མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོས་ནས་དང་སྔོ་ཚོད་སོགས་ཞིང་ལས་ཐོན་ལས་དར་སྤེལ་བཏང་བའི་རྨང་གཞིའི་སྟེང་། མཐོ་སྒང་གི་སྨན་རྩྭ་འདེབས་འཛུགས་ལ་འབད་དེ། ཐོན་ལས་གསར་བས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་བསྐྱེད་པ་རེད།
རི་ཁུལ་གྱི་རྩྭ་ལྡུམ་ཐམས་ཅད་སྨན་གྱིས་ཁྱབ། ད་ལྟ་ལྕུམ་རྩ་བསྡུ་བའི་དུས་ཚིགས་བཟང་ཤོས་ཡིན་པས། ཆོས་རྗེ་ཡུལ་ཚོའི་བྱང་རྩེ་སྟོད་པ་སྡེ་བའི་གནའ་ཐང་ཁྱད་ལྡན་ལྕུམ་རྩ་འདེབས་འཛུགས་རྟེན་གཞི་རུ། སྡེ་དམངས་རྣམས་ཀྱིས་ལག་ཏུ་འཇོར་བཟུང་སྟེ། རྐོ་སྡུད་འཕྲུལ་ཆས་ཀྱི་མཐའ་ནས་སེམས་ཆུང་ངང་ལྕུམ་རྩ་སྡུད་བཞིན་ཡོད་པས་ལོ་ལེགས་དང་བྲེལ་བའི་རྣམ་པས་ཁེངས།
དཔྱིད་ཀྱི་རྩོལ་བའི་ས་བོན་ལ་སྟོན་གྱི་གཡུར་ཟའི་འབྲས་བུ་སྨིན་ཞིང་། གསར་འགོད་པ་ཆོས་རྗེ་ཡུལ་ཚོའི་བྱང་རྩེ་སྟོད་པ་སྡེ་བར་བསྐྱོད་པ་ན། ལྕུམ་རྩའི་ས་ཞིང་དུ་རྐོ་སྡུད་འཕྲུལ་ཆས་ལས་ལ་བྲེལ་བཞིན་པའི་སྒང་རེད། སྡེ་དམངས་རྣམས་ཀྱིས་རྐོ་སྡུད་འཕྲུལ་ཆས་ཀྱི་རྗེས་ནས་ལྕུམ་རྩ་རེ་རེ་ཚུར་བླངས་ཏེ་ཁུག་མར་སྡུད་བཞིན། འདྲུད་འཐེན་འཁོར་ལོར་བཞག་སྟེ་སྡེ་བར་སྐྱེལ་བཞིན་ཡོད། ལྕུམ་རྩས་ཁེངས་པའི་འདྲུད་འཐེན་འཁོར་ལོ་རེ་རེ་སྟར་ལ་བསྒྲིགས་ཤིང་། སྡེ་དམངས་རྣམས་ཀྱིས་ལྕུམ་རྩའི་ལྗིད་ཚད་འཇལ་ཞིང་ཐོ་འགོད་བྱས་རྗེས། སྐྱེལ་འདྲེན་རླངས་འཁོར་དུ་བླུགས་ཏེ་འཚོང་བཞིན་ཡོད། སྡེ་དམངས་རིག་ཁོ་ཚང་གིས་ལྕུམ་རྩ་མུའུ5འདེབས་འཛུགས་བྱས་ཤིང་། ཡོང་འབབ་སྒོར་ཁྲི4ཡས་མས་ཡོད། རྗེས་མར་ཁོ་ཚོས་མུ་མཐུད་དུ་འདེབས་འཛུགས་གཞི་ཁྱོན་ཇེ་ཆེར་གཏོང་རྩིས་ཡོད།
སྡེ་དམངས་རིག་ཁོས་དགའ་སྤྲོའི་ངང་བཤད་རྒྱུར། ང་རང་ཉིད་ལ་ལྕུམ་རྩ་མུའུ4ནས5བར་ཡོད། སྔ་རྗེས་སུ་བཙོངས་རྗེས་བསྡོམས་པའི་ཡོང་འབབ་ཕལ་ཆེར་སྒོར་ཁྲི3ནས4བར་ལོན། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོའི་འོག ང་ཚོ་མང་ཚོགས་ཀྱི་ཡོང་འབབ་ལོ་རེ་བཞིན་ཇེ་བཟང་དུ་སོང་བ་ཡིན་པས། ང་ཚོ་མི་སེར་གྱིས་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
