྲི་པུའུ་དང་། ཀུང་སི། མཉམ་ལས་ཁང་། ཞིང་དུད། རྟེན་གཞི་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས། ཞིང་དུད་ཀྱིས་རང་ཁྱིམ་གྱི་ས་ཞིང་ཐོག་འདེབས་འཛུགས་དང་སྔོག་འཐུ་ཡག་པོ་བྱས་ཚེ་ཡོང་འབབ་རག་ཐུབ་ཡོད་པ་རེད། བཙན་ལྷ་རྫོང་གི་ཞིན་ཆའོ་ཤང་ཀོང་ཧེ་གྲོང་ཚོའི་གྲོང་མི་དབྱི་ཧྥུའུ་ལེའང་གི་རྐང་པ་གཡས་པར་སྐྱོན་ཤོར་བས་ལས་ཀ་ལྗིད་མོ་བྱེད་ཐུབ་ཀྱི་མེད། 2015ལོར་ཁྲེན་ཝང་ཧུའེ་ཡི་སྐུལ་ཁྲིད་འོག་ཁོང་གིས་རྒྱ་སེ་མེ་ཏོག་འདེབས་འགོ་བཙུགས་པ་དང་ལོ་རྗེས་མར་ཡོང་འབབ་སྒོར་3700ཐོབ་ཡོད། ད་ཆ་དབྱི་ཧྥུའུ་ལེའང་གིས་མུའུ་4ལ་རྒྱ་སེ་མེ་ཏོག་བཏབ་ནས་མུའུ་རེའི་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཡོད་པ་རེད། དབྱི་ཧྥུའུ་ལེའང་ཡི་གདོང་ལ་འཛུམ་མདངས་ཁེངས་བཞིན“རྒྱ་སེ་མེ་ཏོག་བཏབ་ན་ཕྱུག་པོར་འགྱུར་ཐུབ་ཡོད།ད་ནས་དུད་ཚང་དབུལ་པོ་བྱེད་མི་དགོས”ཅེས་བཤད་པ་རེད།
ད་ཆ་རྒྱ་སེ་མེ་ཏོག་ཐོན་ལས་དེ་བཙན་ལྷ་རྫོང་གི་གཙོ་ཁྲིད་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། རྫོང་ཡོངས་ཀྱི་རྒྱ་སེ་མེ་ཏོག་འདེབས་ཁྱོན་མུའུ་ཁྲི་1.5ཟིན་པ་དང་། འདེབས་འཛུགས་དུད་ཚང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་5000ལྷག་ཙམ་ཡོང་གི་ཡོད། “ཡུལ་མི་རྣམས་ཀྱི་འཚོ་བ་ཕྱུག་ཏུ་གཏོང་ཐུབ་ན་དཀའ་ངལ་ག་ཚད་རྒྱག་དགོས་ན་རྒྱག་རིན་ཡོད”ཅེས་བཤད། ལོ་10ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། ཁྲེན་ཝང་ཧུའེ་ཡིས་དེ་སྔའི་ས་གཤིས་ཞན་པའི་ས་ཞིང་ཐོག“ཕྱུག་འགྱུར་གྱི་མེ་ཏོག”གསོ་འདེབས་བྱས་པ་རེད། ཁོ་མོར་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབད་འབུངས་བྱ་དགའ་དང་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ས་གནས་དེ་གའི་མིས་ཁོང་ལ“ཨ་ཅེ་མེ་ཏོག”ཅེས་འབོད་ཀྱིན་ཡོད།
ན་ནིང་ཁྲེན་ཝང་ཧུའེ་ཡིས་སླར་ཡང་རྒྱ་སེ་མེ་ཏོག་ཐོན་ལས་ཚན་ཞིབ་གཞུང་དོན་ཐོག་ཁང་བརྒྱབ་ནས། རྒྱ་སེ་མེ་ཏོག་ཐོན་ལས་ཀྱི་ཕྲེང་ཐག་ཧྲིལ་པོར་ཁྱབ་པའི་ཚན་རྩལ་རྣམ་པའི་ཁེ་ལས་གཏོད་རྒྱུའི་གྲ་སྒྲིག་བྱས་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་རྗེས། ཁྲེན་ཝང་ཧུའེ་ཡི་ཕྲག་པར་བབས་པའི་འགན་འཁྲི་སྔར་ལས་ལྕི་བར་གྱུར། “ངས་མུ་མཐུད་འབད་བརྩོན་བྱས་ཏེ་ཡུལ་མི་ཚོའི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱ་རྒྱུ་ཡིན”ཅེས་ཁྲེན་ཝང་ཧུའེ་ཡིས་བཤད་པ་རེད།