མཛེས་ཤིང་ལྟ་ན་སྡུག་པའི་རྔ་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རྔ་བ་ཁུལ་གྱི་སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན་གྱི་བསྡུས་བརྗོད།
རྔ་བ་ཁུལ་དུ་ལྗང་མདོག་རྒྱས་པའི་མུ་མེད་ཀྱི་སྤང་ལྗོངས་དང་རི་བོའི་མུ་ཁྱུད་ཀྱིས་གྲོང་གསེབ་དང་གྲོང་ཁྱེར་ཡོངས་སུ་བརྒྱན་ཡོད། ལྗང་མདོག་རྒྱས་པའི་ཡུལ་ལྗོངས་ཀྱི་བཀོད་པ་རེ་རེ་ནི་རྔ་བའི་མི་དམངས་ཀྱིས་ལོ་མང་རིང་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྟེ། རྔ་བ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་གཞག་གཙོ་བོར་བཟུང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། རྨ་འབྲིའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཆེས་ཆེར་བསྐུལ་བ་དང་། སྲུང་ཡོལ་གཅིག་དང་རྒྱུད་བཞི། ཁོངས་ཡོངས་སྐྱེ་ཁམས་བཅས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་མྱུར་ཅིང་། ས་ཁུལ་གསུམ་མཉམ་དུ་འཛུགས་སྐྱོང་དང་། ལས་རིགས་ལྔ་མཉམ་དུ་ལེགས་བསྒྱུར་གཏོང་བའི་ཐོན་ལས་ཀྱི་མ་ལག་གསར་བ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུནདང་། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཇེ་ལེགས་སུ་གཏོང་བར་ཁག་ཐེག་བྱས།
འདི་ལྟར་ལྗང་མདོག་གིས་ཕྱུར་བུ་གཏམས་པའི་སྐྱེ་ཁམས་ཁོར་ཡུག་གིས་རྔ་བའི་མི་དམངས་ལ་འཛད་མེད་ཀྱི་ལོངས་སྤྱོད་སྩལ་དང་སྩོལ་བཞིན་ཡོད།
རྔ་བ་ཁུལ་གྱི་ལྗང་མདོག་གིས་ཕྱུར་བུ་གཏམས་པའི་ཁོར་ཡུག་ནི་འཕྲལ་ཕུགས་གཉིས་སུ་ཕན་པའི་འཕེལ་རྒྱས་ཀྱི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ཡིན། དེང་སང་། སྲིད་ཇུས་བཟང་བོ་ནི་དམིགས་འབེན་འཚོལ་སྙེག་གི་གོ་རིམ་ཁྲོད་ནས་མངོན་འགྱུར་བྱུང་དང་འབྱུང་བཞིན་ཡོད་ལ། དཔལ་འབྱོར་གྱི་སྒྲིག་གཞི་ཇེ་ལེགས་སུ་གྱུར་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱུང་ཡོད།
ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་ལས་རང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་མིག་གིས་མཐོང་ཐུབ་ལ་སེམས་ཀྱིས་མྱོང་བཞིན་ཡོད། རྔ་བ་ཁུལ་གྱི་སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན་གྱི་ཆོད་སེམས་བརྟན་པོ་ཡང་མངོན་ཡོད།
སྒྲིག་སྲོལ་གཏན་འབེབས་བྱེད་པ་ནས་མགོ་བརྩམས་ཏེ་དཀའ་གནད་ཡོད་ཚད་སེལ་བཞིན་ཡོད།
རྨ་ཁུགས་མགོ་ནོར་བུའི་དགའ་འཁྱིལ་ནས་མཚོ་ཁྲ་ཁྲེབ་ཀྱི་བར་དང་། རོང་ས་ནས་འབྲོག་སའི་བར་དུ་ནམ་མཁའ་གཡའ་དག་ཅིང་ཆུ་བོ་དྭངས་ཤིང་གཙང་ལ། རྟ་ནོར་ལུག་གསུམ་བག་ཡངས་སུ་རྒྱུ། ད་དུང་སྟོན་ཟླ་དགུ་བར་ཀྲུང་གོའི་ཆེས་མཛེས་པའི་མཐོ་སྒང་གྲང་ཁུལ་གྱི་རྩྭ་ཐང་ཞེས་པའི་མཚན་སྙན་ཡོད་པའི་མཛོད་དགེའི་གཟའ་རུའི་སྒོ་མོ་ཐང་ནི་གསེར་མདོག་གི་ཞིང་ཁམས་ཤིག་དང་གཉིས་སུ་མ་མཆིས།
ཕྱོགས་དང་ཕྱོགས་མཚམས་ཀྱི་མགྲོན་པོ་རྣམས་གནས་མཆོག་འདིར་སླེབས་དུས་མུ་མཐའ་མེད་པའི་སྤང་གཞུང་ཆེན་མོས་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས། རྔ་བའི་འབག་མེད་འཕེལ་རྒྱས་ཀྱི་འཚོལ་སྙེག་གི་གོ་རིམ་དང་ངོ་མཚར་གྱི་གྲུབ་འབྲས་ནི་སེམས་ཀྱི་ལོངས་སྤྱོད་རེད།
སྐྱེ་ཁམས་དར་ན་དཔལ་ཡོན་རྒྱས། སྐྱེ་ཁམས་ཉམས་ན་དཔལ་ཡོན་རྒུད།
རྔ་བ་ཁུལ་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་ལ། སི་ཁྲོན་དང་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་གཙོ་བོ་ཞིག་དང་། རྨ་འབྲིའི་སྟོད་རྒྱུད་ཀྱི་ཆུའི་མགོ་ཁུངས་གཙོ་བོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་བཅས་ཡིན། རྔ་བ་ཁུལ་དུ་ཡོད་པའི་མཛོད་དགེའི་བརླན་ས་ནི་རང་རྒྱལ་གྱི་བརླན་ས་ཆེན་པོ་གསུམ་གྱི་གྲས་ཡིན་ཞིང་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་གྲས་སུ་བཞག་ཡོད། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་བརྒྱ་ཆ་30ནི་གནས་འདི་ནས་རི་ཆུ་སྟོང་ཕྲག་བརྒལ་ནས་བཞུར་བཞིན་ཡོད། རྨ་ཆུའི་ཆུ་ཁུངས་གཙོ་བོ་ཞིག་དང་ཀྲུང་གོའི་ཆུ་མཛོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། འབྲི་ཆུ་དང་རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་འོས་འགན་ཆེན་པོ་འཁུར་ཡོད།
དེའི་ཕྱིར་རྔ་བ་ཁུལ་ལ་མཚོན་ན་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་ནི་ངེས་པར་དུ་བསྒྲུབ་དགོས་པའི་བྱ་གཞག་ཅིག་དང་གོ་སྐབས་བཟང་བོ་ཞིག་ཡིན་པ་དང་། དེ་བས་ཀྱང་ཆབ་སྲིད་ཀྱི་འོས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཞིག་ཀྱང་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཏུ། སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལས་གནས་ལྔ་ཕུང་གཅིག་གི་སྤྱིའི་བཀོད་སྒྲིག་ནང་ཐོག་མར་བཞག ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བར། འབག་མེད་འཕེལ་རྒྱས་ཀྱི་འདུ་ཤེས་བཏོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ནང་སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཀོད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བའི་སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན་ལ་ཕན་ཆེན་པོ་ཐོགས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་ལ་དེང་རབས་ཅན་གྱི་རྣམ་པ་གསར་པ་བཏོད་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་དང་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས་ན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཞེས་ཐེངས་མང་པོར་གསུངས།
རྔ་བ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བཅངས་ཏེ། སྐྱེ་ཁམས་ཁོར་ཡུག་ཇེ་ཡག་ཏུ་གཏོང་བའི་སྒྲིག་སྲོལ་གཏན་འཁེལ་བྱས།