གནའ་ཐང་ཁྱད་ལྡན་ལྕུམ་རྩའི་མིང་གཞན་ལ་བྱ་སྡེར་ལྕུམ་རྩའང་ཟེར། དེར་གྲང་འགོག་ནུས་པ་ལྡན། ས་བབ་མཐོ་ཚད་སྨི2000ནས3900བར་གྱི་རི་ཁུལ་གྱི་ནགས་མཐའ་དང་སྡོང་ཕྲན་གྱི་གསེབ། སྤང་ལྡེབས་བཅས་སུ་སྐྱེ། དགུན་ཁར་ཀླད་གོར་མན་གྱི་གྲང་ངར་འགོག་ཐུབ། ས་རྒྱུའི་ཆ་རྐྱེན་ཅུང་བཟང་དགོས་ལ། ས་རྒྱུ་མཐུག་ཅིང་རུལ་རྒྱུ་ཕུན་སུམ་ཚོགས་པ། ཆུ་བཟང་བའི་ས་རྒྱུ་དང་ཡང་ན་བྱེ་ཤས་ཆེ་བའི་ས་རྒྱུ་མཁོ་བས། འབྱར་ལྡན་སྐྱུར་གཤིས་ས་རྒྱུ་དང་གཤོང་ས་ཆུ་འཁྱིལ་ས་ཁུལ་ནི་མི་འཕྲོད། གཙོ་བོ་སྨན་དུ་སྤྱོད་བཞིན་ཡོད་ལ། དྲི་ཞིམ་ཞིང་རོ་ཁ་ལ་སྐྱུར་བ། བཤང་འགགས་དང་ཟས་མི་ཞུ་བ། ཕོ་བ་སྦོས་པ། མྱུར་བའི་རང་བཞིན་གྱི་རྒྱུ་ལྷག་ཚ་ནད་དང་འགོ་བའི་རང་བཞིན་གྱི་མཆིན་ཚད། མངལ་ཁྲག་ཆད་པ། སོ་ན་བ། མྱུར་བའི་རང་བཞིན་གྱི་མིག་འབྲས་ཀྱི་སྐྱི་མོའི་གཉན་ཚད་སོགས་ལ་ཕན།
སྡེ་དམངས་ཀྱི་ཡོང་འཕར་ལམ་བུ་རྒྱ་བསྐྱེད་ཆེད། མཛོད་དགེས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ། སྲིད་གཞུང་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་རྣམ་པའི་དར་སྤེལ་ཐབས་ལམ་སྤྱད་དེ། ཀྲུང་ལུགས་སྨན་རྩྭའི་ཐོན་ལས་དར་སྤེལ་བཏང་། སྲིད་གཞུང་གིས་རིན་མི་དགོས་པར་ས་བོན་སྟེར་ཞིང་ལག་རྩལ་གྱི་མཛུབ་སྟོན་གནང་བ་བརྒྱུད། མི་སེར་རང་ཉིད་ཀྱིས་འདེབས་འཛུགས་བྱེད་པ། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། གྲོང་ཨུ་ཁང་བཅས་ཀྱིས་ཕྱིར་འཚོང་ལམ་བུ་འཚོལ་བའི་སྒོ་ནས། ས་གནས་དེའི་སྡེ་དམངས་ཕྱུག་འགྱུར་ལམ་དུ་སྐྱོད་པར་སྐུལ་ཁྲིད་གནང་།
སྡེ་དམངས་དཀོན་མཆོག་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་རྒྱུར། ང་ཚོའི་གནའ་ཐང་ཁྱད་ལྡན་ལྕུམ་རྩའི་སོན་མྱུག་ནི་རྫོང་ཨུ་དང་སྲིད་གཞུང་གིས་རིན་མེད་དུ་སྟེར་བ་ཡིན། མི་སེར་གྱིས་སྒོར་སྐར་གང་ཡང་གཏོང་མི་དགོས་པར་རང་ཁྱིམ་ནས་འདེབས་འཛུགས་བྱས་པ་ཡིན། འདེབས་འཛུགས་བྱེད་སྐབས་ད་དུང་ང་ཚོར་སྒོར་མོའི་རོགས་སྐྱོར་དང་ལག་རྩལ་གྱི་མཛུབ་སྟོན་གནང་། ད་ལྟ་ང་ཚོའི་ལྕུམ་རྩར་ལོ་ལེགས་བྱུང་། ཐེངས་འདིའི་ལོ་ལེགས་ཀྱིས་ང་ཚོ་ཁྱིམ་ཚང་རེ་ལ་སྒོར་ཁྲི༢ནས༣བར་གྱི་ཡོང་འབབ་བསྐྲུན། འདེབས་འཛུགས་བྱེད་སྐབས་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་གནང་། ས་ཞིང་མུའུ་རེ་ལ་ལོ་རེ་བཞིན་འདེབས་འཛུགས་ཁ་གསབ་སྒོར་བརྒྱ་ཕྲག་ཡོད། ཆོས་རྗེ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། གྲོང་ཨུ་ཁང་བཅས་ཀྱིས་སྣེ་ཁྲིད་དེ་ཁྲོམ་ར་བཙལ། ཐབས་ལམ་འདི་འདྲའི་སྒོ་ནས་ང་ཚོའི་རང་གི་ཁྱིམ་སྒོ་ནས་ཕྱིར་འཚོང་བྱས་པ་ཡིན།
བྱང་རྩེ་སྟོད་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་ལུགས་སྨན་རྩྭ་ཐོན་ལས་ནི་ཆོས་རྗེ་ཡུལ་ཚོའི་བྱང་རྩེ་སྟོད་པ་སྡེ་བའི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཡིན། ད་ལྟ་སྡེ་བ་ཡོངས་སུ་བསྡོམས་པའི་ལྕུམ་རྩ་མུའུ760བཙུགས། མུའུ་རེའི་ཐོན་ཚད་སྤྱི་རྒྱ2480དང་སྤྱི་རྒྱ་རེར་སྒོར3.1ལྟར་བརྩིས་ན། མུའུ་རེར་ཡོང་འབབ་གཙང་མ་སྒོར8000ཡོད་སྲིད་ཟེར།
ཉེ་བའི་ལོ་ཤས་རིང་། རང་བྱུང་གི་ས་བབ་བཟང་བོར་བརྟེན་ཞིང་། སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག ཆོས་རྗེ་ཡུལ་ཚོའི་བྱང་རྩེ་སྟོད་པ་སྡེ་བའི་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་གིས་རྒྱུན་མི་ཆད་པར་འདེབས་འཛུགས་ལག་རྩལ་ཇེ་ལེགས་སུ་བཏང་ཏེ། རི་སྐྱེས་ལྕུམ་མྱུག་འདེབས་འཛུགས་གནང་། 2022ལོར་སྡེ་བ་ཡོངས་ཀྱི་ལྕུམ་རྩའི་འདེབས་འཛུགས་རྒྱ་ཁྱོན་མུའུ760ཟིན། ཐོན་ལས་དར་སྤེལ་བཏང་བས་ཞིང་བའི་ཡོང་འབབ་ཇེ་བཟང་དུ་སོང་བར་མ་ཟད། ཐོན་ལས་དར་སྤེལ་གྱི་ཡིད་ཆེས་ཇེ་ཆེར་སོང་། རྗེས་སུ་ཆོས་རྗེ་ཡུལ་ཚོས་མུ་མཐུད་དུ་ཐོན་ལས་དར་སྤེལ་ནི། ཡུལ་ཚོ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་འཛིན་ཐག་གལ་ཆེན་དུ་བརྩིས་ཏེ། ཡུལ་བབ་ལྟར་འཛུགས་ཤིང་རིག་ལམ་རྒྱ་བསྐྱེད་དེ། ཐོན་ལས་དར་སྤེལ་ལ་གཅིག་གྱུར་འཆར་འགོད་སྒོས། ཡུལ་ཚོ་ཡོངས་ཀྱི་སྡེ་དམངས་རྣམས་ཐོན་ལས་དར་སྤེལ་ལ་བརྟེན་ཏེ། ཕྱུག་འགྱུར་ལམ་བུར་སྐྱོད་དུ་འཇུག་རྒྱུ་རེད། །