རྔ་བ་ཁུལ་གྱིས་འཆར་འགོད་ཡག་པོ་དང་འཐབ་ཇུས་བཀོད་སྒྲིག་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་འཛུགས་སྐྲུན་གྱི་འཆར་འགོད་གཏན་འབེབས་བྱས་ཤིང་། ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཁྲིམས་སྐྱོང་གི་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་། སྲུང་སྐྱོང་གཙོ་བོར་འཛིན་པ་དང་སྐྱེ་ཁམས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྔ་རྗེས་སུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲོལ་ཡིག་ཅེས་པ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བརླན་ས་སྲུང་སྐྱོང་གི་སྲོལ་ཡིག་ཅེས་པ་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱས་པར་མ་ཟད། ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡང་བྱུང་ཡོད། རྔ་བ་ཁུལ་གྱི་ཐོན་ཁུངས་དོ་དམ་དང་བྱེད་ཐབས་སོགས་ཆ་ཚང་ཞིང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཏོན་པ་སོགས་ལས་ཀ་ནན་མོ་བསྒྲུབས་ཏེ། སྔོ་ལྗང་གི་རི་ཀློང་དང་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱས་ཡོད།
ལོ་ངོ་བཅུའི་རིང་ལ་ལྗང་མདོག་གིས་ཕྱུར་བུ་གཏམས་པའི་ཁོར་ཡུག་ནི་འཕེལ་རྒྱས་དང་བཅོས་བསྒྱུར་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཏེ། མཛེས་སྡུག་གི་རྔ་བའི་རྣམ་པ་གསར་པ་མངོན་ནས་སྔོ་ལྗང་གི་རི་ཀློང་ལྷུན་གྱིས་ཆགས་ཤིང་། ཡུལ་ལྗོངས་ལྟ་ན་སྡུག་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་ཞིག་ངང་གིས་མངོན་ཡོད།
སྲུང་སྐྱོང་དང་འགོག་བཅོས་ཟུང་འབྲེལ་བྱེད་བཞིན་ཡོད།
སྟོན་འགོ་མར་གཟི་རྩ་སྡེ་དགུ་རྫོང་གི་རི་ཀློང་ཀུན་ཏུ་ལྗང་མདོག་རྒྱས་ཤིང་། རྫོང་མཁར་གྱི་ནུབ་ཕྱོགས་སུ་བསྐྱོད་ན་གཡུ་མདོག་གི་མཚེའུ་འཁྱིལ་བའི་རྣམ་པ་མིག་ལ་མཛེས་པ་དང་། རྫོང་མཁར་གྱི་ཤར་ཕྱོགས་སུ་བསྐྱོད་ན་དོམ་ཁྲ་སྲུང་སྐྱོང་དང་ཞིབ་འཇུག་གླིང་དུ་དོམ་ཁྲ་མཐོང་ཐུབ། ད་དུང་རི་མགོར་བཞག་ཡོད་པའི་པར་ཆས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་འགྲོ་འདུག་ཟིན་འགོད་བྱེད་ཀྱིན་ཡོད།
རི་ཆུ་ནགས་གསུམ་རང་བྱུང་ལྷུན་གྱིས་ཆགས་པ་དང་། རྩྭ་རྩི་ཤིང་རབ་ཏུ་རྒྱས། འདབ་ཆགས་དང་སྲོག་ཆགས་ཀྱི་ཚོགས་སྐྱིད་པའི་དཔལ་ལ་རོལ། འཚོ་གནས་ཁོར་ཡུག་སྐྱིད་ཅིང་ཡུལ་ལྗོངས་མིག་ལ་མཛེས། སྟོན་དུས་སུ་གཟི་རྩ་སྡེ་དགུ་ཁོ་ན་མ་ཡིན་པར་རྔ་བ་ཁུལ་ནི་མཛེས་པའི་ཞིང་ཁམས་ཤིག་རེད། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་འདི་འདྲ་ནི་རྔ་བ་ཁུལ་གྱིས་ལོ་མང་རིང་མཛེས་སྡུག་ལྡན་པའི་འཚོ་གནས་ཁོར་ཡུག་ལ་བཅངས་པའི་རེ་འདུན་ཡིན་ཞིང་། འབག་བཙོག་ལ་འགོག་བཅོས་ནན་མོ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱས་པའི་འབྲས་བུ་ཡང་རེད།
རི་ཆུ་ནགས་གསུམ་དང་འཚོ་གནས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐད་ནས་རང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། དཀའ་བ་ཁྱད་དུ་བསད་ནས་ལྗང་མདོག་གི་ཁོར་ཡུག་ལ་སྲུང་སྐྱོང་དང་འབག་བཙོག་ལ་འགོག་བཅོས་བྱེད་བཞིན་ཡོད།
སྲུང་སྐྱོང་ལ་བརྟེན་ནས་རང་བྱུང་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བཞིན་ཡོད།
འཆར་འགོད་ཡག་པོ་བྱེད་པ་ནས་མགོ་བརྩམས་ཏེ་སྲུང་ཡོལ་གཅིག་དང་རྒྱུད་བཞི། ཁོངས་ཡོངས་སྐྱེ་ཁམས་བཅས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཤིང་། ལམ་ལུགས་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ཀྲུང་གོའི་ཆུ་མཛོད་ལ་སྲུང་སྐྱོང་བྱས་ཏེ། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཇེ་ལེགས་སུ་བཏང་།
མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས་བརླན་སའི་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་ཆིང་ཁྲི་67.7དང་། བརླན་སའི་སྤྱི་གླིང་སྤྱི་ཆིང་ཁྲི་1.1འཛུགས་སྐྲུན་བྱས་ལ། སྐྱེ་ཁམས་སྲུང་སྐྱོང་རྒྱུད་སྤྱི་ལེ་56.9དང་མུའུ་6678འཛུགས་སྐྲུན་བྱས། གད་སྙིགས་གཙང་སེལ་གང་ལེགས་བྱས་ཏེ། གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་ཉེར་གསུམ་དང་། སྨན་བཅོས་ཀྱི་གད་སྙིགས་གཙང་སེལ་ལྟེ་གནས་གཉིས། ཟ་ཁང་གི་གད་སྙིགས་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་བྱེད་པའི་ལྟེ་གནས་གཉིས་བཅས་བསྐྲུན་ཡོད། སྐྱེ་ཁམས་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ལས་གཞིར་གཅིག་གྱུར་འཆར་འགོད་བྱས་ཏེ་ནུས་ཤུགས་ཆེན་པོ་ཕུད་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲུབ་འབྲས་གསར་པ་བླངས།
ལོ་ངོ་བཅུའི་རིང་ལ་རང་བྱུང་འཆམ་མཐུན་དང་འབག་མེད་འཕེལ་རྒྱས་སུ་ཕྱིན་ནས་དམངས་ཀྱི་འཚོ་བ་བདེ་སྐྱིད་ལ་དཔལ་ལ་རོལ་དང་རོལ་བཞིན་ཡོད།
འགོག་བཅོས་ལ་བརྟེན་ནས་འབག་བཙོག་ལ་བཅོས་སྐྱོང་བྱེད་བཞིན་ཡོད།
འབག་བཙོག་ལ་བཅོས་སྐྱོང་བྱེད་པའི་དཀའ་གནད་སེལ་གང་ཐུབ་བྱས་ཡོད་དེ། འབག་བཙོག་གི་གནད་དོན་ཡོད་པའི་ཁེ་ལས་ལྔ་དང་གཏེར་སྙིགས་སྤུངས་ས་དགུ། གཏེར་རི་བརྒྱད་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་བྱས་ཤིང་། སྒོ་གཏན་དུ་འཇུག་པ་དང་ལེགས་བསྒྱུར་གཏོང་བ། ལས་གཞིར་མ་དངུལ་གཏོང་བ་སོགས་ལ་བརྟེན་ནས་འབག་བཙོག་ལ་བཅོས་སྐྱོང་བྱས།
འབག་བཙོག་ལ་འགོག་བཅོས་ནན་མོ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས། ཆུ་ལམ་འགོག་པ་དང་བྱེ་རྡོ་ལས་སྣོན་བཟོ་གྲྭས་བཙོག་ཆུ་ཕྱིར་གཏོང་བ། ཆུ་ལམ་དུ་གད་སྙིགས་སྤུངས་བ་སོགས་ལ་དག་ཐེར་བྱས་ཤིང་། འཕྲུལ་སྣུམ་རྙིང་བ་དང་སྨན་བཅོས་ཀྱི་གད་སྙིགས་སོགས་ཉེན་ཁ་ཡོད་པའི་སྙིགས་རྫས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ་རྩ་བའི་ཆ་ནས་བཅོས་སྐྱོང་བྱས།
ལོ་ངོ་བཅུའི་རིང་ལ་འགན་འཁྲི་ནན་མོ་འཁུར་ནས་འབག་བཙོག་ལ་འགོག་བཅོས་བྱས་ཤིང་འཕེལ་རྒྱས་ཀྱི་འགོག་རྐྱེན་སེལ་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱས། འདི་ལྟར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ནས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད། ཟླ་དགུ་པའི་ཟླ་མཇུག་ལ་སྐྱེ་ཁམས་ཁོར་ཡུག་ཐིང་གིས་གསར་འགྱུར་ཁྱབ་བསྒྲགས་ཀྱི་ཚོགས་འདུ་འཚོགས་ནས་ད་ལོའི་ཟླ་བརྒྱད་པ་དང་། ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་དང་མཁའ་དབུགས་གཙང་མ་ཡིན་ཚད་ཀྱི་ཨང་རིམ་ཁྱབ་བསྒྲགས་བྱས་ཤིང་རྔ་བ་ཁུལ་ཨང་དང་པོ་རེད།
ལྗང་མདོག་གི་སྐྱེ་ཁམས་ལ་བརྟེན་ནས་ཕན་འབྲས་སྨིན།
ཟླ་བཅུ་པར། སྡོང་ལོ་སེར་པོའི་སྟེང་ལ་སྟོན་གྱི་བ་མོ་ཆགས་ཤིང་སྟོན་རླུང་བསིལ་མོ་དལ་གྱིས་ལྡང་། སྟོན་རླུང་བསིལ་མོ་དང་འགྲོགས་ནས་རི་ཀློང་གི་ཁ་དོག་ཀྱང་སེར་པོར་གྱུར། ཁྲོ་ཆུ་རྫོང་དུ་ཏ་ཁོག་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱི་རི་བོའི་མུ་ཁྱུད་དང་རབ་དཀར་ཁ་བའི་འདབ་མའི་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པས་ལྗོངས་རྒྱུ་བ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས།
ཏ་ཁོག་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས། ན་ནིང་དགུན་ཁར་ཨ་བོ་སྤུན་གསུམ་གངས་རི་དང་ཟུང་འབྲེལ་བྱས་ཏེ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལས་ཀྲུང་གོར་རྒྱབ་སྐྱོར་བྱེད་པ་བརྗོད་དོན་ལ་བཟུང་ནས། ཏ་ཁོག་འཁྱགས་རོམ་མཛེས་ལྗོངས་ཁུལ་དུ་འབྲེལ་ཡོད་བྱེད་སྒོ་སྤེལ་བ་ཡིན་ཞེས་བཤད། གནས་འདི་ནས་མཛེས་ལྗོངས་ལ་ལྟད་མོར་བལྟས་ཆོག་ལ། གནས་འདི་ནི་གངས་འཁྱགས་དང་འབྲེལ་བའི་ལུས་རྩལ་བྱེད་སྒོ་སྤེལ་ས་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན།།
ཉེ་བའི་ལོ་ཤས་རིང་ལ། རྔ་བ་ཁུལ་གྱིས་འཁྱགས་རོམ་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པ་དང་། འཁྱགས་རོམ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ནས། འཁྱགས་རོམ་གྱི་དགེ་མཚན་ལ་བརྟེན་ནས་ཐོན་ལས་ཟུང་འབྲེལ་གྱིས་འཕེལ་རྒྱས་སུ་གཏོང་བཞིན་ཡོད། ཆུ་ཁོལ་དང་དང་འཁྱགས་རོམ། གྲོང་སྡེ་སོགས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་ཆེན་པོ་དང་སྤྱི་གཉེར་ཁང་ཆེན་པོ་ནང་འདྲེན་བྱེད་པ་གཙོ་བོར་བཟུང་ནས། འཁྱགས་རོམ་གྱི་ཐོན་ལས་ལ་བརྟེན་ནས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཤིང་། ལྗོངས་སྐོར་དང་ཟུང་འབྲེལ་བྱེད་པའི་ཕན་འབྲས་ཆེ་རུ་བཏང་ནས།
ལྗོངས་སྐོར་དང་ལུས་རྩལ། རིག་གནས། ཁམས་གསེང་སོགས་མཉམ་དུ་འཕེལ་རྒྱས་སུ་བཏང་སྟེ། ཐོན་ལས་མང་པོ་ཟུང་འབྲེལ་བྱས་ནས་འཁྱགས་རོམ་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ཇེ་སྐྱིད་དུ་གཏོང་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བཞིན་ཡོད།
རི་བོ་སྐུ་བླའི་མཛེས་ལྗོངས་ཁུལ་ལ་མཚོན་ན་སྔོན་ཆད་མཛེས་ལྗོངས་ཁུལ་དུ་རི་ཀློང་ལ་ལྗོངས་སྐོར་བྱེད་པ་ནས་དེང་སང་ཕྱི་རོལ་ལྗོངས་སྐོར་འཕེལ་རྒྱས་སུ་གཏོང་བཞིན་ཡོད། མངའ་ཁོངས་ཀྱི་མི་དམངས་ཀྱིས་ཐབས་ལམ་མི་འདྲ་བ་བརྒྱུད་ནས་དེའི་ནང་ལ་ཞུགས་ཏེ། ལས་གཏོད་དང་ལས་ཞུགས་བྱེད་མཁན་མི་1500ཡན་ཡོད། མཛེས་ལྗོངས་ཁུལ་གྱི་ལྟེ་བར་ཆགས་པའི་ཁྲང་ཕིང་སྡེ་བར་དུད་ཚང་317དང་མི་976ཡོད། མིག་སྔར་ཕྱི་རོལ་ལག་རྩལ་གྱི་ལས་ཀ་གཉེར་མཁན་མི་450ལྷག་ཡོད་ལ། གྲོང་སྡེ་ཡོངས་སུ་ཕྱི་རོལ་ལྗོངས་སྐོར་ནང་དུ་ཞུགས་པའི་དུད་ཚང་107ཡོད། ན་ནིང་སྡེ་བ་ཡོངས་ལ་ཁྱོན་ཡོང་འབབ་སྒོར་ཁྲི་2200ཡོད་ཅིང་། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་7ལྷག་ཡོད།
འཁྱགས་རོམ་ལ་བརྟེན་ནས་ལྗོངས་སྐོར་བ་སྣེ་ལེན་བྱས་ཏེ་ཡོང་འབབ་གསོག་བཞིན་ཡོད། འཕོ་འགྱུར་ཆེན་པོ་ནི་རིགས་ལམ་གསལ་བོ་ལ་བརྟེན་ནས་བྱུང་ཞིང་། ལྗང་མདོག་གི་ཁོར་ཡུག་ནི་བལྟས་ན་མིག་ལ་མཛེས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལྟ་བུ་རེད།
ཁུལ་ཨུའི་འགོ་ཁྲིད་གཙོ་བོས་རང་རྟོགས་ཀྱིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་ཆེན་པོ་ཕྲག་ཏུ་བླངས་ནས། ཐུན་མོང་གིས་འཕེལ་རྒྱས་དང་སྲུང་སྐྱོང་ལ་དམ་འཛིན་དང་། མཉམ་དུ་བཅོས་སྐྱོང་། ཆུ་བོའི་སྟོད་རྒྱུད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཆུ་བོའི་སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་བ། སྐྱེ་ཁམས་ལ་སྲུང་སྐྱོང་ནན་མོ་དང་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བཅས་བྱས་ནས། སྐྱེ་ཁམས་གཙོ་བོར་འཛིན་པ་དང་། འབག་མེད་འཕེལ་རྒྱས་ཀྱི་ལམ་ཁ་གསར་བར་བསྐྱོད་དེ། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཇེ་ལེགས་སུ་བཏང་ནས། ཁུལ་ཡོངས་ཀྱི་སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན་གྱི་ལས་ཀར་གྲུབ་འབྲས་གསར་བ་འཐོབ་པར་སྐུལ་མ་གཏོང་དགོས་ཞེས་གསུངས།
འདི་ནི་རྔ་བ་ཁུལ་གྱི་དམ་བཅའ་ཞིག་ཀྱང་རེད།
དེའི་ཕྱིར་རྔ་བ་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་གཉིས་དང་། རི་ཆུ་སྲུང་སྐྱོང་གི་ལག་ལེན་གསར་གཏོད་ཀྱི་རྟེན་གཞི་གཅིག ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་གཅིག རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཡུལ་ཚོ་དང་གྲོང་རྡལ་བཅུ་དྲུག ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་ཚོ་དང་གྲོང་རྡལ་ཞེ་བརྒྱད། ཁུལ་རིམ་པའི་སྐྱེ་ཁམས་སྡེ་བ་ལྔ་བརྒྱ་དང་གྱ་བདུན། ཞིང་ཆེན་རིམ་པའི་ཨང་གཉིས་པ་སོགས་འཛུགས་སྐྲུན་བྱས། འདི་ལྟར་གཞི་གྲངས་རེ་རེ་ལས་རྔ་བའི་མི་དམངས་ཀྱིས་སྔོ་ལྗང་གི་རི་ཆུ་ལ་སྲུང་སྐྱོང་གང་ལེགས་བྱས་པའི་རྣམ་འགྱུར་དང་ལག་ལེན་མངོན་པར་མཚོན་ཡོད།
ཁྱད་དུ་འཕགས་པའི་ཐབས་དང་ཤེས་རབ་ལ་བརྟེན་ཏེ་འཆར་འགོད་གང་ལེགས་བྱས་ཤིང་། ལོ་ངོ་བཅུའི་རིང་ལ་དཀའ་སྤྱད་འབད་བརྩོན་དང་དཀའ་བ་ཁྱད་དུ་བསད་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱས་དང་བྱེད་བཞིན་ཡོད་དོ། །